ཀྲུང་གོ་བོད་ཀྱི་དྲ་བ།

​གྲོགས་པོ་འཁོར་ལོ་ལ་སྤྲིངས་པའི་འཕྲིན།

ཡོང་ཁུངས། : བོད་ཀྱི་སློབ་གསོ།   རྩོམ་པ་པོ། : མཛེས་སེ།   སྤེལ་དུས། : 2016-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཛེས་སེ།

གྲོགས་པོ་འཁོར་ལོ་ལགས།  ཉེ་ལམ་སྐུ་ཁམས་གསལ་དྭངས་ཡིན་ཤག

དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ཟླ༡༠ཚེས༢༩ཉིན་ཏེ།གྲོགས་པོ་ཁྱེད་རང་ངོ་ཤེས་ནས་ཏག་ཏག་ལོ་ངོ་ཉི་ཤུ་འགོར་བ་རེད།འུ་གཉིས་ཀ་ངོ་ཤེས་པ་དང་གྲོགས་པོར་གྱུར་ནས་ད་ལྟའི་བར་དུ་ངས་ཁྱེད་ལ་འཕྲིན་ཡིག་གཅིག་ཀྱང་བྲིས་མ་མྱོང་ཞིང་འདི་ནི་ཐེངས་དང་བོ་ཡིན་པས་ཁྱེད་རང་ཡ་མཚན་སྐྱེ་སྲིད།གལ་ཏེ་ཁྱེད་ཀྱིས་སྤྲིངས་པའི་འཕྲིན་ཡིག་ཅིག་གློ་བུར་དུ་འབྱོར་ཚེ་ངའང་ཡ་མཚན་སྐྱེ་སྲིད་པ་ཁོ་ཐག་རེད།རྒྱུ་མཚན་ནི་ད་ལྟའི་དུས་སྐབས་འདི་ལ་དཀར་འཇམ་ཤོག་གུའི་ངོས་ལ་ཡི་གེ་ནག་ཆུང་བྲིས་ཏེ་ཕན་ཚུན་འཕྲིན་ཡིག་བསྐུར་མཁན་ཧ་ཅང་ཉུང་བས་སོ།།

ཁྱེད་ཀྱིས་ཤེས་གསལ་ལྟར།ང་ནི་དུས་རྒྱུན་སྨྲ་བ་ཉུང་བའི་མི་གཉོམ་ཆུང་ཞིག་ཡིན་པས།གཞན་ལ་དོན་དག་ཅིག་ཞུ་རྒྱུ་ཡོད་པའམ་རང་གི་གྲོགས་པོར་བསྟོད་པ་སྨད་པའི་གཏམ་ཞིག་འཆད་དགོས་ཚེ།ཕ་རོལ་བའི་གདོང་ལ་བལྟས་ནས་ངས་བརྗོད་མི་ཐུབ་པ་ནང་བཞིན།དེ་རིང་ཆེད་དུ་འཕྲིན་ཡིག་འདི་འདྲ་ཞིག་བྲིས་ནས་ཁྱེད་ལ་སྤྲིངས་པ་ཡིན།ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་བའི་གནའ་མི་བོད་ཀྱི་གཏམ་དཔེ་ལྟར།ད་ནི་ཁྱེད་ཀྱིས་ཉན་མི་འདོད་པའི་གཏམ་འགའ་བརྗོད་དགོས་བྱུང་བས་བཟོད་གསོལ་ཞུ།

ང་ལ་སློབ་གྲོགས་ཤིག་ཡོད་དེ།ཁོ་བཟའ་ཟླ་གཉིས་ཀྱིས་རྫོང་ཞིག་ཏུ་གཞུང་གི་ལས་ཀ་སྒྲུབ་ཀྱིན་ཡོད་ལ་བུ་དང་བུ་མོ་རེ་རེ་སྐྱེས་འདུག་པ་རེད།བུ་དང་བུ་མོ་རིམ་བཞིན་སློབ་གྲྭར་འགྲིམ་པའི་ལོ་ཚོད་རན་པ་ན།ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དེ་གཉིས་ཀ་སྔ་ཕྱིར་རྫོང་མཁར་གྱི་རྒྱ་ཡིག་སློབ་གྲྭར་མངགས་བྱུང་།ཐེངས་ཤིག་ངས་ཁོ་ལ་ཁྱེད་ཀྱིས་རང་གི་ཉེ་གམ་དུ་བོད་ཡིག་སློབ་གྲྭ་ཡོད་བཞིན་དུ་འདི་ལྟར་བྱེད་དོན་ཅི་ཡིན་ཞེས་དྲིས་པ་ན།ཁོས་ལན་དུ།ང་རང་ཉིད་དང་ངའི་ཆུང་མས་ཀྱང་བོད་ཡིག་སྦྱངས་ནས་སློབ་གྲྭ་ཆེན་མོ་ལས་སློབ་མཐར་ཕྱིན་པ་ཡིན་མོད།རྒྱ་ཡིག་རྒྱ་སྐད་དཔྱིས་ཕྱིན་པ་མི་ཤེས་པས་ཕྱོགས་གང་ཐད་དུ་དཀའ་ངལ་མང་བོ་མྱངས་སོང་།དེའི་ཕྱིར། ངས་རང་གི་བུ་དང་བུ་མོ་གཉིས་ཀར་ཆུང་དུས་ནས་རྒྱ་ཡིག་དང་རྒྱ་སྐད་བསླབ་ཏུ་བཅུག་པ་ཡིན་ཟེར།ངས་ཁོ་ལ་བཤད་རྒྱུར།ང་ཚོའི་ད་ལྟའི་གནས་བབ་དང་ཁོར་ཡུག་ལ་ལྟོས་དང་།བོད་ཀྱི་སློབ་མ་རྣམས་ཀྱིས་སྦྱང་རྒྱུ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ཡིན་མོད།མཐར་ཁོ་ཚོར་བྱང་ཆ་ལྡན་པ་དེ་རྒྱ་ཡིག་རྒྱ་སྐད་མ་ཡིན་ནམ་ཞེས་བཤད་པ་ན།ཁོས་དགོད་ཞོར་དུ་ན་རེ།ངེད་བཟའ་ཟླ་གཉིས་ཀས་མི་རིགས་རང་གི་སྐད་ཡིག་ཤེས་ལ་ང་ནི་སྲིད་གཞུང་གི་གཞུང་ཞབས་པ་དང་ངའི་ཆུང་མ་ནི་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཡིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། བུ་དང་བུ་མོར་བོད་ཡིག་བོད་སྐད་རང་ཁྱིམ་དུ་འཁྲིད་ཆོག་པ་རེད་ཅེས་ཟེར་བས།ངས་ཀྱང་ཁོ་ལ་མང་བོ་མ་བཤད།  ལོ་ངོ་བཅུ་ཕྲག་ལྷག་འགོར་བའི་ན་ནིང་དབྱར་ཀར།ང་རང་སློབ་གྲོགས་དེ་ཡོད་སའི་རྫོང་དེར་ཐེངས་གཅིག་སོང་བ་དང་།ཁོ་བཟའ་ཟླ་གཉིས་དང་མཉམ་དུ་འཛོམས་ནས་ཁ་བརྡ་མང་བོ་བྱས་པ་ཡིན།ངས་ཁོ་གཉིས་ཀྱི་བུ་དང་བུ་མོའི་གནས་ཚུལ་དྲིས་པ་ན།སློབ་གྲོགས་ཀྱིས་ཨ་རག་ཁམ་དོ་གསུམ་ཙམ་བསྟུད་མུར་འཐུངས་རྗེས་བཤད་རྒྱུར།བུ་དང་བུ་མོའི་གནས་ཚུལ་དེ་གཞན་ལ་བཤད་སྲོལ་མེད།དང་ཐོག་རྒྱ་ཡིག་སློབ་གྲྭར་མངགས་པ་དེ་གཞི་ནས་འཆུག་འདུག  ད་ལྟ་ངའི་བུ་དང་བུ་མོ་གཉིས་ཀས་བོད་ཡིག་ལྟ་ཞོག་ཐ་ན་བོད་སྐད་ཚིག་གཅིག་ཀྱང་ངག་ནས་མི་འཁྲོལ་བ་མ་ཟད།ཁོ་གཉིས་ཀྱི་བསམ་བློ་གཏོང་ཕྱོགས་དང་འགྲོ་ལུགས་འདུག་སྟངས་དང་སྐད་ཆ་བཤད་སྲོལ་སོགས་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ནི་རྒྱ་རིགས་སློབ་མ་མང་ཆེ་ཤོས་དང་ཡོངས་སུ་མཚུངས་སྟེ།ཕ་མའི་ཁར་མི་ཉན་པ་དང་།རྒན་ལ་གུས་པ་མེད་ཅིང་གཞོན་ལ་བྱམས་སེམས་བྲལ།ཤ་ཉེ་ལ་འདང་བརྩེ་ཆུང་།ཕ་ཡུལ་ལ་དུངས་པ་དབེན།རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གླེང་དུས་དེ་ནི་དུས་རབས་ཀྱི་རྗེས་སུ་ལུས་པའི་གད་སྙིགས་རེད་ཟེར།བོད་ཟས་མི་བཟའ་ཞིང་བོད་ལྭ་མི་གྱོན།བོད་གཞས་མི་ཉན་ལ་བོད་བྲོ་མི་སྦྱང་།དོན་དག་ཐམས་ཅད་རང་སྣང་གང་ཤར་དུ་སྒྲུབ་ཀྱིན་འདུག་ཅེས་ཟེར་བྱུང་ལ།སྐབས་དེར་ཁོའི་ཆུང་མའི་གདོང་ལ་མཆི་མས་ཁེངས་འདུག

གྲོགས་པོ་ལགས།ཁྱེད་ནི་རང་གི་ཕ་མས་བོད་ཡིག་སྦྱང་དུ་མ་བཅུག་ནའང་རང་གི་ཕ་སྐད་བཤད་ཤེས་པས་དེ་ནི་དགའ་འོས་པ་ཞིག་རེད།ཡང་བོད་ཡིག་མི་ཤེས་པས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྨོངས་ཤིང་ཐ་ན་ཁ་ཏོན་དགེ་སྦྱོར་བྱ་འདོད་ཀྱང་ལོང་བ་ལྐུགས་པ་འོན་པ་བཞིན་དུ་འདུག་དགོས་ལ།སྒོས་སུ་རང་གི་མགོ་ལ་སྐྱིད་སྡུག་ཅི་ཞིག་ཡོང་ནའང་དབུགས་ཀྱི་རྒྱུ་བ་ཡོད་པའི་བེམ་པོ་ཇི་བཞིན་གཞན་ལ་རེ་རྒྱུ་ལས་རང་གིས་ཅི་ཡང་བསྒྲུབ་མི་ཤེས་པ་དེ་ནི་ཁྱེད་ཀྱི་སེམས་ཁོང་གི་སྡུག་བསྔལ་ཞིག་ཏུ་གྱུར་ཡོད་ཚོད་འདུག  གནས་སྟངས་འདི་འདྲ་མཐོང་ཚེ་ད་ནི་ཁྱེད་ཀྱི་ཕ་མའི་སེམས་སུའང་འགྱོད་པ་ཏོག་ཙམ་སྐྱེས་ལོས་ཡོད་སྙམ།  ཁྱེད་རང་གིས་བོད་ཡིག་མི་ཤེས་པའི་རྐྱེན་གྱིས་བུ་ཕྲུག་བོད་ཡིག་སློབ་གྲྭར་བཅུག་པ་ནི་གྲོགས་པོ་ཁྱེད་ཀྱི་རླབས་ཆེ་བའི་གདམ་ག་དེ་རེད་ལ།ངས་ཁྱེད་ནི་ངའི་སློབ་གྲོགས་དེ་ལས་ལྡབ་བཅུ་ཡིས་ལེགས་པར་མཐོང་།འོན་ཀྱང་ཁྱེད་ཀྱིས་རང་གི་བུ་ཕྲུག་གཅིག་པུ་དེ་ལ་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་སྲོལ་རྒྱུན་བཟང་བོ་གོམས་སུ་མ་བཅུག་པ་དེས་ཁྱེད་དང་ངའི་སློབ་གྲོགས་དེ་གཉིས་ནི་འདྲ་མཚུངས་སུ་གྱུར་བ་རེད།ངས་ལན་རེར་ཁྱེད་གཉིས་ནི་ཕ་མ་གཅིག་གི་བུ་ཕྲུག་ལོས་ཡིན་སྙམ་བཞིན་ཡོད།  ཁྱེད་ཀྱི་བུ་ཕྲུག་གི་སྐྱོན་དེ་བོད་ཡིག་སློབ་གྲྭ་འགྲིམས་ནས་དགེ་རྒན་རྣམས་ཀྱིས་གོལ་ལམ་དུ་ཁྲིད་པ་གཏན་ནས་མ་ཡིན་ཏེ།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁྱེད་དང་ཆུང་མས་ལང་ཤོར་དུ་བཏང་ཞིང་ཁྱིམ་གྱི་སློབ་གསོ་ལ་དོ་སྣང་མ་བྱས་ནས་གྲུབ་པ་ཞིག་རེད།ཁྱེད་ཀྱི་ཆུང་མ་དང་ཡོངས་སུ་མཚུངས་སྟེ།ཁྱེད་ཀྱི་བུ་ཕྲུག་གིས་བཤད་ཤེས་བཞིན་དུ་རང་ཁྱིམ་དང་བོད་པའི་དུད་ཁྱིམ་གཞན་དུ་ཕ་སྐད་ཚིག་གཅིག་ཀྱང་མི་བཤད།ཁྱེད་དང་ཡོངས་སུ་མཚུངས་སྟེ།ཁྱེད་ཀྱི་བུ་ཕྲུག་གིས་བཟའ་བཏུང་སྤྱོད་སྐབས་ཁྱིའམ་ཕག་པས་ལྟོ་འཐུང་བ་ནང་བཞིན་ཁ་ནང་དུ་སྒྲ་སྣ་ཚོགས་གྲགས་པ་དང་།གམ་གྱི་མི་རྣམས་ཀྱིས་ཟས་བཟའ་རྒྱུ་ཕར་ཞོག་དེའི་ཟ་སྲོལ་འཐུང་སྲོལ་མཐོང་བའམ་ཅལ་སྒྲ་ཉོག་སྒྲ་ཐོས་པ་ཙམ་གྱིས་སྐྱུག་མེར་ཞིང་འདུག་མི་བཟོད་པ་རེད།ཁྱོད་བཟའ་མི་ཐམས་ཅད་ངེད་ཚང་ལ་མགྲོན་དུ་ཕེབས་ཐེངས་རེར།ཁྱོད་ཀྱི་བུ་ཕྲུག་གིས་རང་གཅིག་པུ་ལས་མི་བསམ་པར་ཟས་ཅོག་སྟེང་གི་ཟས་རིགས་གང་ཞིམ་དང་གང་བཟང་དེ་ལག་པ་བསྲིངས་ནས་ལེན་ཅི་ཐུབ་དང་ཐུར་མ་བཟུང་ནས་དཀྲུགས་རྐྱང་བྱས་ཏེ་ཧམ་བཟའ་ཧམ་འཐུང་བྱེད་པ་དང་།རང་གིས་བཟའ་མི་འདོད་ཚེ་འཛེམ་དོགས་མེད་པར་ཁ་ནང་གི་ཟ་འཕྲོ་དེ་ཟས་ཀྱི་སྡེར་མའི་ནང་དུ་གཡུག་པར་བྱེད།དེ་ལས་ཀྱང་ཐུ་བའི་གོམས་གཤིས་ངན་པ་ཞིག་ལོབས་འདུག་པ་ནི།ཁོས་དངོས་པོ་ཞིག་ཕར་སྟེར་བའམ་ཚུར་ལེན་དུས་ནམ་ཡང་ལག་པ་ཡ་གཅིག་མ་གཏོགས་མི་བསྲིངས་ལ། ངག་ནས་གློ་བུར་གློ་བུར་དུ་རྣར་གཟན་པའི་སྐད་ངན་ཕྱུང་ནས་གཞན་གྱི་སྙིང་ན་བར་བྱེད་པ་དང་།ཁ་ལུད་དང་སྣབས་ཆུ་གང་སར་འདོར་བ།ཞྭ་ལྷམ་གྱོན་ཆས་སོགས་གང་སར་འཇོག་པ།རྐང་བ་ཅི་དགར་བརྐྱངས་ནས་གཞན་གྱི་ལམ་འགོག་པ་དང་དྲི་ངན་འཐུལ་ནས་ཁྱིམ་གྱི་རླུང་སྦགས་པ་དང་མིའི་དབུགས་ཀྱི་འབྱིན་རྔུབ་ལ་བར་ཆད་བཟོ་བ།ཁྱིམ་གྱི་མགྲོན་པོ་གཞན་དག་ལ་བརྩི་བཀུར་མི་བྱེད་པ་དང་དེ་དག་གི་བུ་ཕྲུག་ལ་མཐོང་ཆུང་དང་འཕྱ་དམོད་བྱས་ནས་བྱིས་པ་ན་ཟླ་ཕན་ཚུན་འདྲིས་ཐབས་མེད་པ་ལ་སོགས་བག་ཆགས་མི་ལེགས་པ་ཞིག་ང་དང་ངའི་ཁྱིམ་མི་ཡོངས་ཀྱི་སེམས་སུ་བཞག་ཡོད་དོ།།    དོན་དམ་པར་ཁྱེད་དང་ཁྱེད་ཀྱི་ཆུང་མས་ཀྱང་ཁོའི་སྐྱུག་བྲོ་བའི་བྱ་སྤྱོད་དང་ཚིག་པ་ཟ་བྱེད་ཀྱི་གོམས་གཤིས་དེ་དག་མཐོང་ཡོད་མོད་ཁྱེད་ཚོས་དེ་ནི་སྐྱོན་དུ་ངོས་མ་ཟིན་པར་ཡོན་ཏན་ཞིག་རེད་སྙམ་གྱིན་ཡོད་པ་འདྲ།དེ་ལྟར་མིན་ཚེ་ཁྱེད་བཟའ་ཟླ་གཉིས་ཀྱི་མིག་ནི་ལིང་ཏོག་གིས་ཡོངས་སུ་བསྒྲིབས་སོང་བ་ཁོ་ཐག་རེད།ཁྱེད་ཀྱི་བུ་ཕྲུག་ད་ལོར་སློབ་འབྲིང་དུ་ཞུགས་མོད་ཁོས་ད་དུང་ལོ་གསུམ་ལ་སོན་མ་ཐག་པའི་བྱིས་པ་ཞིག་དང་འདྲ་བར་གཅེས་ལང་བྱེད་པ་དེ་མཐོང་ཚེ་ངས་ནི་ངོ་མ་བཟོད་པ་སྒོམ་ཐབས་བྲལ། གྲོགས་པོ་ཁྱེད་ཀྱིས་མཉམ་ཞོག  གལ་ཏེ་ནམ་ཞིག་ཁོ་དང་ང་གཉིས་མ་གཏོགས་སུ་ཡང་མེད་པའི་སྐབས་དང་འཕྲད་ཚེ་ངས་ཁྱེད་ཀྱི་བུ་དེར་ལ་གཅར་རྡུང་ཡིད་ཚིམས་པ་ཞིག་བྱས་ཏེ་སློབ་གསོ་གཏང་གི་ཡིན།

ཁྱེད་ནི་ཆོས་ལུགས་ལ་དད་པ་མེད་ཀྱང་ཡོད་ཁུལ་གྱིས་ངེད་ཚང་གི་མཆོད་ཁང་ནང་དུ་འཛུལ་རྒྱུར་དགའ་ཞིང་།ལག་ཟུང་ཐལ་མོ་སྦྱར་ཏེ་གུས་ཕྱག་ཕུལ་བའི་རྗེས་སུ་གནས་དེ་རུ་ཐ་མག་འཐེན་པ་ངས་ལན་གསུམ་ལ་མཐོང་མྱོང་།ཁྱེད་ཀྱི་བུ་ཡིས་ངེད་ཚང་དང་ཁྱེད་ཚང་གི་བཟའ་མི་ཡོངས་ཀྱིས་ཅོག་ཙེའི་མཐའ་རུ་བསྐོར་ནས་ཟས་ལ་རོལ་སྐབས་རྟུག་དྲི་ཁ་བོ་ཐེངས་དགུ་ལ་བཏང་མྱོང་། ཁྱེད་ཀྱི་ཆུང་མ་སྟེ་རྫོང་གི་ལས་བྱེད་པའི་བུ་མོ།རྩ་བ་འབྲོག་པ་རྣལ་མ་ཡིན་ཟེར་ནས་དུས་རྒྱུན་རོང་བ་རྣམས་ལ་དམའ་འབེབས་དང་ཟུར་ཟ་བྱེད་མཁན་ཁྱེད་ཀྱི་ཆུང་མས་ནམ་ཡིན་ཡང་ངེད་ཚང་གི་ཁྱིམ་དུ་རྒྱ་སྐད་མ་གཏོགས་བཤད་མི་སྲིད་པ་དང་།ཁྱེད་བཟའ་ཟླ་གཉིས་ཀྱིས་ཕན་ཚུན་སྨྲ་མི་དག་པའི་རྒྱ་སྐད་ཀྱིས་ཁ་བརྡ་བྱས་ན་ང་ལ་བསམ་འཆར་མེད།ཁྱེད་ཀྱི་ཆུང་མས་ང་དང་ངའི་ཆུང་མ་ལ་དགོད་བྲོ་བའི་རྒྱ་སྐད་འཆོལ་བོ་དེ་བཤད་ནས་གླེང་མོལ་བྱས་ནའང་ང་ལ་བསམ་འཆར་མེད་མོད།ངེད་ཚང་གི་ཁྱིམ་ལ་ཡོང་ཐེངས་རེ་རེར།ཁྱེད་ཀྱི་ཆུང་མས་སུག་པ་ཆག་ཟིན་པའི་ར་མ་གྱོལ་བོ་ཞིག་དང་གཉིས་སུ་མ་མཆིས་པའི་རྒྱ་སྐད་དེ་སྤྱད་ནས་ངའི་བུ་དང་བུ་མོ་ལའང་གནས་ལུགས་རྒྱ་ཆེན་པོ་བཤད་ནས་ཁོ་ཚོས་ད་ལྟ་སྦྱོང་གིན་པའི་བོད་སྐད་ལ་གཏོར་བརླག་བཏང་བ་དེར་ངས་བཟོད་པ་གཏན་ནས་བསྒོམ་མི་བཏུབ།ཁྱིམ་ཚང་གཉིས་ཀའི་བར་གྱི་འབྲེལ་བ་ལ་བསམས་ནས་ངས་ད་བར་དུ་ཁོང་ཁྲོའི་མེ་ལྕེ་འཇིལ་ཅི་ཐུབ་བྱས་པ་ཡིན།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།གྲོགས་པོ་ཁྱེད་ལ་འཕྲིན་ཡིག་གི་ལམ་ནས་རེ་བ་ཞུ་རྒྱུ་ནི།ངའི་བུ་དང་བུ་མོར་ཁྱེད་ཀྱི་བུའི་གོམས་གཤིས་མི་བསྒོ་བའི་ཕྱིར་དང་། ངའི་ཆུང་མ་ལ་ཁྱེད་ཀྱི་ཆུང་མའི་དཔེ་སྲོལ་མི་ལོབས་པའི་ཆེད་དང་། འུ་གཉིས་བར་གྱི་མཛའ་གཅུགས་ཀྱི་སྲད་བུ་མི་ཆད་པའི་དོན་ལ།ད་ནས་བཟུང་ཁྱེད་བཟའ་མི་ཡོངས་ངེད་ཚང་ལ་མགྲོན་དུ་མི་ཕེབས་རྒྱུ་དང་ངེད་བཟའ་མི་ཐམས་ཅད་ཀྱང་ཁྱེད་ཚང་གིས་མགྲོན་དུ་མི་འབོད་པར་མཁྱེན་མཁྱེན་མཁྱེན།།

ཞེས་ལྷོ་བ་འགྱུར་མེད་རྡོ་རྗེས་སྤྱི་ལོ༢༠༡༥ཟླ༡༢ཚེས༩ཉིན་ཟི་ལིང་ནས་ཕུལ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།