ཀྲུང་གོ་བོད་ཀྱི་དྲ་བ།

རླབས་ཆེན་གྱི་བརྩེ་བ་ཞིག་གིས་ཡིད་སེམས་བསྒུལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར།   སྤེལ་དུས། : 2016-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཡང་མཚོ།  ཧུའུ་པེ་ཞིང་ཆེན་ཧང་ཀང་ལིན་ཧུའུ་མཐོ་རིམ་སློབ་འབྲིང་།

དུས་ཚོད་ཀྱི་འགྲུལ་བཞུད་ཀློང་ནས་དགའ་སྐྱོ་ཆགས་སྡང་ལ་བསྲེས་པའི་མི་ཚེའི་གོ་རིམ་གྲུབ་ལ།མི་སེམས་ཀྱི་མེ་ལོང་ངོས་སུ་བསུབ་མེད་བག་ཆགས་ཟབ་མོའི་ཡིད་འགྱུར་གྱི་རི་མོ་གསལ་ལེར་བཀོད་ཅིང་།མི་སེམས་སྒུལ་བའི་འགྱོད་གདུང་གི་རྦ་རླབས་དྲག་པོ་མཁའ་རུ་རྩེན།

དེ་ཡང་སྤྱིར་བཏང་གི་འཚོ་བའི་དགོས་མཁོ་དང་དུས་རབས་ཀྱི་སློབ་གསོའི་ལམ་ལུགས་ལྟར།ཁོ་མོ་ཡང་མིག་རྡེབ་དབང་ཙམ་གྱིས་སློབ་ཆུང་དང་སློབ་འབྲིང་རིམ་བཞིན་མཐར་ཕྱིན་ཅིང་།ལོ་དེའི་དབྱར་ཁར་ཞིང་ཆེན་སློབ་གསོ་ཐིན་གྱི་བཀོད་སྒྲིག་ལྟར་ཞིང་ཆེན་གཞན་གྱི་མཐོ་འབྲིང་ཞིག་ཏུ་འགྲིམ་པའི་སྐལ་བ་བྱུང་།ང་ཚོ་མཐོ་སྒང་གི་བུ་ཕྲུག་དག་ལ་མཚོན་ན་ནང་ལོགས་ཀྱི་མཐོ་འབྲིང་དུ་ཞུགས་པའི་གོ་སྐབས་རེག་པ་ནི་ལས་སྐལ་ཡག་པོ་ཞིག་ཏུ་བརྩི་མོད།ཕ་མ་གཉིས་ལ་མཚོན་ན་བུ་ཕྲུག་ཐག་རིང་རྒྱུས་མེད་ཡུལ་དུ་བསྐྱལ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད།ཡིན་ནའང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་རིག་གནས་འགྲན་རྩོད་ཀྱི་དུས་རབས་ནང་དུ།བྱམས་ལྡན་གྱི་ཕ་མ་སུ་ཞིག་གིས་གཅེས་པའི་བུ་ཕྲུག་གི་རྒྱང་སྐྱོད་ཀྱི་ལམ་བུ་འགོག་པར་བཟོད་དམ།

ཐེངས་དེར་ཆེད་སྤྱོད་རླངས་འཁོར་དང་མཁོ་ཆས་ཆ་ཚང་གྲ་སྒྲིག་གང་ལེགས་བགྱིས་རྗེས།ཕ་མ་གཉིས་ཀྱིས་ང་ལ་སྐྱེལ་མ་མཛད་དེ་ཐོག་དང་པོར་ཟི་ལིང་གྲོང་ཁྱེར་དུ་སོང་ལ།ས་སྲོད་ཀྱི་དུས་སུ་དམིགས་སར་འབྱོར་བྱུང་།གནའ་མཁར་ཟི་ལིང་ཟེར་བ་དེ་ནི་འབྲོག་མོ་དཀྱུས་མ་རྣམས་ལ་ལྟ་ཅི།ཐ་ན་རྩྭ་ཐང་གི་སྟག་ཤར་སྣང་མཐོ་དེ་དག་ཀྱང་གྲོང་ཁྱེར་གྱི་ཁང་བརྩེགས་དང་།ཁང་བརྩེགས་ཀྱི་གློག་འོད།གཞུང་ལམ་གྱི་དྲ་བ་དང་།དྲ་བར་འབྲེལ་བའི་གཞུང་ལམ་སྟེང་གི་རླངས་འཁོར་ཁྲི་སྟོང་གིས་འཁུམ་པར་བྱེད་སྲིད།

རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་རོགས་རམ་འོག་མེ་འཁོར་པ་སེ་སྔ་མོ་ནས་ཉོས་ཚར་ཡོད་ལ།ཕྱི་ཉིན་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཟི་ལིང་མེ་འཁོར་ས་ཚིགས་ནུབ་མ་ནས་ལམ་ལ་ཆས་རྒྱུ་བྱས།དབྱར་ཟླ་ཐ་མ་ཚར་ལ་ཉེ་བས་གནས་འདིའི་ནམ་ཟླ་བསིལ་ཞིང་།སྔ་མོའི་ཉི་འོད་ཀྱི་འོག་ཏུ།རྩྭ་ལྗང་ལོ་མའི་གསེབ་ཏུ་ཟིལ་ཐིགས་ཕྲ་མོ་རེ་ཡང་མཆིས།མཚོ་སྔོན་པོ་དང་གཉན་པོ་གཡུ་རྩེར་ཡུལ་སྐོར་དུ་འགྲོ་བའི་དུས་ཚིགས་སུ་ཁེལ་ཡོད་ཁར།དུས་སྐབས་དེར་ནང་ལོགས་ཀྱི་གྲོང་ཁྱེར་རྣམས་ཏག་ཏག་ཚ་བ་ཆེས་ཆེ་བའི་སྐབས་ལ་ཁེལ་བས།ལྗོངས་རྒྱུ་བ་མང་པོ་ནི་རྒྱ་མཚོའི་ནོར་བུ་ལ་ཚོང་མགྲོན་དང་།བཅུད་ལྡན་མེ་ཏོག་ལ་སྦྲང་མ་ཇི་བཞིན་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཀུན་ཏུ་འདུ་བཞིན་གདའ།

མགྲོན་ཁང་གཏན་འཁེལ་བྱས་རྗེས་ཕ་མ་གཉིས་དང་བཅས་ངེད་གསུམ་ཟི་ལིང་གྲོང་ཁྱེར་གྱི་མཚན་མོའི་ཁྲོམ་ར་ལ་འཆམ་འཆམ་དུ་ཕྱིན་པ་ཡིན།ཨ་ཕ་དང་ངེད་གཉིས་སྔོན་ཆད་ཀྱང་ཐེངས་འགའ་ལ་གནས་འདིར་ཡོང་མྱོང་།གོ་ཐོས་ལྟར་ན་འདི་འདྲའི་གྲོང་ཁྱེར་ཆེན་པོ་དག་ཏུ་རྐུན་མ་དང་ཁྲམ་པ།ཇག་པ་དང་མགོ་གཡོག་མགོ་སྐོར་གྱི་ལས་ལ་འབད་པའི་མི་འདྲ་མིན་ཧ་ཅང་མང་བར་བཤད་པས་ཡིད་རྟོན་གྱི་ཉམས་ཉེས་བྱུང་བའི་སྤྱི་ཚོགས་འདིས་གློ་རྡེག་ཏུ་འཇིགས་སྣང་གི་ཚོར་བ་ཞིག་ཀྱང་སྦྱིན་འོང་།ང་ཚོ་རྒྱ་ལམ་གྱི་བཞི་མདོ་ཞིག་བརྒལ་སྐབས་ཁ་གཏད་ཀྱི་གློག་དམར་ཤར་བྱུང་།ང་རང་བྲེལ་འཚུབ་དང་བཅས་ཨ་ཕའི་རྗེས་འབྲངས་ནས་ཕ་རོལ་གྱི་ལམ་འགྲམ་དུ་བུད་རྗེས།ད་གཟོད་ཨ་མ་གཅིག་པུ་ད་དུང་ལམ་དཀྱིལ་དུ་ལུས་ཡོད་པ་རྟོགས།ཡུད་ཙམ་ལ་བཀག་ནས་བཏང་བའི་རླངས་འཁོར་ཆེ་ཆུང་མང་པོ་རགས་ནས་ཤོར་བའི་ཤྭ་འོད་ཇི་བཞིན་དུང་བརྡ་དང་།ལྡིར་སྒྲའི་ཁྲོད་དུས་གཅིག་ཏུ་རྒྱུག་ཅིང་།མཁའ་དབྱིངས་ཀྱི་སྐར་ཚོགས་མཐོང་མེད་དུ་བསྒྲིབས་པའི་གྲོང་ཁྱེར་གྱི་མཚན་མོའི་གློག་འོད་ཀུན་ནས་འཕྲོས་བྱུང་བས།གཞུང་ལམ་གྱི་འདྲེས་མཚམས་སུ་ལུས་པའི་ཨ་མ་ནི་སྐབས་འགར་མངོན་ཞིང་།སྐབས་འགར་ཡལ་འགྲོ།ཨ་ཕ་དང་ངེད་གཉིས་ཀྱིས་ལམ་འགྲམ་ནས་ཨ་མའི་ཕྱོགས་སུ་ཅེར་ནས་འདུག་པ་ལས་ཐབས་གཞན་ཅི་ཡང་མ་ཪྙེད།ལམ་འགྲམ་གྱི་མི་རྣམས་ཀྱིས་དོན་གང་ཞིག་ལ་ཡ་མཚན་པའམ།ཡང་ན་ཅི་ཞིག་མིག་ལ་མ་རན་པའི་ཚུལ་གྱིས་མིག་གི་མདའ་མོ་དེ་ཨ་མའི་ཕྱོགས་སུ་གཏོད་ཀྱིན་འདུག་ལ།ལམ་ལ་བྱང་བའི་རླངས་འཁོར་ཁ་ལོ་བ་དང་།མིག་ཤེལ་ཐོགས་པའི་བོད་མི་ཁ་ཤས།འཕྱོར་ལྭ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་རྒྱ་མོ་དག་གི་མིག་མདངས་ལས་མཐོང་ཆུང་དང་འཕྱ་སྨོད།ཁོང་དགོད་བཅས་ཀྱི་དྲག་ཆར་ཆབས་ཅིག་ཏུ་གཞུང་ལམ་དཀྱིལ་གྱི་ཉམ་ཆུང་འབྲོག་མོ་ཞིག་གི་སྟེང་ཕྱོགས་བཞིན་པའི་དུས་དེར།ལོ་ཟླའི་གྲང་ངར་དང་རླུང་བུས་གཙེས་པའི་སྐྲ་ལོ་ཉག་མ་འགའ་ལངས་མ་འགྱེལ་གྱིས་དཔྲལ་བའི་གཡས་གཡོན་དུ་འགུལ་ཞིང་།ལོ་ཟླའི་མནར་གཅོད་ཀྱི་རི་མོའི་རྗེས་ཤུལ་གསལ་བའི་གདོང་གི་གཉེར་མའི་ངོས་ན་མངོན་པར་གསལ་བའི་དྭངས་གཙང་གི་སྤྱན་མིག་ཟུང་ལས་བྱིས་པ་པྲ་ཆལ་ཞིག་གིས་ཨ་མའི་གདོང་ལ་གཏད་དེ།རང་ཉིད་ཀྱིས་བཟོས་པའི་ནོར་འཁྲུལ་གང་ཞིག་ལ་ངོ་གནོང་བ་ལྟ་བུའི་ངུ་མ་འཛུམ་གྱི་མདངས་ཤིག་གསལ་ལེར་མངོན་གྱིན་ངེད་གཉིས་ཀྱི་ཕྱོགས་ལ་ཅེར་འདུག རྩྭ་ཐང་དང་ཡེ་ནས་ཁ་བྲལ་མ་མྱོང་བའི་འབྲོག་མོ་ཞིག་རང་ཉིད་ཀྱི་བུ་ཕྲུག་གི་ཕྱིར་དུ་གྲོང་ཁྱེར་གྱི་འདུ་འཛི་ལ་མི་འཛེམ་པར་ཡོང་ནའང་།ངས་ཁོ་མོར་གྲོང་ཁྱེར་གྱི་ལྟད་མོ་སྣ་མང་ངོ་སྤྲོད་དང་ཉམས་སུ་མྱོང་བར་བྱེད་རྒྱུ་ལྟ་ཅི།དེ་ལས་ལྡོག་སྟེ་དངངས་འཚབ་ཀྱི་འཇིགས་སྣང་སྐྱེ་སྲིད་པའི་ཚོར་འདུ་སྐྱུར་མོ་ཞིག་མྱོང་དུ་བཅུག་པས།ངའི་སེམས་སུ་གྲིས་གཙགས་པ་ལྟ་བུའི་ན་ཟུག་དྲག་པོས་གཙེས་ཤིང་།རང་ཉིད་ལ་ལེ་ལན་གྱི་ཉེས་སྐྱོན་འཛུགས་དགོས་བྱུང་།དོན་དེས་ཁོ་མོའི་སེམས་སུ་ནམ་ཡང་བསུབ་ཐབས་མེད་པའི་ནོངས་འགྱོད་ཀྱི་རྨ་ཤུལ་གཏིང་ཟབ་ཅིག་བཞག་འདུག ང་རང་ཉིད་ལ་མཚོན་ན་ལུས་ཟོར་ཡང་ཞིང་།རྣམ་རིག་ཆེས་གསལ་བའི་དུས་ཡིན་པས།མ་གཞི་གྲོང་ཁྱེར་འདི་འདྲར་སླེབས་ཚེ་ཕ་མ་གཉིས་ལ་སྣེ་ཤན་དང་བདག་སྐྱོང་གི་ནུས་པ་ཐོན་རྒྱུ་ནི་བསྙོན་མེད་ཀྱི་འོས་འགན་ཞིག་ཡིན་འོས་མོད།འོན་ཀྱང་།རང་ཉིད་ལ་ནུས་པ་དེ་ཙམ་ཡང་མེད་པས་སྐྱོ་གདུང་དང་ཡིད་ཆད་ཀྱི་མགོ་བོ་བྲང་ལ་སྨད་དགོས་བྱུང་།

ལོ་ཟླ་ཡིས་ངའི་གོ་སྐབས་མང་པོ་ཞིག་བསླུ་བྲིད་ཀྱིས་འཕྲོག་པའམ།ཡང་ན་ཕ་མའི་གདོང་གི་རི་མོ་དག་ཇེ་གསལ་དུ་གཏོང་བའི་ཕྱིར་ཡིན་ཡང་སྲིད་དེ།གང་ལྟར་དམིགས་ཡུལ་དང་འཚོལ་སྙེག་གང་དེ་ལེགས་འགྲུབ་འབྱུང་བའི་ཕྱིར་ང་རང་ལམ་ལ་ཆས་ཟིན།སློབ་སྐབས་གཅིག་གི་དུས་ཡུན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྫོགས།ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་སྐྱོད་ཅིང་།ནོར་འཛིན་སྒེག་མོས་དུང་མདོག་གི་ལྭ་བ་མནབས་ཏེ་མལ་དུ་འཇགས་པའི་དགུན་གནང་སྐབས་ཀྱི་ཉིན་ཞིག་ལ།ཨ་མ་དང་ངེད་གཉིས་ཀྱིས་ཐབ་ཚང་དུ་མེ་ལ་སྲོ་བཞིན་ཅི་འཕྲོས་མོལ་འཕྲོས་བྱས་པའི་ཚེ་ན།ཕྱི་རོལ་ཁ་བའི་ཁྲོད་ཀྱི་ལྷགས་རླུང་ཐོར་བུ་ཞིག་སྒོ་དང་སྒེའུ་ཁུང་གི་སྲུབས་ཀ་བརྒྱུད་ནས།ངའི་ཕྱིར་དྲན་གྱི་སྒོ་མོ་འབྱེད་པར་སླེབས།ངས་ཨ་མ་ལ།དང་པོར་ང་ལ་སྐྱེལ་མ་མཛད་དེ་ཟི་ལིང་གྲོང་ཁྱེར་དུ་འབྱོར་སྐབས་བྱུང་བའི་འདས་དོན་དེ་ཐེངས་གཅིག་བཤད།སྐབས་དེར་ངའི་ལུས་སེམས་ཡོངས་རྫོགས་གྲང་ངར་དང་འགྱོད་གདུང་དྲག་པོས་དམ་པོར་བཅིངས་སོང་།ཡིན་ནའང་།ཨ་མས་དོན་དེ་ལ་འཁང་ར་དང་ལེ་བདའ་མེད་པར་མ་ཟད།སྔ་མོ་ནས་བརྗེད་ཟིན་ཟེར་ལ།ཡང་གཅིག་བཤད་ན་དེ་ནི་ཁོ་མོ་རང་ཉིད་ལན་པར་བསམ་གྱིན་འདུག  ཨ་མས་བཤད་རྒྱུར།ཁོ་མོའི་སེམས་སུ་ནམ་ཡང་གསལ་ལྷང་ངེར་ཡོད་པ་ནི་ཕྱི་ཉིན་ཁྱེད་ཚོའི་སློབ་ཕྲུག་དག་གིས་རང་རང་གི་ལག་འདྲུད་སྒམ་ཆུང་དང་དཔེ་ཁུག་ལྕི་མོ་དག་རྒྱབ་ལ་དཔྱངས་ཏེ་རིམ་པ་བཞིན་གྲལ་བསྒྲིགས་ནས་མེ་འཁོར་གྱི་ཕྱོགས་སུ་སྐྱོད་བཞིན་པའི་སྣང་བཪྙན་དེ་རེད་ལ།སྐབས་དེར་ཁོ་མོའི་སེམས་སུ་སྙིང་ཉེ་བའི་བྱིས་པ་འདི་དག་ཕ་མ་དང་ཁ་འབྲལ་དོན་ཡང་སྙིང་ཅི་ཞིག་གི་ཕྱིར་དུ་ཡིན་ནམ་སྙམ་བཞིན།དེ་མུར་ཁྱོད་ཚོའི་གོམ་པ་གང་རེར་ནན་གྱིས་བལྟས་པས་མགྲིན་པ་མཆི་མས་བརྣངས།སྐབས་དེར་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཁྱོད་ཚོ་མེ་འཁོར་དུ་བསྐྱལ་བྱུང་།རེད་ཡ།ཁྱོད་ཚོ་ནི་མི་རིགས་ཤིག་གི་རྗེས་སྐྱོང་བ་དང་།མ་འོངས་པའི་རེ་བའི་ཉི་ཟེར་བསུ་མཁན་ཡིན་པས།ང་འབྲོག་མོ་ཅི་ཡང་མི་ཤེས་པ་ཞིག་གིས་རྟེན་འབྲེལ་མགོ་མ་སྒྲིག་དུས་མིག་ཆུ་ཕུད་ན་ག་ལ་རུང་།འོན་ཀྱང་དུས་དེར་ཁྱོད་ཚོ་ཕ་མ་དག་ལ་བྲལ་བའི་སྣང་བཪྙན་དེས་ངའི་སེམས་ལ་མདུང་གིས་བསྣུན་པ་ལྟ་བུའི་ན་ཟུག་བསྐྱེད་བྱུང་ཟེར།རེད་ཡ།ང་ཚོས་ཕ་མ་ཚོས་བུ་ཕྲུག་ལ་བཅངས་པའི་སེམས་འདུན་དྭངས་མ་དེ་རྟོགས་ཀྱིན་མེད་པ་ནི་ཅི་འདྲའི་ལུགས་དང་མི་མཐུན་པ་ཞིག་རེད་ཨང་།སྙན་ངག་པ་ཞིག་ལ་མཚོན་ན་རང་བྱུང་ཁམས་ཀྱི་མཛེས་ཆོས་གང་ཞིག་མཚོན་པར་ཚིག་དང་རྒྱན་གྱི་མ་ལག་ཅི་ཡང་འཛོམས་ནའང་།ཨ་མ་ལགས་ཀྱི་རླབས་ཆེན་གྱི་བརྩེ་བ་དང་བརྩེ་བའི་རྒྱུན་ལས་བརྡོལ་བའི་སྙིང་གཏམ་མང་པོ་ཞིག་ང་ཚོ་ལྟ་ཅི།སྙན་ངག་པའི་སྨྱུག་རྩལ་གྱིས་བཞེངས་སྐྲུན་བྱེད་མི་ནུས་ལ།རྩིས་རིག་མཁན་པོའི་རིགས་ལམ་ལས་ཀྱང་ཪྙེད་མི་བཏུབ།

ཁ་བའི་འདབ་མ་དང་བསྡོངས་པའི་ལྷག་བསམ་དྭངས་མོ་ཞིག་གིས་ངའི་དོན་ལྔ་སྣོད་དྲུག་དྲོད་ཀྱི་མེ་ཀོང་ལ་བསྒྱུར་ཞིང་།མ་ནོན་པའི་ཚོར་འདུ་དྲག་པོ་སེམས་པའི་མཁའ་དབྱིངས་སུ་གཡོ་ལ།དྭངས་གཙང་གི་མཆི་མའི་རླབས་རྒྱུན་མཁུར་གོང་ནས་རྦབ་རྡོ་བཞིན་འགྲིལ་དགོས་བྱུང་།ཕྱི་རོལ་གྱི་ཁ་བ་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་ཅིང་།གྲང་རླུང་ངར་མོས་ཁ་བའི་འདབ་མ་རབ་ཏུ་བསྐྱོད་ཀྱང་།ཨ་མའི་དྲོད་ལམ་ལམ་གྱི་སྙིང་གཏམ་འཇམ་པོ་ཚ་ཐབ་ནང་གི་མི་ལྕེའི་རླབས་དང་བསྡོངས་ཚེ་ཁང་མིག་ཆུང་ཆུང་འདིའི་ནང་དགུན་ཟླ་བཅུ་པའི་རྣམ་པ་ཅི་ཡང་མ་མཆིས།རྣམ་ཀུན་རྩེད་འཇོ་ཁོ་ནར་ཞེན་པའི་ན་གཞོན་གྱི་སློབ་བུ་ང་ཚོའི་ཁྲོད་དུ་དངོས་གནས་ཅི་ཞིག་གི་ཕྱིར་དུ་ལམ་ལ་ཆས་པར་བསམ་གཞིག་གཏོང་མཁན་ཙམ་ཡང་མེད་ལ།ཕུགས་ཀྱི་འདུན་མ་གླེང་མཁན་ནི་དེ་བས་ཀྱང་ངོ་།།

ང་ཡིས་མཐོ་འབྲིང་གི་ཐེམ་སྐས་བསྙེགས་པའི་ཉིན་ནས་བཟུང་།ཨ་མས་ང་ལ་བཞག་པའི་འདས་དོན་ནམ་ཕྱིར་དྲན་ཀློང་གི་བག་ཆགས་ཟབ་མོ་དེས་ངའི་མི་ཚེའི་ཁ་ཕྱོགས་གསལ་བར་བྱས་ཤིང་།ཡང་སྙིང་རང་ཉིད་ཀྱིས་ཅི་ཞིག་འཚོལ་བཞིན་པ་དང་།གང་ཞིག་ལ་བརྩོན་ལེན་བྱེད་ཀྱིན་ཡོད་པ་གསལ་པོར་རྟོགས་བྱུང་།ང་ཚོ་སློབ་མ་དག་ལ་མཚོན་ན་རིག་གནས་སྦྱོང་བའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཁོ་ན་འཇིག་རྟེན་ལྟ་སྐོར་ལ་བསྐྱོད་རྒྱུ་དང་།རུས་རྐང་མེད་པའི་ཕྱི་རྫིག་ནང་སྟོང་ཞིག་བྱེད་རྒྱུ་ག་ལ་ཡིན་ཏེ།ཡིན་ཡང་མི་སྲིད།འོ་ན་ཅི་ཞིག་གི་ཕྱིར་དུ།དེ་ནི་ང་དང་ཁྱོད་ཀྱི་ཕ་མ་དང་ཁྱིམ་ཚང་གི་དཀའ་སྡུག་འཚོ་བའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ཆེད་དུ་ནས་མགོ་རྩོམ་དགོས་པ་མ་ཡིན་ནམ།

ཨ་མ་ལགས།ཁྱེད་ཀྱི་ལྷད་མེད་ཀྱི་སྙིང་གཏམ་དྲོན་མོས་བུ་མོ་ངའི་སློབ་གཉེར་གྱི་ལམ་བུར་ཕྱོགས་སྟོན་གྱི་མར་མེ་བསྒྲོན་ཅིང་།ཁྱེད་ཀྱི་རླབས་ཆེན་གྱི་བྱམས་བརྩེ་དཀར་པོས་བུ་མོ་ངའི་རེ་བའི་རྨི་ལམ་ལ་འོད་ཟེར་གྱི་གཤོག་ཟུང་ཞིག་སྤྲད་བྱུང་།བཀའ་དྲིན་ཆེ།བརྩེ་བའི་མི།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།