ཀྲུང་གོ་བོད་ཀྱི་དྲ་བ།

འདྲ་མཉམ་ཙམ་པོ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྟོགས་སད་ལྷ་མོ།

བརྟན་ལྷིང་གི་ཁོར་ཡུག་དང་ཁུ་སིམ་གྱི་གནས་ས་ཞིག་དབེན་པས་ངས་གང་ཐུབ་ཅི་ཐུབ་ཀྱིས་ཁུག་ཀྱོག་ཅིག་བཙལ་ནས་སེམས་ངལ་རེ་གསོ་ཞོར་རོལ་དབྱངས་ཅི་ཞིག་གི་འགྱུར་ཁུག་ལ་ཉན་པར་འདོད།

ལྷ་སའི་མཐའ་འཁོར་རམ་ཡང་ན་མཐའ་འཁོར་ནས་དཀྱིལ་དུ་ཚུད་པའི་བོད་པའི་ཇ་ཁང་དང་ཆང་ཁང་དག་གིས་ང་ལ་སྐྱིད་ལ་སྡུག་པའི་ཚོར་བ་རེ་སྟེར་ལ་དགའ་ལ་སྐྱོ་བའི་སེམས་གསོའང་བྱེད་ཀྱིན་འདུག

ངས་ཉིན་གཅིག་གི་དུས་ཚོད་ལྷག་མ་དག་ངེས་པར་བོད་པའི་ཇ་ཁང་ཞིག་ནང་བསྐྱལ་ངེས་ལ་དེ་ལས་སེམས་ཚོར་རེ་ཡང་འཚོལ་བསྡུ་བྱེད་ཀྱིན་ཡོད།

རྒན་དར་གཞོན་གསུམ་དང་དབུལ་ཕྱུག་སྤྲང་གསུམ་རེས་མོས་ཀྱིས་འཁོར་བའི་ཇ་ཁང་འདི་དགའ་སྒྲ་དང་དགོད་སྒྲ་ཁོ་ནས་འཁྲུག་ཆ་དོད་པར་བྱས་ཀྱང་མི་རེ་རེའི་སེམས་ཁོངས་ཀྱི་སྡུག་ཡུས་དང་མྱ་ངན་དག་སུ་ཞིག་གིས་ཀྱང་ཤོག་ངོར་ཕབ་པར་དཀའ།

གལ་ཏེ་དེའི་ཁྲོད་ན་མགྲིན་ཚབ་པ་རེ་ངེས་པར་ཐོན་དགོས་ན་ངས་ལུས་ངག་ཡིད་གསུམ་གྱི་སྒོ་ཁུང་ཕུབ་ནས་ཁོང་ཚོའི་སྐྱིད་སྡུག་དག་རེ་རེ་བཞིན་གླེང་བར་འདོད།

འདྲ་ཆགས་པའི་རྣམ་འགྱུར་དང་མཐོ་ཉམས་ཀྱི་ཕྱི་གོས་དེ་ལས་ལྷ་སའི་ཨ་ཅག་ལགས་ཁོང་དང་ཆེས་དཀྱུས་མར་གྱུར་བའི་འཚི་དྲེག་ཅན་གྱི་ཇ་ཁང་འདི་གཏན་དུ་མི་འཚམ་པར་སྣང་ཡང་མོས་འཛེམ་དོགས་ཅི་ཡང་མེད་པར་བོད་ཐུག་ཕོར་བ་གང་བཟས་རྗེས་བོད་ཐུག་འདི་ངོ་མ་ཞིམ་པོ་འདུག་ཟེར་བ་ལས་གོ་བརྡ་ཅི་ཞིག་སྤྲོད་བརྩིས་ཡོད་པར་བསམ་དུས་ངས་གཞི་ནས་ལྷ་ས་བ་ནི་བོད་ཐུག་གཅིག་པུའི་མདུན་དུ་བོད་མི་ཚོ་འདྲ་མཉམ་ཡིན་པ་ཚོར་བྱུང་།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།