གངས་དབང་གི་ལྷུག་རྩོམ་བདམ་བཀོད།(1)

DB90BD7D@E9220030.79087A57.JPG

གངས་དབང་། ཁམས་མི་ཉག་ཉག་ཆུ་རྫོང་གི་རོང་ས་ཞིག་ལ་སྐྱེས། ཆུང་དུས་ནས་ཕ་མ་དང་བཅས་པས་སྨོན་སེམས་བཟང་པོས་བཀྲ་ཤིས་ཞེས་འབོད།ཕ་ཡུལ་གྱི་སློབ་ཆུང་དང་སློབ་འབྲིང་འགྲིམས་མཐར་སྤྱི་ལོ༡༩༨༨ལོར་དེ་སྔོན་གྱི་དར་མདོ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་ལོ་བཞིའི་རིང་ལ་བོད་རྒྱའི་རིག་གཞུང་ལ་སློབ་གཉེར་བྱས་ནས་སྤྱི་ལོ༡༩༩༢ལོར་མཐར་ཕྱིན་མོད།རིག་པ་དོན་དུ་གཉེར་འདོད་ཆེ་བས་མུ་མཐུད་དེ་དེ་སྔོན་གྱི་ཁམས་པའི་སློབ་གྲྭ་ཆེན་མོར་བོད་རྒྱའི་རྩོམ་རིག་དང་ལོ་རྒྱུས།ཡིག་སྒྱུར།ནང་བསྟན་སོགས་ལ་འབད་པ་ལྷོད་མེད་བྱས་རྗེས་སྤྱི་ལོ༡༩༩༥ལོ་ནས༢༠༡༠ལོའི་བར་ལོ་བཅོ་ལྔའི་རིང་ལ་སྔོན་རྗེས་སུ་དར་མདོའི་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་བོད་ཡིག་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་ཁུར།ཕུགས་འདུན་ཞིག་གམ་མི་ཚེའི་འགྲོ་ཕྱོགས་ཤིག་གིས་སྤྱི་ལོ༢༠༡༠ལོར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ལས་གནས་སྤོས་ནས་ད་ལྟའི་བར་དུ༼ ཁམས་པའི་ཚགས་པར། ༽དང ༼ ཁམས་པའི་དྲ་བ། ༼ ཁམས་པའི་འཛུམ་རིས། ༽སོགས་ཀྱི་གཙོ་སྒྲིག་པའི་འགན་འཁུར་བའི་ཞོར་དུ་བོད་ཡིག་དུས་དེབ ༼གངས་དཀར་རི་བོ།༽ཡི་གདན་ཞུའི་གཙོ་སྒྲིག་པའི་ལས་སྒྲུབ་བཞིན་ཡོད།རྩོམ་རིག་ལ་དད་མོས་ཆེ་བས་སྔ་ཕྱི་རུ་ཁུལ་དང་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས།ལོ་དུ་མའི་རིང་ལ་ལྷུག་རྩོམ་དང་སྙན་ངག གླུ་ཚིག་གཙོ་བར་བྱས་ཏེ་གསར་རྩོམ་བྱས་པའི་བརྩམས་ཆོས་རྣམས ༼ སྦྲང་ཆར། ༽དང༼ བོད་ཀྱི་རྩོམ་རིག་སྒྱུ་རྩལ། ༽༼ རི་བོ་ཉི་ཟླ། ༽༼ གངས་རྒྱན་མེ་ཏོག ༽༼ གངས་དཀར་རི་བོ། ༽༼ གངས་ལྗོངས་ཉི་གཞོན། ༽༼ མི་རིགས། ༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར། ༽༼ཁམས་པའི་བོད་ཡིག་ཚགས་པར། ༽༼བདེ་ཆེན་བོད་ཡིག་ཚགས་པར། ༽བཅས་ཀྱི་ཐོག་ལ་བཀོད་པར་མ་ཟད་སྤྱི་ལོ༢༠༡༥ལོར་ལྷུག་རྩོམ་ཕྱོགས་སྒྲིག ༼གངས་རི་ལ་དབང་བའི་ཁ་བའི་འདབ་མ། ༽ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནོ།།


རི་སྐྱེས་མེ་ཏོག


འདི་ནས་ཡར་བལྟས་ན་དགུང་སྔོན་གྱི་མཐའ་མཚམས་སུ་མཆོད་པ་སྤུངས་པ་འདྲ་བོའི་གངས་རི་དཀར་པོ་ཞིག་འདུག  དེ་ནི་རྫ་རི་དང་གཡའ་རི།སྤང་རི་དང་བཅས་ཀྱིས་གོང་དུ་བཏེགས་པས་ད་གཟོད་ལྷུན་ཞིང་བརྗིད་ལ་བརྟན་ཞིང་འཇགས།  གནའ་དུས་སུ་གཡག་དང་གླང་གིས་རྡུང་ག་ཆེན་པོ་ཞིག་བརྒྱབ་མཐར་གངས་རིའི་འདབས་ཀྱི་རྫ་རི་དང་སྤང་རིའི་བར་ལ་གད་པ་ཆེན་པོ་ཞིག་ཆགས་ནའང་དབུས་ཀྱི་རི་རྒྱལ་ལྷུན་པོ་ལ་འགྱུར་བ་མེད་པས་ཉི་ཟླའི་འཁོར་ཕྱོགས་ནོར་མ་མྱོང་།དུས་ནམ་ཞིག་གི་ཚེ།གད་པའི་ཁ་ལ་མེ་ཏོག་ཆུང་ངུ་ཞིག་སྐྱེས་ལ་མེ་ཏོག་དེ་ནི་སྙིང་རྗེ་ལ་ཤ་ཚ་བ་ཞིག་རེད།ཁ་བ་དང་ཆར་རླུང་ཁྲོད་དུ་ཐོག་མར་སྲ་མཁྲེགས་ཀྱི་ས་གཞི་བརྟོལ་ཏེ་མགོ་བོ་འཇིག་རྟེན་དུ་མངོན་དུས་ཕྱི་ནང་གང་གི་ཆ་ལ་བལྟས་ནའང་རྩྭ་ལྡུམ་དང་གཅིག་པ་གཅིག་རྐྱང་ལས་ཁྱད་གཤིས་གང་ཡང་མེད་མོད།ཁོང་གིས་རང་ཉིད་ནི་ཉི་ཟླའི་འོད་ཟེར་འཕྲོ་བརླག་དང་།ཆར་ཆུའི་བདུད་རྩི་ཆུད་ཟོས་སུ་བཏང་བའི་རྩྭ་ལྡུམ་ཞིག་མིན་པར་མཐོ་སྒང་གི་རི་བོ་ལ་མེ་ཏོག་ཅིག་གི་སྐྱེ་བ་བླངས་ཡོད་པས་ཞིམ་མངར་གྱི་དྲི་བསུང་འཐུལ་ཏེ་རང་ཉིད་ནི་ཚེ་སྲོག་ལྡན་པའི་མེ་ཏོག་ཅིག་ཡིན་པ་རྟགས་ཀྱིས་བསྟན་དགོས་སྙམ།དམ་བཅས་པའི་ཉིན་དེ་ནས་བཟུང་།རྩ་བ་ས་རྡོའི་བར་དུ་ཇི་ལྟར་བཙིར་ཡང་རུང་།ཡལ་འདབ་ཆར་རླུང་ཁྲོད་དུ་གང་ལྟར་གཙེས་ཀྱང་ཆོགམེ་ཏོག་ཆུང་ཆུང་ཞིག་གི་དམ་ཚིག་སྙིང་ལ་བརྐོས་ནས་ཉི་དྲོད་ལུད་གསུམ་ལ་ཁ་ཕྱོགས་ཏེ་གངས་རིའི་སྲུབ་ནས་བརྡོལ་བའི་ཆུ་རྒྱུན་གསོས་སུ་བཞེས་ཤིང་།གངས་ཆར་རླུང་གསུམ་ལ་གདོང་གཏད་དེ་རྫ་རིའི་ཕྱི་རོལ་ནས་ལྡང་བའི་དྲི་བཞོན་དབུགས་སུ་བརྔུབས། ཡུན་མ་རིང་བར་མེ་ཏོག་གོང་བུ་ཞིག་ཆགས་པས་ད་ནི་རང་གིས་ཀྱང་དྲིན་ཅན་ལ་དྲིན་ལན་འཇལ་བའི་སྐལ་བ་ལྡན་སོང་སྙམ་ནས་དགའ་མ་མྱོང་བའི་དགའ་སྤྲོ་ཞིག་སྐྱེས་དུས། མཐའ་འགྲམ་དུ་ཡོད་པའི་རྩྭ་ལྡུམ་རྣམས་ཀྱིས་ཁྲེལ་དགོད་དང་བཅས་ང་ཚོ་དང་འདྲ་བའི་རྩྭ་་ལྡུམ་ཞིག་གིས་མེ་ཏོག་ཏུ་བརླམས་པ་ནི་ཁྱི་ལུད་དར་གྱིས་བཏུམས་པ་དང་འདྲ། སྐབས་སྐབས་སུ་སྟེས་དབང་གིས་མེ་ཏོག་ཆུང་ངུ་ཞིག་བཞད་སྲིད་མོད། དེ་ལ་བུང་བ་ཡིས་མིག་ཟུར་ཙམ་ཡང་ལྟ་མི་སྲིད་ལ་ཕྱེ་མ་ལེབ་ཀྱིས་དྲི་མ་ཙམ་ཡང་སྣོམ་མི་འདོད།ས་ཁུག་ལུང་ཁུག་གི་གད་པ་འདིའི་ཁ་ལ་སྐྱེས་པའི་མེ་ཏོག་ཇི་ལྟར་མཛེས་ཀྱང་དེ་ལ་དོ་སྣང་བྱེད་མཁན་གཅིག་ཀྱང་མེད་པས་རིན་ཐང་ཞིག་ཡོད་དམ་ཞེས་ལྐོག་ལབ་བྱེད།

དུས་ཀྱི་འགྲོས་ལྟར་དབང་གྲགས་ལ་སྐྱབས་འཇུག་ཞུས་ཤིང་ཡུལ་གྱི་སྲོལ་ལ་བསྟུན་ཏེ་མིང་ཅན་ལ་དམ་དུ་འཁྱུད་མ་ཤེས་པར་རང་སྟོབས་ཀྱིས་རྩ་བ་ཚུགས་ཤིང་། རང་ཚུགས་ཀྱིས་མེ་ཏོག་བཞད་པ་ནི་ཇི་འདྲའི་གླེན་ཤེད་ཆེ་བ་ལ་ཨང་ཞེས་པ་ནི་ནགས་འདབས་ཀྱི་ར་བར་སྐྱེས་པའི་ཐག་འཁྱུད་མེ་ཏོག་་གིས་ཁ་ཐན་རླུང་ལ་སྐུར་བའི་གཏམ་འཁྱར་རེད།རང་སའི་གནས་མལ་དུ་ལུད་དྲངས་ན་རྩ་ལག་བརྐྱངས་ཤིང་ཆུ་བླུགས་ན་ཡལ་འདབ་བཟེད་ཏེ་ཁ་རོག་གེར་མི་བསྡད་པར་མཁའ་དབུགས་ལ་འཕྲོག་རེས་དང་།མཛེས་སྡུག་ལ་རྩོད་རེས་བྱེད་པ་ནི་སྐྱིད་མི་ཐེག་ལ་སྡུག་མི་ལྕོགས་པའི་ལས་ངན་ཞིག་རེད་ཅེས་པ་ནི་ཁྱིམ་བདག་མའི་བུམ་པར་སྐྱེས་པའི་སྐལ་བཟང་མེ་ཏོག་གིས་བཀའ་དྲིན་ཅན་ལ་སྤྲེལ་ལད་བྱེད་པའི་ཁ་གསག་གི་གཏམ་རེད།རེད་དེ།མེ་ཏོག་ཆུང་ངུ་དེས་བསམ་གཟས་ཀྱི་བདེན་གཏམ་དང་འཕྱ་ལད་ཀྱི་དྲང་གཏམ་ཚང་མ་དྲན་སྐུལ་གྱི་ལེགས་བཤད་དུ་བསྒོམས་ཏེ་འདི་ལྟར་བསམ།ང་གངས་རི་ལ་དགའ་དྲགས་ཤིང་གངས་ཆུ་ལ་དུངས་ཆེ་བས་ང་ལ་མེ་ཏོག་བཞད་དགོས།ང་ལ་མེ་ཏོག་བཞད་པ་ནི་དམའ་བ་རྣམས་ལ་ངོམ་སོའི་ཆེད་དུ་མིན་ལ་མཐོ་བ་རྣམས་ལ་ངོ་དགའི་ཆེད་དུ་དེ་བས་མ་ཡིན།ཡུལ་གྲུ་འདི་རུ་ང་ལ་མིག་ཟུར་ཙམ་ཡང་འཕེན་མཁན་མེད་ཀྱང་སྐྱོན་མེད་དེ།གད་པ་འདི་ནས་ལྷུང་བའི་གཡག་རྒོད་ཀྱི་རྣམ་ཤེས་འཁྱམ་པོ་དང་།གད་ཁ་རུ་ལྷག་པའི་རེ་མིག་གཉོམ་པོ་ནི་སྐྱིད་སྡུག་མཉམ་ཚོར་གྱི་སྡོང་གྲོགས་ཡིན།མ་གཞིར།མེ་ཏོག་ལ་མེ་ཏོག་བཞད་ན་ད་གཟོད་མེ་ཏོག་ཏུ་འབོད་པ་མ་ཡིན་ནམ།ཁོང་གིས་མཐོང་ཆུང་དང་ལོག་ལྟ།ཁྲེལ་དགོད་དང་ཁྱད་གསོད་རྣམས་ལ་ཁ་ཡ་མི་བྱེད་པར་བློ་ཕུགས་ཡུལ་ལ་གཏད།ཉིན་ཞིག་ལ་གད་པ་དེའི་ཁ་ལ་སྙིང་རྗེ་ལ་ཤ་ཚ་བའི་མེ་ཏོག་ཅིག་ལྷུག་གུར་བཞད་དེ་དྲི་བསུང་འཐུལ་ལེར་ཁྱབ།དེ་ནི་འགྱུར་མེད་ཀྱི་དམ་བཅའ་ཞིགརྒུད་མེད་ཀྱི་སྤོབས་པ་ཞིགཆད་མེད་ཀྱི་འཚོལ་སྙེག་ཅིགའཚེར་མེད་ཀྱི་ལ་རྒྱ་ཞིག་ལགས་པས་མཐོ་ས་ནས་དམའ་འབེབས་བྱེད་མ་ཕོད་ལ་དམའ་ས་ནས་ཞབས་འདྲེན་བྱེད་མ་ཐུབ།

ལོ་དེ་ནས་བཟུང་སྐྱི་གཡའ་བའི་གད་པའི་ཁ་ལ་མེ་ཏོག་གཅིག་རྗེས་གཉིས་་མཐུད་དུ་བཞད་དེ་མ་བཅོས་ལྷུན་གྱིས་གྲུབ་པའི་སྐྱེལ་ཚལ་ཞིག་འཁྲུངས་ཏེ་རྒྱབ་ལྗོངས་སུ་གནས་པའི་གངས་རི་ནི་སྔར་ལས་དཀར་ཞིང་བརྗིད་ལ་མདུན་དུ་བཞུར་བའི་གངས་ཆུས་ལྷུང་ལྷུང་ཟེར་ཞིང་མེ་ཏོག་བཏུས་ནས་རྒྱ་མཚོར་སྐྱོད།མེ་ཏོག་དེ་དག་ལ་དུས་ད་ལྟའང་མིང་སྙན་པོ་ཞིག་མེད་པས་ཕྱི་ནང་གི་མི་རྣམས་ཀྱིས་ཇི་ལྟར་འབོད་ཀྱང་རུང་།གད་ཁའི་མེ་ཏོག་རྣམས་ཀྱིས་དུས་ནམ་ཡང་བརྗེད་རྒྱུ་མེད་པ་ནི་ཆེས་ཐོག་མར་བཞད་པའི་མེ་ཏོག་ཆུང་ངུ་དེའི་གདམས་ངག་སྟེ།

ང་ལ་མེ་ཏོག་བཞད་དགོས།

སྣ་ལ་སིམ་པ་སྟེར་བའི་མེ་ཏོག་བཞད་དགོས།

ཐག་འཁྱུད་མེ་ཏོག་ཁྲོས་ནས་འགས་སོང་རུང་།

སྐལ་བཟང་མེ་ཏོག་སྡུག་ནས་ཤི་ནའང་ཆོག  །

ལྷུག་རྩོམ་གྱི་དེབ《གངས་རི་ལ་དབང་པའི་ཁ་བའི་འདབ་མ།》ལས།


གཡག


ཐབས་དང་བཀོད་པ་ལ་མཁས་པའི་འགྲོ་བ་མིས་ཁྱེད་ལ་སྣ་ཐག་བསྐོན་པ་ནས་བཟུང་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པར་དུས་བཞིའི་མཚེར་ས་རུ་བདག་པོའི་དགའ་སྐྱོ་ཁྲོ་སྡང་གི་རྣམ་འགྱུར་ལ་བལྟས་ཏེ་ཕར་འགྲོ་ཚུར་འོང་བྱེད་དགོས་སོང་།  མ་གཞིར་ཁྱེད་ནི་མཐོ་སྒང་གི་གངས་རི་དང་རྫ་རི།སྤང་རི་ཡང་ཟིལ་གྱིས་མནན་མྱོང་བའི་བྲེ་སེར་འབྲོང་གི་རྒྱུད་པ་ཞིག་ཡིན་མོད། འགྲོ་བ་མིའི་ལག་ནང་གི་ཚྭ་ཡི་བྲོ་བའི་བསླུ་བྲིད་བཟློག་མ་ཐུབ་པས་སུག་བཞིས་ས་གཞི་འདར།རྔ་མས་ཐལ་རྡུལ་བསླངས། རྭ་རྩེས་ཉི་ཟླ་བཟུང་བའི་རྒོད་གཤིས་མཁྲེགས་པོ་ཉམས་ཏེ་བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་དགོས་པའི་གཡག་ནག་རོག་ཅིག་ཏུ་གྱུར།དྲན་འཕྲུལ་ཆེ་བའི་བདག་པོའི་དྲིན་ལས་རྔོན་པ་དང་གཅན་གཟན་སྟག་གཟིག་གི་འཇིགས་པ་མི་ཆེ་ནའང་རང་གི་འདོད་མོས་ལྟར་ཁ་སྐོམ་དུས་གངས་ཆུ་བཏུངས།ལྟོགས་བཀྲེས་དུས་རྫ་རྩྭ་བཟས་ཏེ་གྱེན་རྒྱུག་ཐུར་འབབ་བྱེད་མི་ཆོག་པ་ནི་སེམས་པ་ནང་གི་སྐྱུར་སིལ་སིལ་གྱི་སྡུག་བསྔལ་ལྗིད་མོ་ཞིག་ལགས།

ཟས་སུ་མ་རྨོས་ལོ་ཏོག་ཟ་ཞིང་གོས་སུ་ཤིང་ལོ་གྱོན་པའི་སྤྲེའུ་སྨྲ་ཤེས་དོན་གོ་བའི་མི་ལ་གྱུར་བ་ནི་རླབས་ཆེན་གྱི་འཕོ་འགྱུར་ཞིག་ཡིན་ཡང་།སྒལ་ཚིགས་སྲ་བས་དཀའ་ཚེགས་གང་ལའང་བག་མི་ཚ་བའི་ལྷ་གཡག་གི་རྒྱུད་པ་ཡིས་བཟའ་བཏུང་གི་མཆོད་སྦྱིན་ཙམ་གྱི་ངོ་ལ་བདག་པོའི་དྲུང་དུ་མགོ་བོ་སྒུར་སྒུར་དང་གཉའ་ལྟག་ཞུམ་ཞུམ་བྱེད་པའི་བྲན་གཤིས་ནི་འབྲོང་གི་ལོ་རྒྱུས་སུ་མེད་ལ་གཡག་གི་ཟིན་ཐོ་ནི་མིན།ལུགས་གཉིས་ཀྱིས་འཇལ་ན་རྟེའུ་རྟ་རྒོད་དུ་གྱུར་ན་བདག་པོས་མི་ཐུབ་ཅིང་ན་གཞོན་མི་རྒོད་དུ་ཤོར་ན་ཕ་མས་མི་བཟོད་མོད།ཚེ་སྲོག་ཡོད་ཚད་ཞི་ཞིང་བསམ་བློ་ལྡན་ཚད་དུལ་བར་གྱུར་ན་འབྲི་མོའི་ངུར་སྒྲ་སུ་ཡིས་ཉན།དགོ་དགོ་ཡི་གླུ་དབྱངས་ཅི་ཡིས་ལེན།མཐོ་སྒང་གི་གྲུ་གཟིངས་གང་ལ་འབོད།

ཉིན་ལྟར་ལྕག་ཚན་དྲོན་མོས་ལ་མཐོན་པོ་ལ་དེད་དུས་ལམ་གྱི་གཡས་གཡོན་དུ་བཞེངས་པའི་གཡག་མགོ་སྐམ་པོའི་དྲུང་དུ་རྗེས་དྲན་གྱི་མིག་ཆུ་ལྷུང་ཞིང་སྐྱོ་གདུང་གི་ངུ་ངག་ཤོར་ནའང་།རྭ་གཉེར་དུ་ལོ་རྒྱུས་ཀྱིས་འཕག་འཚག་རྒྱག་ཅིང་།སྒལ་གཞུང་གིས་ལྕི་ཡང་ཤོར་བའི་དོ་པོ་ཁུར་ཏེ་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ལམ་དུ་ལང་ཚོའི་མཆོད་པ་འཕུལ།

དུས་དེང་སང་འབྲོང་ཡིན་ན་འབྲོང་རྒོད་ཀྱི་རྨིག་པས་བཅག་མྱོང་བའི་རྫ་ལམ་དུ་འབྲོང་རྭའི་སྒྲ་སྙན་ནམ་ཡང་དལ་མི་འཇུག

གཡག་ཡིན་ན་གཡག་རྒོད་ཀྱི་ཧར་སྒྲ་ཡིས་བསྐྱམས་མྱོང་བའི་སྤང་ལྗོངས་སུ་མགོ་བོའི་རྭ་རྩེ་ཐག་པའི་ཨ་ལོང་དུ་མ་འཇུག

ལྷུག་རྩོམ་གྱི་དེབ《གངས་རི་ལ་དབང་པའི་ཁ་བའི་འདབ་མ།》ལས།


ཁྭ་ཏ་ཡི་ལས་དབང་།


ཕ་མེས་ཡང་མེས་ནས་ཐན་བྱ་ཞེས་པའི་ཆོ་ལོའི་ཅོད་པན་གྱིས་མགོ་བོ་མནན་པས་རང་གི་ཚང་ཡང་མངོན་གསལ་དུ་བཅའ་མི་ཕོད་པར་ནགས་ཚལ་གྱི་གསེབ་དང་བྲག་རྫོང་གི་སྲུབས་སུ་ཁྱིམ་གཞིས་ཆུང་ངུར་ཉམ་ཆུང་གིས་བུ་རབས་ཚ་རྒྱུད་སྐྱོང་།ཉིན་ལྟར་སེམས་ཆུང་ཞི་ལྷོད་ཀྱིས་ཞིང་པའི་ཞིང་ཁ་རུ་རྒུམ་འབུ་སྡུད་ཅིང་། འབྲོག་པའི་སྦྲ་མཐའ་རུ་ཟ་་་ལྷག་འཐུང་འཕྲོ་འཚོལ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་ལྗོན་ཤིང་གི་རྩེ་མོར་བབས་ཏེ་མ་འོངས་སྔ་ལྟས་ཀྱི་བྱ་་་སྐད་སྒྲོག་ཐེངས་རེར།ཁྭ་སྐད་ཤེས་པའི་རིག་པ་ལྡན་ཡང་བདེན་གཏམ་རྗེན་པར་སྨྲ་བ་ལ་འཇིགས་པའི་རྒན་རབས་རྣམས་ཀྱིས་ལྟས་ངན་བྱ་ནག་ཅེས་ཐལ་བས་མཆོད།ཤེས་རབ་ཀྱི་མཁྱེན་དཔྱོད་ལྡན་པས་རྡོ་ཕ་བོང་གི་སྟེང་དུ་བབ་སྟེ་འབྱུང་འགྱུར་ལུང་བསྟན་གྱི་སྒྲོ་དཀྲུག་ལན་གསུམ་་་བྱེད་ཐེངས་རེར། ཁ་ནི་བདེན་དོན་གྱིས་བརྒྱན་ཡང་རྫུན་གཏམ་དང་ལྷ་སྒྲུང་གིས་རང་དོན་བསྲུང་བའི་ན་གཞོན་ཚོས་ཁ་ནག་བྱ་རོག་ཅེས་རྡེའུ་འཕེན།ངོ་རྒོལ་དང་རྒྱབ་འགལ་གྱི་སྙིང་སྟོབས་ལྡན་པས་གདོན་འདྲེ་ལ་བརྫངས་པའི་གཏོར་མ་མཆུ་ཏོ་རྣོན་པོས་ཧྲལ་ཧྲུལ་དུ་གཏོང་དུས།རྔ་སྦུབ་དྲིལ་གསུམ་ལ་དབང་འབྱོར་བ་ཙམ་གྱི་ཨ་མཆོད་རྣམས་ཀྱིས་གཏོར་གཟན་བདུད་ཀྱི་སྣ་འདྲེན་ཞེས་ཐལ་སྒྲ་བཏང་།

ཁ་གསག་ངོ་སྲུང་གི་སྒྱུ་འཕྲུལ་ལ་མཁས་པའི་སྐྱུང་ཀ་དང་ཁ་འཇམ་ཁོག་རྩུབ་ཀྱིས་རྒྱལ་ཁ་བླངས་པའི་ནེ་ཙོ་བཅས་ཀྱིས་ཕྱི་བསྐོར་ནང་བསྐོར་བརྒྱབ་པའི་ཁོར་ཡུག་ཏུ་ཁྱེད་ཀྱིས་ཇི་ལྟར་བདེན་པར་སྨྲས་ཀྱང་དེ་ལྟར་རྫུན་དུ་བསྒོམས།ཇི་ལྟར་བཟོད་པས་བསྒོམས་ན་དེ་ལས་འཁོས་དམན་ཐབས་ཆག་ཏུ་བརྩིས་ཏེ་གནམ་འོག་གི་ཁྭ་ཏ་ནག་མཉམ་རེད་ཅེས་བྱ་གྲལ་ནས་འབུད་པར་བརྩམས།གོ་ཐོས་སུ་འདབ་ཆགས་འཁོར་དང་བཅས་པས་སྲིན་བྱ་འུག་པ་རྒྱལ་པོར་བསྐོ་འདོད་མོད།ཁྱེད་ཀྱིས་རང་སྲོག་འབེན་དུ་བཙུགས་ཏེ་འུག་པའི་ངན་མཚང་དྲུས་ཤིང་ཐེར་འདོན་མཛད་པས་བྱ་རིགས་རྣམས་ཀྱི་གཤོག་་ཟུང་བཅིང་བསམ་ལ་སྤུ་མདོག་བསྒྱུར་འདོད་པའི་དཔོན་ངན་ཞིག་གི་འདོད་དོན་མ་གྲུབ་པ་ནི་ཇི་འདྲའི་རླབས་ཆེན་གྱི་བྱ་བ་ཞིག་རེད་ཨང་།

དུས་དེ་ནས་བཟུང་མི་རྣམས་ཀྱིས་ཁྭ་ཏ་འུག་པའི་འཁོན་དུ་གྱུར་ཞེས་སྒྲོག་མོད།ཁྱེད་ལ་སྤྱི་དགྲ་ལས་སྒེར་དགྲ་མེད་པས་ནོངས་འགྱོད་ཅི་ཡང་མི་དགོས་ཏེ།མུན་ནག་གི་མཚན་མོར་སྲིན་བྱ་འུག་པའི་རིགས་ཀྱི་འཇབ་རྒོལ་ལ་ཅིས་ཀྱང་དོགས་ཟོན་བྱེད་རོགས་གནོངས།ཁྱེད་ཀྱིས་སེམས་ཅན་རྣམས་ཀྱི་ངན་རྒུ་ཟས་སུ་བཟས་ཏེ་རྨེག་མེད་དུ་གཏོང་བར་འདོད་མོད།ཉམས་མྱོང་རྒན་པོ་རྣམས་ཀྱིས་ཁྭ་ཏ་སྐྱག་གཟན་གྱིས་མི་གཙང་མཆུ་ཏོ་གཞན་ལ་འགོས་པར་བྱེད་ཅེས་དྲང་པོའི་ལས་ལ་འཁྱོག་པོའི་འགག་སྒོ་བཟོས།ཁྱེད་ཀྱིས་ཕྱི་ཡི་སྤུ་མདོག་ནག་ཀྱང་ནང་གི་དུངས་སེམས་དཀར་ན་ཅི་སྐྱོན་བསམས་ཏེ་ང་རྒྱལ་སྐྱེས་མོད། ཕྱི་ཡི་ཚུལ་འཆོས་ཙམ་ལ་བརྟེན་ནས་མཚན་ཉིད་འཇོག་ཅིང་གཏན་ཚིགས་འདྲེན་པར་་་མཁས་པའི་ཤེས་ལྡན་པ་རྣམས་ཀྱིས་སོལ་བ་བཀྲུས་ཀྱང་འདག་ཐབས་མེད་ཅེས་ཁྱེད་ཉིད་ནག་ཉེས་ཀྱི་རྟགས་སུ་བཀོད།

གང་ལྟར་རང་གི་བསམ་པའི་འདུ་ཤེས་དང་བྱ་བའི་འདུ་བྱེད་ཀྱིས་དབང་དུ་བསྒྱུར་བ་ལ་ལས་དབང་ཞེས་འབོད་པས།བྱ་རྒོད་ལྟར་ནམ་འཕང་གཅོད་པའི་གཤོག་རྩལ་མེད་ནའང་མེད་དུ་ཆུགཁུ་བྱུག་ལྟར་དཔྱིད་ཀྱི་དཔལ་ཡོན་ཤར་དུས་གཞི་ནས་བོད་ཡུལ་དུ་འཁོར་བའི་སྐབས་འཚོལ་རིང་ལུགས་ཀྱི་སྤྱང་གྲུང་མ་འཛོམས་ནའང་སྐྱོན་མེད་དེ།ངའང་འདབ་ཆགས་བྱ་ཞིག་ཡིན་སྙམ་སྟེ་དྲང་བདེན་འཆད་ཕོད་པའི་རང་གཤིས་དེ་ནམ་ཡང་མ་དོར་ཨང་།  །

དཀར་མཛེས་བོད་ཡིག་ཚགས་པར་ལས།


ཟླ་འོད་ནང་སྙིང་ཁ་འཕར།


གྲང་རེག་དུས་ཚིགས་སྒེག་མོའི་མངལ་དུ་སྦྲུམ་པའི་ཁ་བའི་འདབ་མ་ནི་འདབ་ཆགས་ཀྱི་སྤུ་བཞིན་རི་ལུང་ཐང་གསུམ་དུ་བབ་སྟེ་མཚམས་བཞག་རྗེས།ཡ་གིའི་གངས་རྒན་གྱིས་དཀར་གསར་དབུ་ཞྭ་མནབས་ཤིང་།ཕ་གིའི་སྤང་ཐང་གིས་ཀྱང་གོས་དཀར་ཞིག་བཀླུབས་པ་ན།དཀར་ནག་གི་མཚམས་འབྱེད་དཀའ་བའི་ཕ་ཡུལ་ནི་རེ་ཞིག་དཀར་རྐྱང་རྐྱང་དུ་ཆགས་འདུགལྷབ་ལྷུབ་ཀྱི་ཁ་བ་དང་།སིམ་སིམ་གྱི་ཆར་པ།ལང་ལོང་གི་སྨུག་པ་སོགས་གནམ་གཤིས་མི་འདྲ་བས་མི་སོ་སོའི་སེམས་ཁམས་སུ་དྲན་སྣང་སྣ་ཚོགས་ཤིག་སྐྱེ་བར་འཇུགནམ་རྒྱུན་འདི་འདྲའི་སྐབས་སུ་ཁོ་བོའི་སྡོད་མི་ཚུགས་པའི་དྲན་ཤེས་ཀྱི་བྱིའུ་ཆུང་རྒྱང་རིང་གི་ཕྱོགས་སུ་འཕུར་ནས་མཐོ་ན་མུ་ཁྱུད་ཀྱི་རི་མགོར་བབ་ཅིང་དམའ་ན་གཡང་གཟར་གྱི་རི་སུལ་མྱུལ་བས་རླུང་སྤུ་གྲི་ངར་མ་དང་བྲག་འགག་དོག་པོའི་བར་ལ་སེམས་ཀྱི་མདུད་པའང་ཇེ་དམ་དུ་གྱུར།

འུར་འུར་དུ་ལྡང་བའི་གྲང་རླུང་དེས་དཔག་ཚད་དུ་མས་བསྐལ་བའི་རྒྱང་རིང་གི་གཏམ་རྒྱུད་སྣ་ཚོགས་སྒང་པའི་བུ་ཡི་རྣ་བའི་བུ་གར་གསལ་བཤད་བྱེད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཤིང་།དྲན་རྟོག་གི་མཚོ་མཐའ་རུ་བསིལ་ལྡན་གྱི་རྦ་རླབས་གཅིག་ཐོག་གཉིས་བརྩེགས་ཀྱིས་འཕྱུར་བས་དལ་ཅག་གེར་སྡོད་པའི་རང་དབང་གཏན་ནས་བྲལ། མགོ་བོ་མཐོ་རུ་བཏེགས་པ་ན། མཐོང་ལམ་གྱི་ཟུར་ཞིག་ཏུ་ཡར་ངོའི་ཟླ་གཞོན་ཞིག་ཡང་ཞིང་སྲབ་པའི་ཆུ་འཛིན་གྱི་ཕག་ཏུ་ཡིབས་ཤིང་བསིལ་བའི་ག་བུར་ཕངས་མེད་དུ་འཇོ་བར་ཨུ་ཚུགས་བྱེད།མཐོ་སྒང་སྔས་སུ་བྱས།ནམ་མཁའ་གོས་སུ་བཀབ་པའི་རི་བོ་གངས་དཀར་ནི་མཚན་མོའི་མདུན་དུ་ལྷན་ནེར།ལྷང་ངེར་གྱེན་དུ་འགྱིང་ལ། རི་འདབས་ཀྱི་དུད་ཁྱིམ་རེ་རེ་ཡི་སྒོ་ཁ་ནས་ལམ་བུ་ཆེ་མ་ཆུང་གསུམ་སྐྱ་ཐལ་ལེར་ངང་རྒྱང་རིང་ཡུལ་དུ་བསྲིངས་འདུགསྐབས་སྐབས་སུ་གད་སྐྱིབས་ལས་བུད་པའི་སྲིན་བྱ་འུག་པས་མུན་ནག་གི་འཇིག་རྟེན་ལ་རེས་་་ཆེ་རེས་ཆུང་གི་འུག་སྒྲས་མཆོད་བསྟོད་ཕུལ་ཞིང་།གྲོང་མཐར་མྱུལ་བའི་ཁྱི་རྒན་རྒྱ་བོས་བདག་པོ་ལ་རེས་མཐོ་རེས་དམའ་ཡི་ཟུག་སྐད་བརྒྱབ་པས་སྐྱི་གཡའ་བའི་སྤུ་ལོང་གཟེངས་ཏེ་ཁོང་འདར་ཞིག་ཤོར་སོང་།

རང་ཡུལ་དུ། ཀུ་མུད་ལ་དད་ཞེན་ཅན་རྣམས་ཀྱི་མིག་ཀོང་དུ་ཟླ་གཞོན་ལ་བཅོལ་བའི་བརྩེ་མདངས་འཁྱིལ་ཏེ་མཚན་མོས་མུན་ནག་སྤྲད་ཀྱང་དཀར་ཕྱོགས་ཡར་ངོའི་རི་མོ་ཞིག་འདུག་ཅེས་སྙིམ་པའི་མེ་ཏོག་བྲང་ཁར་སྦྱར།

གཞན་ཡུལ་དུ།འདམ་སྐྱེས་པད་མའི་ཚེ་སྲོག་ལ་དད་མོས་ཅན་རྣམས་ཀྱིས་མཛུབ་མོ་ཀེར།མིག་ཞགས་འཕེན་བཞིན་བྱ་བྲལ་མཚན་མོའི་དུས་ཀྱང་འུར་ཟིང་དུ་བསླངས་སོང་ཞེས་རྐང་རྩེས་སྐྱ་མདའི་སྒོ་གླེགས་བརྡུངས།

མི་ཡུལ་དུ། གཅིག་ལ་ཕན་པར་གྱུར་བ་ཡི། ། བྱ་བ་གཞན་ལ་གནོད་པ་སྲིད། ། ཅེས་ཟླ་བའི་ཡི་མི་ཆད་ལ་ཉི་མའི་སེམས་མི་ཕམ་པའི་གཏན་ཚིགས་བཙན་པོའི་རྣམ་ཐར་འཁྲབ་བཞིན་འདུག 

ཤར་རིའི་རྩེ་ནས་འཕགས་པའི་དཀར་གསལ་ཟླ་བ་ཡིས་བློ་ལྡན་རི་བོང་གི་གཏམ་རྒྱུད་རུམ་གང་བརྫངས་ནས་རྒྱུ་སྐར་ཚོགས་ཀྱིས་བཏེགས་པའི་སྲིད་ཁྲི་མཐོན་པོ་ནས་འཇིག་རྟེན་མི་ཡུལ་གྱི་ལྟད་མོ་ལ་གཟིགས་བཞིན་མཆིས།འབྲོང་ཁྱུ་བཤར་མྱོང་བའི་ལམ་བུ་དེ་གངས་རིའི་གཉའ་བ་རུ་འདར་ཤིག་ཤིག་དང་།དགོ་ཁྱུ་དཀྲོགས་མྱོང་བའི་དར་ལྕོག་རིང་པོ་དེ་རྫ་རིའི་ཉག་ཁ་ན་འདར་ཁྱོམ་ཁྱོམ་རེད།ཡུལ་དེར་སིམ་པའི་དྲོད་འཁོལ་གྱི་ཟུངས་ཁྲག་དང་ལྕི་ཡང་ཤོར་བའི་ཞབས་རྗེས་ལས་ཆ་ཡོད་མེད་ཀྱི་རྒྱབ་གཟུགས་གང་མང་ཞིག་མཐོང་ལམ་དུ་ཤར།བཤད་རྒྱུན་དུ།ཡུལ་མི་རྣམས་ཀྱི་དད་པ་ཡིས་འགྲོ་ལམ་ཞིག་ལ་གྱ་གྱུ་ཡི་རི་མོ་བྲིས་ཤིང་དུས་རབས་ཀྱི་བརྡབ་གསིག་ནང་ཕ་ཡུལ་དེ་འདར་གྱིན་འདུག་ཟེར།

གང་ལྟར། ཟླ་བའི་བསིལ་ཟེར་གྱིས་སེམས་པ་བརླན་ཐེངས་རེ་ལ་ངས་བརྗེད་དགོས་པ་མང་པོ་ཞིག་དྲན་ཡོང་ལ་དྲན་དགོས་པ་གང་མང་ཞིག་བརྗེད་འགྲོ་བཞིན་འདུག་པས་གདོད་མ་ནས་བསྐྱེད་ཅིང་མཆེད་པའི་ལྟ་སྤྱོད་ཀྱི་ཐར་ལམ་ལ་སེམས་ཚེགས་ཧ་ཅང་ཆེ།ལོ་ཟླ་ཡི་འགུལ་སྐྱོད་ནང་བོང་བུའི་འགྲོ་སྟངས་མ་ཤེས་པར་རྟ་ཕོའི་རྒྱུགས་སྟངས་ཀྱང་ཤོར་བའི་ལུས་སེམས་ལ་འགྱོད་ནོངས་ཤིན་ཏུ་ལྕི།  

 དུས་དེབ《མི་རིགས》ལས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།