གངས་དབང་གི་ལྷུག་རྩོམ་བདམ་བཀོད།(2)

ADECF0FA@E9220030.79087A57.jpg

གངས་དབང་། ཁམས་མི་ཉག་ཉག་ཆུ་རྫོང་གི་རོང་ས་ཞིག་ལ་སྐྱེས། ཆུང་དུས་ནས་ཕ་མ་དང་བཅས་པས་སྨོན་སེམས་བཟང་པོས་བཀྲ་ཤིས་ཞེས་འབོད།ཕ་ཡུལ་གྱི་སློབ་ཆུང་དང་སློབ་འབྲིང་འགྲིམས་མཐར་སྤྱི་ལོ༡༩༨༨ལོར་དེ་སྔོན་གྱི་དར་མདོ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་ལོ་བཞིའི་རིང་ལ་བོད་རྒྱའི་རིག་གཞུང་ལ་སློབ་གཉེར་བྱས་ནས་སྤྱི་ལོ༡༩༩༢ལོར་མཐར་ཕྱིན་མོད།རིག་པ་དོན་དུ་གཉེར་འདོད་ཆེ་བས་མུ་མཐུད་དེ་དེ་སྔོན་གྱི་ཁམས་པའི་སློབ་གྲྭ་ཆེན་མོར་བོད་རྒྱའི་རྩོམ་རིག་དང་ལོ་རྒྱུས།ཡིག་སྒྱུར།ནང་བསྟན་སོགས་ལ་འབད་པ་ལྷོད་མེད་བྱས་རྗེས་སྤྱི་ལོ༡༩༩༥ལོ་ནས༢༠༡༠ལོའི་བར་ལོ་བཅོ་ལྔའི་རིང་ལ་སྔོན་རྗེས་སུ་དར་མདོའི་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་བོད་ཡིག་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་ཁུར།ཕུགས་འདུན་ཞིག་གམ་མི་ཚེའི་འགྲོ་ཕྱོགས་ཤིག་གིས་སྤྱི་ལོ༢༠༡༠ལོར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ལས་གནས་སྤོས་ནས་ད་ལྟའི་བར་དུ༼ ཁམས་པའི་ཚགས་པར། ༽དང ༼ ཁམས་པའི་དྲ་བ། ༽༼ ཁམས་པའི་འཛུམ་རིས། ༽སོགས་ཀྱི་གཙོ་སྒྲིག་པའི་འགན་འཁུར་བའི་ཞོར་དུ་བོད་ཡིག་དུས་དེབ ༼གངས་དཀར་རི་བོ།༽ཡི་གདན་ཞུའི་གཙོ་སྒྲིག་པའི་ལས་སྒྲུབ་བཞིན་ཡོད།རྩོམ་རིག་ལ་དད་མོས་ཆེ་བས་སྔ་ཕྱི་རུ་ཁུལ་དང་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས།ལོ་དུ་མའི་རིང་ལ་ལྷུག་རྩོམ་དང་སྙན་ངག གླུ་ཚིག་གཙོ་བར་བྱས་ཏེ་གསར་རྩོམ་བྱས་པའི་བརྩམས་ཆོས་རྣམས ༼ སྦྲང་ཆར། ༽དང༼ བོད་ཀྱི་རྩོམ་རིག་སྒྱུ་རྩལ། ༽༼ རི་བོ་ཉི་ཟླ། ༽༼ གངས་རྒྱན་མེ་ཏོག ༽༼ གངས་དཀར་རི་བོ། ༽༼ གངས་ལྗོངས་ཉི་གཞོན། ༽༼ མི་རིགས། ༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར། ༽༼ ཁམས་པའི་བོད་ཡིག་ཚགས་པར། ༽༼བདེ་ཆེན་བོད་ཡིག་ཚགས་པར། ༽བཅས་ཀྱི་ཐོག་ལ་བཀོད་པར་མ་ཟད་སྤྱི་ལོ༢༠༡༥ལོར་ལྷུག་རྩོམ་ཕྱོགས་སྒྲིག ༼གངས་རི་ལ་དབང་བའི་ཁ་བའི་འདབ་མ། ༽ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནོ།།


རྡོ་རིང་དང་མེ་ལོང་།

བྱམས་སྙིང་རྗེའི་ཁོར་ཡུག་ཏུ་ལྟེ་ཁྲག་འཕོས་ཤིང་བདག་གཞན་མཉམ་བརྗེའི་མཁའ་རླུང་གཙང་མས་ཡིད་སེམས་བརླན་ཏེ་སྐྱེས་པ་ཕོ་ཞིག་ཏུ་འཚར་ལོངས་བྱུང་བའི་ཉེར་ལེན་གྱི་རྒྱུ་བཟང་པོ་ཞིག་རྙེད།བྱུང་ཚད་ལས་དབང་ལ་ཁག་དཀྲི་བའི་རྒན་རྒོན་རྣམས་ཀྱི་ཞལ་ལས་འདྲེ་དང་བདུད་ཅེས་པའི་ལྐོག་གསང་ཅན་གྱི་ཐ་སྙད་མང་པོ་ཞིག་གིས་བྱིས་པའི་ཀླད་རྩ་རུ་ཡོ་ལང་བརྒྱབ།འབྱུང་རྒུ་བསམ་སྦྱོར་ལ་རག་ལས་པར་འདོད་པའི་ན་གཞོན་རྣམས་ཀྱི་བློ་སྤོབས་ལས་ང་རྒྱལ་དང་ཡིད་ཆེས་ཀྱིས་རྐང་འོག་གི་ས་ལམ་དང་མགོ་ཐོག་གི་མཁའ་ལམ་ལ་ཁ་ལོ་བསྒྱུར་ཐུབ་པའི་གདེང་ཚོད་སྐྱེས་པས་གནའ་ཉམས་དོད་པའི་ལུང་ཁུག་དེ་ལ་གྱེས་ཕྱག་འཚལ་ཞིང་།སྨུག་སྤྲིན་གྱིས་མཚམས་བཅད་པའི་རི་བོ་མཐོན་པོ་དེ་བརྒལ་ཏེ་གནའ་སྲོལ་ཉམས་བཞིན་པའི་རི་གྲོང་ཞིག་ཏུ་སླེབས།ཡུལ་དེ་ནི་ངག་རྒྱུན་དུ་བཤད་པ་ལྟར་ངོ་མཚར་གྱིས་ཁེངས་ཡོད་མོད་མ་ཎི་འབྲུ་དྲུག་གི་སྒྲ་ཐན་ཐོན་ཙམ་ལས་གེ་སར་གྱི་དབྱངས་རྟ་ལེན་མཁན་མེད་ལ་ཕ་ཨ་ཁུའི་གཏམ་རྒྱུད་ཀྱང་ཐོས་རྒྱུ་མེད་པར་ཚང་མས་ཅི་ཞིག་གི་དོན་དུ་ཕར་རྒྱུག་ཚུར་འོང་བྱེད་གིན་འདུག རིག་སྟོབས་མ་རྒྱས་པའི་ན་གཞོན་ཞིག་ཡིན་ན་གཞན་རྗེས་འབྲངས་ཏེ་ལད་ཟློས་ཀྱིས་འཁོར་ལོ་བསྐོར་བ་ལས་ཁེར་ཚུགས་ཀྱི་རང་གཤིས་མེད་ལ་རང་སྐྱ་འཕེར་བའི་བསམ་གཞིག་ཀྱང་བྲལ་བས་ཁོང་གིས་ཀྱང་ལྟོ་གོས་འབའ་ཞིག་དོན་གཉེར་བའི་ལམ་བུར་འཚང་ཁ་རྒྱག་འགོ་བརྩམས།སྲིད་པ་འདི་རུ་འགྲོ་ལམ་སྣ་ཚོགས་མཆིས་ཤིང་ལ་ལ་ནི་དམྱལ་བ་ནས་ལྷ་ཡུལ་དུ་བསྲིངས་ཡོད་ལ་འགའ་ཞིག་ནི་ལྷ་ཡུལ་ནས་དམྱལ་བར་རུ་བརྐྱངས་ཡོད།ལམ་སྣ་བོར་ཏེ་ཅི་བྱ་གཏོལ་མེད་ཀྱི་མི་ཞིག་ལ་མཚོན་ན།ཡིན་མིན་གྱི་བར་ལ་རྡོ་རིང་དང་ལེགས་ཉེས་ཀྱི་མཚམས་སུ་མེ་ལོང་ཞིག་ཡོད་ན་ཕ་ཨ་ཁུ་རྣམས་ཀྱི་ཕྱི་ནང་གསང་གསུམ་རྗེན་པར་མཐོང་ཐུབ།ཏག་ཏག་ཁོ་རང་ཡང་ན་མེད་ཚོར་མེད་ངང་དཀར་དམར་ཅི་ཡང་མིན་པའི་ཕུང་པོ་གསུམ་པར་འགྱུར་བཞིན་པའི་སྒང་ལ་དབྱངས་གསལ་གྱི་འཇིག་རྟེན་དུ་ཀྲོང་ངེར་འགྱིངས་པའི་གསེར་གྱི་རྡོ་རིང་དང་གསལ་ལྷང་ངེར་བཀྲ་བའི་གཡུ་ཡི་མེ་ལོང་ཞིག་དང་མཇལ།       གསེར་གྱི་རྡོ་རིང་དེ་ནི་གངས་ཏི་སེའི་འདབས་ནས་གཡག་རོག་པོའི་རྒྱབ་ལ་བཀལ་ཏེ་ཡུམ་བུ་བརླ་མཁར་གྱི་མདུན་དུ་བཞེངས་ཀྱང་དམར་རླུང་དང་ཐལ་རླུང་འཚུབས་པས་བྱེ་མའི་ཁྲོད་དུ་གསལ་ལ་མི་གསལ་བའི་ཚུལ་དུ་སྣང་།གཡུ་ཡི་མེ་ལོང་དེ་ནི་ཡར་ཀླུང་གི་རྒྱུད་ནས་གཙང་པོས་ཁྱེར་ཏེ་པོ་ཏ་ལའི་གྱང་ངོས་སུ་བཀལ་ཡང་ཁ་ཆར་རླུང་གསུམ་གྱིས་གཙེས་པས་རང་ངོ་གསལ་པོར་མཐོང་མ་ཐུབ།ཁོང་ཐེ་ཚོམ་གྱི་ངང་ནས་རྡོ་རིང་གི་དྲུང་དུ་མགོ་བོ་སྒུར་ཏེ་འགྲོ་དུས་རྒས་འཁོགས་ཤིག་གིས་ཁྱེད་དང་འདྲ་བའི་ན་གཞོན་མང་པོ་ཞིག་རྡོ་རིང་དང་རྒྱབ་གཏོད་ངོ་ལོག་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་སོང་ཟེར།ཡི་ཆད་ཀྱི་སྒོ་ནས་གཡུ་ཡི་མེ་ལོང་གི་ཡུ་བར་བྱིལ་བྱིལ་བྱེད་དུས་རྒྱལ་ཁམས་པ་ཞིག་གིས་ཁོང་ནད་ཀྱིས་ཁྱེད་ཀྱི་ངོ་གདོང་འགྱུར་བ་རེད་དམ།དུས་ཀྱི་དབང་གིས་མེ་ལོང་གི་ཁ་དོག་ཤོར་བ་རེད་ཅེས་གསུངས།རྩ་བ་ས་རུ་ཟུག་ཅིང་རྩེ་མོ་དགུང་ལ་བསྙེགས་པའི་ཁེར་རྐྱང་གི་རྡོ་རིང་དེའི་གསང་བ་བརྟོལ་འདོད་ན་མདུང་རྩེ་གདོང་གིས་བསུ་བའི་སྤོབས་པ་ཞིག་དགོས་ལ།རྒྱབ་ནི་པོ་ཏ་ལ་ལ་བརྟེན་ཞིང་མདུན་ནི་ཆོལ་ཁ་གསུམ་ལ་འཁོར་བའི་མེ་ལོང་དེའི་རང་བཞིན་ཤེས་བསམ་ན།མགོ་ནས་མནན་ཡང་དཀྱིལ་ནས་འཕར་བའི་སྙིང་སྟོབས་ཤིག་དགོས་པས་ཕྱི་ནང་གསང་གསུམ་མཁྱེན་པའི་ལོ་རྒྱུས་ཀྱི་རྒན་པོ་དང་ཞལ་མཇལ་ཞུས་ཏེ།ཁ་སང་གང་ནས་ཡོང་ལ་དེ་རིང་ཇི་ལྟར་གནས་པ།སང་ཉིན་གང་དུ་འགྲོ་བའི་དུས་གསུམ་གྱི་གླེང་མོལ་ཞིག་བྱ་རྒྱུ་ནི་ཁོང་གི་མདུན་དུ་ལྷག་པའི་རྒྱུ་མ་ཕུ་འདེད་བྱེད་དགོས་པའི་གནད་དོན་ཞིག་ལགས།

དེ་ནས་བསྒྱུར་ཡང་འགྱུར་ཐབས་བྲལ་ལ་བསྐོར་ཡང་འཁོར་རྒྱུ་མེད་པའི་ལོ་རྒྱུས་རྒན་པོ་དང་དངོས་སུ་ཞལ་མཇལ་ཐེངས་གཅིག་བྱས་ཏེ་བགྲོ་གླེང་ཡུན་རིང་མཛད་པ་ན།མང་ཤོས་ཀྱི་མཐོང་ལམ་དུ་སྣང་བའི་ལོ་རྒྱུས་ཀྱི་རྒན་པོ་དེའི་ཞལ་མདོག་ནི་མི་ཡིས་བསྒྱུར་ཟིན་པ་ཞིག་རེད་འདུགམ་གཞིར་ཁོང་གི་ཞལ་ངོ་ནི་དཔའ་མཛངས་དང་རྟུལ་ཕོད།འདྲ་མཉམ་དང་ཞི་བདེ།ངར་ཤུགས་དང་བློ་སྤོབས།དཀྱེལ་ཡངས་དང་སྒམ་ཚུགས་ཀྱི་ཉམས་བརྒྱའི་འཛུམ་མདངས་ལྡན་པ་ཞིག་ཡིན་མོད།བསམས་ནས་སྨྲ་བ་མང་པོ་ཞིག་གིས་རྩ་བའི་ཁ་དོག་ལོགས་སུ་བསྐྱུར་ཞིང་ཡན་ལག་གི་ཁ་དོག་གང་མང་ཞིག་གདོང་ལ་བྱུགས་པས་ཁོང་ཡང་ལྷ་མིན་འདྲེ་མིན་ཞིག་ཏུ་གྱུར་ཏེ་པང་ནས་སྐྱེས་པའི་བུ་ཕྲུག་གིས་ཡུམ་གྱི་ཞལ་ངོ་མ་ཤེས།ཤེས་ནས་སྨྲ་བ་མི་ཉུང་བ་ཞིག་ལ་བདེན་གཏམ་འཆད་པའི་སྤོབས་པའང་ཉམས་ཏེ་རང་ཉིད་ཀྱི་རྩམ་ཁུག་གི་ཆེད་དུ་སེམས་དང་འགལ་བའི་སྐད་ཆ་ཁོ་ན་བཤད། བློ་དང་འགལ་བའི་ལས་ཀ་རྐྱང་རྐྱང་བསྒྲུབས།

སྒང་པ་འདི་རུ་མིའི་རིགས་ཀྱི་རྣམ་ཤེས་འཁོར་བ་ནས་བཟུང་།གདོད་མའི་ཤེས་རིག་གི་ས་བོན་གྲུང་པོ་ཞིག་ཁོ་བོས་སྦྲུམ་སྟེ།བློན་གྱི་དམག་རྟའི་གོམ་སྒྲ་དང་མཁས་མཛངས་ཀྱི་དཀྱེལ་ཡངས་སྒམ་བརླིང་ལས་ས་འཛིན་དཀར་པོར་གངས་སེང་གི་གཡུ་རལ་གསིག་ཅིང་།རྒྱ་རྫོང་ནགས་སུ་རྒྱ་སྟག་གིས་ངར་སྒྲ་སྒྲོག་པས་གཟི་བྱིན་འབར་བའི་ཡིག་ཕྲེང་བཀོད་པའི་རྡོ་རིང་ཞིག་གྱེན་དུ་བསླངས་མོད།སྤྱང་ཁྱི་ལག་སྦྲེལ་གྱིས་གོ་མེད་ཚོར་མེད་ངང་ང་རང་ཚལ་བར་བཤགས་ཏེ་དོན་ལྔ་སྣོད་དྲུག་གི་མགོ་རྟིང་བསློགས་ནས་ཁྱེད་ཀྱི་མིག་དང་ང་ཡི་ཁ།ཁོ་ཡི་སྣ་ཞེས་མི་རེ་རེས་རྒྱབ་རྟེན་རི་འདྲ་བ་ཞིག་དང་།ལུང་རྟེན་ཁུངས་དང་ལྡན་པ་ཞིག་བཙལ་བས་རྫི་བོས་ལུག་ཁྱུ་བརླགས་སོང་།ཕྲུ་གུས་ཨ་མ་བོར་སོང་།མཐར་རི་འགོའི་ཕོ་བྲང་དུ་བུ་རབས་ཚ་རྒྱུད་ཀྱིས་ཨ་ཕའི་གསེར་ཁྲི་འཕྲོག་རྩོད་བྱེད།རི་སྐེད་ཀྱི་གཟིམ་ཆུང་དུ་ལྷ་མིན་འདྲེ་མིན་གྱིས་འཚང་ཀ་རྒྱག    དེ་ནས་བཟུང་ཁོ་བོའི་སྲ་བའི་རང་བཞིན་གྱུར་ལ་འཐས་པའི་བྱེད་ལས་ཀྱང་ཤོར་ཏེ།རྩྭ་རྩི་ཤིང་གི་རྩ་བ་ཡང་དམ་དུ་བཟུང་མ་ཐུབ་པས་སྒང་པ་འདི་ནི་སེར་ཐིག་ཕོག་པའི་ལོ་མས་ཁེབས་ཤིང་།པགས་པ་བཤུས་པའི་ཤིང་གོག་གིས་གང་།དེ་ནི་རྡོ་རིང་གི་འོག་ཏུ་ཁུ་སིམ་མེར་ཉལ་བའི་ས་ཡི་སྒེག་མོའི་ངག་ནས་ཐོན་པའི་སྡུག་ཡུས་རེད།རྡོ་རིང་གི་ངོགས་སུ་གྱ་གྱུའི་འགྲོས་ཀྱིས་བཞུར་བའི་གཙང་ཆུ་སྔོན་མོས་གཏམ་དེ་ཐོས་འཕྲལ་རླབས་ཀྱི་ཟེགས་མ་མཁའ་རུ་གཏོར་ཏེ་ང་ནི་ཆུ་སྣ་མི་གཅིག་ཁྲི་མ་འབུམ་འདུས་པའི་ཆུ་བོ་ཞིག་ཡིན་ལ།རི་བོ་ཧི་མ་ལ་ཡའི་ཁ་བའི་ཐིགས་ཕྲེང་དང་ཨ་མྱེས་རྨ་ཆེན་སྦོམ་རའི་གཏེར་་་་གྱི་བཅུད་ལས་ཆུ་གཞུང་རྒྱས་ཤིང་རླབས་རིས་བཀྲ།ཁོ་བོའི་བཞུར་རྒྱུན་དུ་འཁྲུངས་པའི་ལྗོན་ཤིང་གི་ཡལ་གར་ཕྱི་ནང་གི་འདབ་ཆགས་འཁོར་བ་དང་།འབྲུ་དྲུག་གི་ལོ་ཏོག་སྨིན་ཏེ་རེ་ཞིག་ལ་མི་སྨོན་རང་སྐྱིད་ཀྱི་ཞིང་ཁམས་ཤིག་ཆགས་པས།ཉིན་མཚན་ཁོར་མོ་ཡུག་ཏུ་འགྲམ་དུ་བཞེངས་པའི་གསེར་གྱི་རྡོ་རིང་གི་ཡིག་འབྲུ་རེ་རེ་ཀློག་བཞིན་དྲན་སྐུལ་དང་གདུང་འབོད་བྱས།མདུན་དུ་བཀལ་བའི་གཡུ་ཡི་མེ་ལོང་ལ་ཡང་ཡང་བལྟས་ཏེ་རྗེས་དྲན་དང་ཕྱིར་ལྟ་བྱས་ཏེ།འབྲོག་པའི་ཕོ་རྒོད་ལ་གནས་ལུགས་ཤུབ་བུར་བཟློས་ཤིང་རོང་པའི་མོ་གསར་ལ་བདེན་དོན་གསེང་མཐོར་བསྒྲགས་མོད།དུས་ནམ་ཞིག་གི་ཚེ་རང་ལྟ་མཆོག་འཛིན་གྱི་མཁས་པ་ཞིག་གིས་གཡོ་ཟོལ་གྱིས་ཁོ་བོ་གཡས་ཕྱོགས་སུ་ཁྲིད།རང་སྡེའི་རིགས་ལ་སྡང་བའི་དཔའ་བོ་ཞིག་གིས་བཙན་པོ་ཡིས་ང་རང་གཡོན་ཕྱོགས་སུ་དེད་པས་ཡིན་མིན་ལ་ཐ་ཚིག་སྒྲོག་པའི་རྣམ་ཤེས་བར་དོར་འཁྱམས་ཤིང་དུས་གསུམ་རྗེན་པར་གཟིགས་པའི་ལོ་རྒྱུས་ཀྱི་སྤྱན་ཟུང་ཁོ་བོའི་འགྲམ་དུ་ལྷུང་།དེ་ནས་བཟུང་མདུན་དུ་སྐུལ་བའི་རྔ་སྒྲ་འཇགས།གཉིད་ལས་བསླངས་པའི་དུང་སྒྲ་དབེན་པས་སྤྱང་ཀིས་ལུག་ལ་འཇབ་པ་དང་དུག་སྦྲུལ་ཤིང་ལ་འཁྱིལ་བ་ལྟར་ཞེས་པའི་སྐྱོ་གར་དེ་སླར་ཡང་གར་སྟེགས་སུ་འཁྲབ་སྟེ་སྟོད་དུ་འཁྲུག་ལོང་གི་ཐལ་བ་འཚུབ་ཅིང་། བར་ལ་ནང་དམེའི་ཁྲག་དྲི་བྲོ། སྨད་དུ་སྒྱིད་ལུག་གི་རུལ་དྲི་ཁྱབ།  རྡོ་རིང་ངོས་ཀྱི་ཡིག་འབྲུའི་རྒྱུན་ཆད་ཅིང་མེ་ལོང་ནང་གི་གཟུགས་བརྙན་ཡང་ཆ་མ་འཚལ་དུ་གྱུར་པ་ན་རང་ངོ་ཡང་མི་ཤེས་པ་ཁྱོད་ལྟ་བུའི་གསར་སྐྱེས་མཁས་མིན་བླུན་མིན་གང་མང་ཞིག་ལོ་རྒྱུས་ཀྱི་ཤུལ་ལམ་དུ་གོམ་ཁ་ཤོར་བར་བརྟེན།དུས་ད་ལྟར་ང་ནི་ཆེ་རྒྱུ་ཆུང་རྒྱུ་མེད་པར་ཆགས་ཤིང་ཁྱེད་ཀྱང་མི་མིན་འདྲེ་མིན་དུ་གྱུར་པ་རེད།དེར་བརྟེན་ཁྱེད་དང་ཁྱེད་འདྲ་བ་ཚོས་ལོ་རྒྱུས་ཀྱི་གསེར་གྱི་རྡོ་རིང་ལ་རྣམ་དག་གིས་ཡང་མཇལ་ཐེངས་ཤིག་དང་གཡུ་ཡི་མེ་ལོང་ལ་གཟབ་གཟབ་ཀྱིས་ཡང་ལྟ་ཐེངས་གཅིག་བྱེད་རན་འདུག་ཅེས་གསུངས།

གཙང་ཆུ་སྔོན་མོས་སྔ་འགྱོད་ཕྱིས་སྡོམ་གྱི་འབེལ་གཏམ་བཤད་མ་ཐག་དྲི་བཞོན་རླུང་གི་ཕོ་ཉས་འུར་སྒྲ་དང་བཅས་གསེར་གྱི་རྡོ་རིང་དང་གཡུ་ཡི་མེ་ལོང་གི་ཕྱོགས་སུ་ལྡང་ཡོང་སྟེ་ཤབ་ཤུབ་ཀྱིས་ཅི་ཞིག་ལབ་ཀྱིན་འདུགཁོང་གིས་རྡོ་རིང་ལ་རྒྱབ་རྟེན་བྱས།  ལག་པས་རྣ་བ་བསྐྱོར་ཏེ་ནན་གྱིས་ཉན་དུས།རླུང་གི་ཕོ་ཉ་ན་རེ།བསྐལ་པ་ཆགས་པ་ནས་བཟུང་ཁོ་བོ་མཐོ་ནམ་མཁའི་སྤྲིན་དང་བར་གངས་རིའི་རྩེ་མོ།དམའ་རྒྱ་རྫོང་གི་ནགས་ཚལ་བཅས་རྒྱུ་མ་མྱོང་བའི་ས་ཞིག་མེད་ལ་མཐོང་ཐོས་སུ་མ་གྱུར་པའི་དོན་ཡང་ལྷག་མེད།གདོད་མའི་ནས་འབྲུ་ལས་རིགས་རུས་ལ་གསོན་ཤུགས་རྒྱས་ཏེ་བཙན་པོའི་ཁོག་པར་འཇིག་རྟེན་ཤོང་།བློན་པོའི་ཁྲག་རྩ་རུ་ལ་རྒྱའི་ཟུངས་ཁྲག་བཞུར།འབངས་མིའི་མིག་ལམ་དུ་འགྲོ་ལམ་གསལ་བས་རྒན་མོས་གསེར་ཁུར་གྱི་དུས་ཤར་ལ་རྫོགས་ལྡན་དུས་ཀྱི་སྐྱ་མདའ་ཡང་བཏང་།དེ་དུས་བྱ་རྒྱལ་རྒོད་པོ་ལྟར་མཁའ་དབྱིངས་ནས་ཐུར་ལྟ་བྱས་ལ་རི་དྭགས་རྒྱལ་པོ་བཞིན་རི་རྩེ་ནས་རྒྱང་ལྟ་བྱས་ཆོག་པས་དེ་འདྲ་བའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་མི་བྱེད་མཁན་སུ་ཡོད།འོན་ཀྱང་ཡུན་མི་རིང་བར་ཆོག་ཤེས་ཀྱི་འདུ་ཤེས་སུ་འབྱུང་འགྱུར་གྱི་ཉེན་ཁ་ཞིག་སྦྲུམ་སྟེ་བྱིས་པ་མངལ་ལས་ཤོར་རྗེས་གཅེན་པོའི་རྟ་ཐོག་གི་ཀི་སྒྲ་དང་གཅུང་པོའི་གཡག་ཐོག་གི་བོའུ་སྒྲ་ཡིས་ས་གཞི་སྒེག་མོའི་དོན་ལྔ་སྣོད་དྲུག་འདར་བས་སྤྱང་ཁྱུས་ལུག་ལྤགས་ཧྲལ་བ་ལྟར་སྙིང་རྗེ་བའི་ལམ་ཞིག་མུ་ནས་མུ་རུ་བསྲིངས།དེ་དག་ནི་ཉེན་བརྡ་གཏོང་བའི་ཅོང་སྒྲ་ལྟ་བུ་ཞིག་ཡིན་མོད།ཁྱེད་དང་ཁྱེད་འདྲ་བ་ཚོས་ནོངས་འགྱོད་མེད་པ་མ་ཚད་ད་དུང་གླང་གི་རྭ་ཅོ་ཅན་དང་ལྷ་ཡི་སྤྲུལ་པ་ཞེས་མི་མགོ་མི་སྐོར་རང་མགོ་སྐོར་བའི་གཏམ་རྒྱུད་བརྩམས་ཏེ་བག་ཡངས་སུ་བསྡད།ད་ནི་ང་ཚོས་བཙན་པོའི་དུས་ཀྱི་སྙིང་སྟོབས་གང་ནས་ཡལ་བ་དང་།སིལ་བུའི་སྐབས་ཀྱི་ཕྱོགས་འཐེན་གང་ནས་དར་བ་བཅས་ལ་རྗེས་དྲན་ཐེངས་ཤིག་དང་ཕྱོགས་བསྡོམས་ལན་མང་བྱས་ཏེ་ཕ་མའི་མགོ་སྐོར་བའི་ཞབས་འདྲེན་དང་ནོར་བུ་གཞན་ལ་་བཙོངས་པའི་ཕམ་ཁ།སྤྱང་ཀི་ནང་ལ་དྲངས་པའི་ངོ་ཚོ་དང་དྲན་ཤེས་ལྐུགས་པར་བཟོས་པའི་ཁྲེལ་མེད་བཅས་ལ་རང་ཉིད་ནས་ཁས་ལེན་གྱིས་རང་ངོས་ནས་བཤགས་བཅོས་ཅིས་ཀྱང་བྱ་དགོས་ཞེས་ནན་གྱིས་བཤད།དྲི་བཞོན་བུ་མོས་ལོ་རྒྱུས་ཀྱི་རྒན་པོ་ལ་ཕྱིར་ལྟ་ཐེངས་གཅིག་བྱས་ཏེ་དལ་བུའི་ངང་མཁའ་དབྱིངས་སུ་འཕུར་དུས་ཆུ་འཛིན་དཀར་པོ་གཡུང་དྲུང་གི་རིས་སུ་འཁྲིགས་ཤིང་།འཇའ་ཚོན་སྣ་ལྔས་གུར་ཁང་ཕུབ་པས་རྟེན་འབྲེལ་ལ་དགའ་བའི་མི་རྣམས་ལ་སྤྲོ་བ་ཚད་མེད་བརྟས།ལོ་རྒྱུས་ཀྱི་རྒན་པོས་ས་ཡི་སྒེག་མོ་དང་གཙང་ཆུ་སྔོན་མོ།རླུང་གི་བུ་མོ་བཅས་ཀྱི་གསུང་ལ་གསན་རྗེས་སྤྱན་ཟུང་ལ་འོད་མདངས་འཚེར།ཞལ་ངོ་ལ་འཛུམ་མདངས་རྒྱས་ཏེ་ཕྱག་ཟུང་གིས་གཡུ་ཡི་མེ་ལོང་མཁའ་ལ་བཏེགས།ཞབས་ཟུང་གསེར་གྱི་རྡོ་རིང་ལ་བརྟེན་ཏེ་འདི་སྐད་གསུངས།ཕ་བཟང་གི་བུ་ལ་རིགས་བཟང་གི་གཏམ་ཡོད།མ་བཟང་གི་བུ་མོར་རྒྱུད་བཟང་གི་ངག་ཡོད་ཅེས་པ་ལྟར་ས་ཆུ་རླུང་གསུམ་གྱི་གསེར་ཞུན་གྱི་ཐིགས་པ་ལྟ་བུའི་གཏམ་ནི་དུས་སུ་འབབ་པའི་ཆར་པ་རེད།འདས་པ་ནི་ལོ་རྒྱུས་ཡིན་ཡང་།ལོ་རྒྱུས་ནི་ནམ་ཡང་འདས་མེད།སུ་ཡིས་ལོ་རྒྱུས་ཀྱི་ཁེ་གྱོང་ལ་སྣང་དག་མ་བཏང་ན་།དེ་ཡི་འབྱུང་འགྱུར་ལ་ཐར་ལམ་མེད།ཁྱེད་དང་ཁྱེད་འདྲ་བའི་གདོང་དམར་རྒྱུད་འཛིན་རྣམས་ཀྱིས་གསེར་གྱི་རྡོ་རིང་ཡང་ཡང་མཇལ་ནས་སྔར་བྱས་ལས་ལ་འགྱོད་པ་ཞིག་དང་ཕྱི་འོངས་དོན་ལ་རྒྱང་ལྟ་ཞིགགཡུ་ཡི་མེ་ལོང་ཡང་ཡང་ཕྱིས་ཏེ་ཅི་ཞིག་གིས་ཁ་བ་ཅན་ཞེས་འཛམ་གླིང་གི་རྩེ་མོར་གྲགས་ཤིང་གང་ཞིག་གིས་རྨོངས་དད་ཅན་ཞེས་མི་གྲལ་གྱི་མཐའ་རུ་ལྷུང་བ་ལ་དཔྱོད་ཤེས་ཀྱི་རིག་པ་ཞིག་མི་དགོས་སམ།དྲང་བདེན་དམ་དུ་བཟུང་བ་ས་ཡི་སྒེག་མོའི་སྲ་ཞིང་འཐས་པའི་སྙིང་སྟོབས་དང་།ངན་རྒུ་གཙང་ཕྱགས་བྱས་པ་གཙང་ཆུ་སྔོན་མོའི་བརླན་ཞིང་གཤེར་བའི་སྤོབས་པ།ཡོད་ཚད་མིག་ལམ་དུ་ཟིན་པ་རླུང་གི་ཡང་ཞིང་གཡོ་བའི་མཐུ་ནུས་བཅས་འཛོམས་ན།བཙན་པོ་ཅན་གྱིས་སྒུལ་མི་ཐུབ་ལ་གཡོ་ཁྲམ་ཅན་གྱིས་བསླུ་མི་ཐུབ་པར་རང་གཤིས་འབུར་དུ་ཐོན་ཞིང་།རང་རྐང་བརྟན་པོར་ཚུགས་པའི་མི་བོ་ཆེས་མདུན་ལམ་བསྟན་པའི་རྟོགས་བརྗོད་རིང་པོ་དང་རང་ངོ་ཤེས་པའི་རྣམ་ཐར་གསར་པ།ངོམ་རིན་ཡོད་པའི་ལོ་རྒྱུས་ངོ་མ་ཞིག་གངས་རིའི་རྩེ་མོ་དང་གཙང་ཆུའི་འགྲམ་དུ་མཇལ་ཆོག་ཆོག་རེད།

ཁོང་གིས་འཁྱོག་བརྗོད་ཀྱི་ལོ་རྒྱུས་ཀྱིས་ང་ཚོ་འཁྱོག་པོར་བསྒྱུར་ཞིང་ལོག་བཤད་ཀྱི་གཏམ་རྒྱུད་ཀྱིས་ང་ཚོ་མི་མིན་དུ་ཆགས་པས་ད་ནི་ལྐོག་གསང་དུ་སྦས་པའི་མངོན་སུམ་གྱི་ཆེད་དུ་ཀུན་གྱི་གཟི་བརྗིད་གསལ་བའི་རྡོ་རིང་ལ་འགྲམ་སྐྱོར་དང་ཡོངས་ཀྱི་ངོ་ཚ་བཀྲ་བའི་མེ་ལོང་ལ་བྱི་དོར་བྱ་དགོས་སྙམ་སྐབས།མདུན་དུ་མེ་ལྕེ་ལྷབ་ལྷུབ་ཏུ་འབར་ཞིང་མེ་སྟག་མཁའ་ལ་འཕྱུར་བ་ཞིག་མཐོང་།དེ་ནི་རྡོ་རིང་དང་མེ་ལོང་གི་འདས་དོན་ཡིད་ལ་རུམ་ཡོད་པའི་མེ་ཡི་སྟག་ཤར་གཞོན་ནུ་སྟེ།ད་ཅི་ས་ཆུ་རླུང་གསུམ་དང་ལྷན་དུ་མེད་པས་ཁོང་ལའང་རིགས་ཀྱི་གཅོང་ནད་ལ་ཕན་པའི་མངོན་རྗེས་ཚད་མས་གྲུབ་པའི་བདུད་རྩི་ལྟ་བུའི་ལོ་རྒྱུས་ཀྱི་ལྟ་བ་ཞིག་འཆད་རྒྱུ་ཡོད་ཐག་ཆོད་རེད་སྙམ་སྟེ་དེའི་ཕྱོགས་སུ་རྒྱུགས་སོང་ངོ་།  །

ལྷུག་རྩོམ་གྱི་དེབ《གངས་རི་ལ་དབང་པའི་ཁ་བའི་འདབ་མ》ལས།


ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་འབབ་བྱུང་།

ལོ་རྙིང་པ་ལ་ཕྱིར་དྲན་ཅིའང་བྱེད་ཁོམ་མེད་པར་རྒྱབ་ལ་བསྐྱལ་ཞིང་།ལོ་གསར་པ་ནི་གནའ་མིན་ད་མིན་གྱིས་མདུན་དུ་བསུས་པའི་བརྒྱུད་རིམ་ནང་དུ་མིག་དབང་ནི་ལུགས་སྲོལ་ཆ་མིན་ཡ་མིན་གྱིས་ཁོམ་དུ་མ་འཇུགརྣ་ལམ་ནི་ལབ་གླེང་བསྟོད་མིན་སྨད་མིན་གྱིས་དལ་དུ་མ་འཇུགསྣ་དབང་ནི་ཁ་ཟས་སྨན་མིན་དུག་མིན་གྱིས་བདེ་ཐབས་བྲལ།གཉེན་ཉེ་རིགས་དང་གྲོང་མི་ཁྱིམ་མཚེས་དག་གི་རྒྱུ་ནོར་ངོམ་འདོད་ཀྱི་ཧམ་སེམས་དང་དབང་གྲགས་དར་རྒུད་ཀྱི་སེམས་ནད།ཆགས་སྡང་འཐེན་ཁྱེར་གྱི་ལ་རྒྱ་ཡིས་གར་འགྲོ་འདྲི་མཁན་མེད་ལ་གར་འདུག་རང་དབང་ཅན་གྱི་ཕོ་རྐྱང་ཚོའི་ལུས་སེམས་གཉིས་ཀ་ལྷོང་ལྷོང་དུ་བཏང་དུས་ངུ་དགོས་ཀྱང་ངུ་མ་བྲ།དགོད་ཤོར་ཡང་དགོད་མ་འདོད་བཞིན་དུ་དྲི་བ་འདོམ་གང་དང་དོགས་པ་སེམས་གང་ཁྱེར་ཏེ་ལྟོ་གོས་གཏམ་གསུམ་འཚོལ་བའི་ལས་གནས་སུ་ལོག

ལམ་ལ་འགྲོ་བའི་ཉིན་དེར་ཉི་མའི་ངོ་མདོག་ཤོར་བཞིན་པའི་ཡུལ་མི་རྣམས་དྲན་བཞིན།གནའ་ཉམས་ཡལ་ཟིན་པའི་རི་ཆུ་རྣམས་ལ་ཕྱིར་བལྟས་ཡང་ཡང་བྱེད་དུས།སྔོ་བསངས་བུ་མོའི་མངལ་དུ་སྦྲུམ་པའི་ཁ་བའི་འདབ་མ་མཐོ་ས་ནས་ལྷབ་ལྷུབ་ཀྱིས།སིམ་སིམ་ངང།ལྡེམ་ལྡེམ་གྱིས་བབས་ཏེ་གཞི་བདག་དང་གནས་རི།ལྷ་ཤིང་དང་ཀླུ་ཤིང་གིས་དབུ་རུ་ཞྭ་དཀར་པོ་བཞེས་ལ།མདུན་ཕྱོགས་ཀྱི་ལམ་ངོས་སུ་དར་དཀར་ཡུག་གཅིག་རྒྱང་རིང་དུ་བསྲིངས་འདུག་པས།བོད་མི་རྣམས་ཀྱིས་ཁ་བའི་ཞབས་རྗེས་དཀར་ཞེས་བཀྲ་ཤིས་པའི་ལྟས་བཟང་དུ་བཤད་སྲོལ་ལ་རྒྱུ་མཚན་ཡོད་མེད་མི་ཤེས་མོད།རིག་གནས་སེམས་ཁམས་ཤིག་གི་རྐྱེན་གྱིས་ངས་ཀྱང་དེ་ནི་ལོ་གསར་པའི་ནང་གི་རྟེན་འབྲེལ་དུ་བརྩིས་པ་ཡིན།

ལ་དམའ་བོ་འཕྲེད་ཀྱིས་བཅད།མཐོན་པོ་ཤུགས་ཀྱིས་བརྒལ།ཆུ་ཆེན་པོར་ཐབས་ཀྱིས་བྱོལ།ཆུང་ངུ་ཐོད་ཀྱིས་བརྒལ་ཏེ་དར་རྩེ་མདོ་རུ་སླེབས་པ་ན།རི་གསུམ་གྱིས་པང་དུ་འཁྱུད་པའི་ལུང་པའི་ཕུ་མདའ་བར་ལ་གྱ་གྱའི་འགྲོས་ཀྱིས་ཆགས་པའི་མདོ་གྲོང་གི་གནམ་ས་ནི་ཁ་བའི་འདབ་མས་སྦྲེལ་ཏེ་ནམ་མཁའ་ལ་མཐོ་ཉམས་མི་འདུགས་གཞི་ལ་དམའ་ཚུགས་མི་སྣང་།ཐོག་ཁང་དང་ཁྲོམ་ལམ།ཆུ་བོ་དང་རྒྱ་ལྕང་།རི་ངོས་དང་ཞིང་ས་བཅས་ནམ་རྒྱུན་བརྗིད་ཉམས་དང་ཟིལ་ཤུགས་ལྡན་ཞིང་།ཞི་དུལ་དང་བག་ཆགས་ཡོད་པ།དཀར་ནག་དང་འཇམ་རྩུབ་གསལ་བ་བཅས་ཡོད་རྒུ་ལྷིང་འཇགས་ཀྱི་འཇིག་རྟེན་དུ་ཁ་བའི་མེ་ཏོག་གི་རྨི་ལམ་རྨིས་པ་ལྟར་དུ་སྣང་བས།ངས་ཀྱང་ལྷིང་འཇགས་བག་ཕེབས་ཀྱི་ཁོར་ཡུག་དེ་ལ་ཕོག་ཐུག་གཏང་མ་འདོད་པར་སྒེའུ་ཁང་གི་འགྲམ་དུ་ཉལ་ས་བཅས་ཏེ་ཁ་བ་ནི་དོགས་ཟོན་མེད་པར་མཁའ་ནས་འབབ་ཚུལ་ལ་བལྟས།རླུང་བུ་ཡིས་སེར་སྣ་མེད་པར་ཁ་བ་གང་སར་དེད་སྟངས་ལ་ཉན།ཆུ་བོ་ཡིས་འཛེམས་བག་མེད་པར་ཁ་བ་རྒྱང་རིང་དུ་ཁྱེར་ཚུལ་དྲན་བཞིན།རྨི་ལམ་གྱི་ཞིང་ཁམས་སུ་ཁ་བ་འདབ་དྲུག་ཅན་གྱི་གཏམ་རྒྱུད་འཚོལ་དུ་སོང་།

གངས་ཏི་སེའི་རི་འགོར་སྤྲིན་དཀར་གྱི་འདབ་མ་ཞིག་ལྡིང་ལ།དེའི་འོག་ཏུ་འཛུམ་ཤིག་གེར་བཞད་པའི་ཁ་བའི་མེ་ཏོག་གིས་སྲིད་པ་ཆགས་གླུ་རུམ་ནས་ཡོད་པས།སྟོད་པ་ཚོ་གནའ་ནས་ཁ་བ་ལ་འཇིགས་ཀྱང་དད་ཅིང་བཀུར།

ཨ་མྱེས་རྨ་ཆེན་གྱི་ཕྲག་པར་སྨུག་ལོང་གི་དཀྱིལ་འཁོར་ཞིག་བཞེངས་ལ།དེའི་གསེང་དུ་ཁ་བའི་བདུད་རྩི་ལྟེམས་མེར་འཁྱིལ་ཏེ་མིའུ་གདོང་དྲུག་གི་སྐྱིད་སྡུག་བཙོས་ནས་ཡོད་པས།བར་པ་ཚོས་ཆུང་དུས་ནས་ཁ་བ་ལ་དགའ་སྟེ་འགྲོགས་ཤིང་གོམས།

རི་བོ་གངས་དཀར་གྱི་འདབས་སུ་དར་ལྕོག་ཅིག་རླུང་ཁར་བསྐྱོད་པའི་ཤུལ་དུ་ཁ་བའི་འདབ་མ་ལས་གེ་སར་གྱི་རྟོགས་བརྗོད་ཆུ་ཐིགས་སུ་ཟགས་པས།སྨད་པ་ཚོས་ནམ་ཡང་ཁ་བའི་གཏམ་རྒྱུད་ཀློག་ཅིང་གྱེར།

ཁྱེད་ད་དུང་ཉལ་ཚུགས་སམ།ཁ་བ་ཆེན་པོ་བབས་ཏེ་སྒོ་ཁའང་བཀག་འདུག་ཅེས་མིའམ་ལྷའམ་ལྷ་མ་ཡིན་ཆ་མ་འཚལ་བའི་གྲགས་སྐད་ཀྱིས་ང་རང་གཏམ་རྒྱུད་འཚོལ་བའི་རྨི་ལམ་ལས་སད།མལ་ལས་ལངས་ཏེ་སྒོ་ཁར་བུད་དུས་དངོས་གནས་རྐང་པའི་པུས་མོའི་ཚད་ལ་སླེབས་པའི་ཁ་བ་ཆེན་པོ་ཞིག་བབས་འདུགཁྱིམ་མཚེས་ཀྱི་ཨ་མ་རྒན་མོ་སྔ་མོ་ནས་ལངས་ཏེ་དུས་རྒྱུན་ཕྲེང་བ་བགྲང་ཞིང་ལག་འཁོར་བསྐོར་བའི་ཕྱག་ཟུང་གིས་ལྕགས་ཁྱེམ་བཟུང་སྟེ་ཁ་བའི་ནང་འགྲོ་ལམ་ཕྲ་མོ་ཞིག་ཕྱགས་པས།དཀར་བོང་བོང་གི་ཁྲོད་དུ་གཞུ་ལྟར་གུག་པའི་སྐུ་ལུས་ཀྱི་རྗེས་སུ་མདའ་ལྟར་དྲང་བའི་རྐང་ལམ་ཕྲ་མོ་ཞིག་ཁྱིམ་ཚང་སོ་སོའི་སྒོ་ཁ་ནས་གཞུང་ལམ་གྱི་ཕྱོགས་སུ་བསྲིངས་འདུགའཚོ་ཚིས་ཀྱི་དོན་དུ་འགྲོ་འོངས་བྱེད་པའི་དར་གཞོན་བྱིས་གསུམ་གྱིས་ཆར་གདུགས་ཕུབ།ཁ་ཤུབས་གྱོན།ལག་ཤུབས་བསྐོན་ནས་ཨ་མ་རྒན་མོས་བཏོད་པའི་ཁ་བའི་ལམ་དུ་བབ་བརླིང་ངང་རང་རང་སོ་སོའི་དམིགས་སར་འགྲོ་བཞིན་སྣང་།ཁ་བ་ནི་ད་དུང་ཡང་སྙིང་རྗེ་དང་སེར་སྣ་མེད་པར་ལྷབ་ལྷུབ་ཀྱིས་འབབ་ཀྱིན་མཆིས་པས་ཨ་མ་རྒན་མོའི་དབུ་རུ་ཁ་བའི་ཟེགས་མ་སྤུངས་ཏེ་གངས་རིའི་རྩེ་མོ་དང་མཚུངས་ལ།ཕྲག་པར་ཁ་བའི་མེ་ཏོག་བཞད་དེ་གངས་ལྷའི་མེ་ཏོག་དང་འདྲ།ཞབས་ལ་ཁ་བའི་འདབ་དྲུག་འབྱར་ཏེ་པད་མའི་གདན་དང་མཐུན་པས་རྒྱང་རིང་ཐུང་གང་ནས་བལྟས་ཀྱང་ང་ཚོའི་མིག་ལམ་དུ་བཞེངས་པའི་གྲང་ངར་ནང་དྲོད་འཁོལ་གནང་བའི་གསོན་སྐུ་ཞིག་རེད་ལགས།

ཀ་པས།“ཨ་ཙི།ལོ་ངོ་བཅུ་ཕྲག་རིང་ལ་དར་མདོར་འདི་འདྲའི་ཁ་བ་ཆེན་པོ་བབས་མ་མྱོང་།ལྟས་བཟང་ངན་ཅི་ཡིན་མི་ཤེས།”

ཁ་པས།

“ལོ་གསར་པའི་ནང་ཁ་བའི་མཆོད་པ་སྤུངས་པ་ནི་ལྟས་བཟང་ལོས་ཡིན།”

ག་པས།“གངས་ཁ་བ་གནམ་ནས་མ་འབབ་ན།།གངས་རི་ཞེས་པ་དོན་རེ་ཆུང་།།གངས་སེང་གེ་རོང་སར་བབས་སོང་ན།།རྒྱལ་པོ་ཞེས་པ་ངོ་རེ་ཚ།།

ང་པས།“དཔྱིད་འགོའི་ཁ་བ་བདུད་རྩི་རེད།ད་ལོར་ཞིང་འབྲོག་མི་སེར་ཚོར་བེར་ཤིང་ཤ་མོ་དང་དབྱར་རྩྭ་དགུན་འབུ་ཡག་རྒྱུ་རེད།”

ཅ་པས།“རེད་དེ།འབྲོག་སར་ཁ་བ་ཆེན་པོ་བབས་ན།ནོར་ལུག་ལ་གོད་ཁ་ཆེ་རྒྱུ་རེད །”དེ་ལྟར་ཟེར་ཞོར་ཁ་པར་བླངས་ནས་ཨང་གྲངས་མནན་རྗེས།

“ཨ་རོགས།ཕ་ཡུལ་ན་ཁ་བ་ཨེ་བབས་ཐལ།”

“ཕ་ཡུལ་ན་མདང་དགོང་ཁ་བ་ཆུང་ངུ་ཞིག་བབས་ཀྱང་ད་གནམ་དྭངས་སོང་།སེམས་ཁྲལ་མི་དགོས།”

“ཡྰ་ཡྰ།ཁ་བ་མ་ཆེ་ན་ཡག་གི།འདི་ན་འདྲ་བོའི་ཁ་བ་ཆེན་པོ་བབས་སོང་ན་རྟ་ནོར་ལུག་གསུམ་ལ་གོད་ཁ་ཆེ་རྒྱུ་རེད།ལྷས་ནང་གི་ནོར་ལུག་མེད་སོང་ན།ཁྱེད་ཚོའང་ཡུན་མི་རིང་།ཧ་ཧ་་་་་་”

ངས་འགྲོ་མི་རྣམས་ཀྱི་གླེང་མོལ་ལ་ཉན་བཞིན་འདི་ལྟར་བསམས་ཏེ།གཅིག་བྱས་ན་ཐེངས་འདིའི་ཁ་བ་ཆེན་པོ་ནི་གནམ་རྒན་མས་ལོ་ངོ་བཅུ་ཕྲག་གི་རིང་ལ་བང་མཛོད་དུ་ཉར་བའི་ཁ་བ་རྣམས་སྦྲང་དཀར་རྩམ་པའི་ཚུལ་དུ་ང་ཚོའི་སྐལ་བར་བརྫངས་པ་ཡིན་ནའང་ཐང་།གཅིག་བྱས་ན་མ་འོངས་པའི་དུས་ཡུན་རིང་པོའི་ནང་དུ་འབབ་རྒྱུ་ཡོད་རྒུ་ད་ལོར་བགོ་སྐལ་དུ་ཕབ་པ་ཡིན་ནའང་སྲིད།གང་ལྟར་གནམ་ས་སྦྲེལ་མཚམས་སུ།གསར་རྙིང་མཐུད་མཚམས་སུ།ཉི་ཟླ་འཁོར་མཚམས་སུ།དུས་ཚིགས་བརྗེ་ལེན་བར།རོང་པས་འབྲོག་སའི་གངས་སྐྱོན་གྱི་སྡུག་བསྔལ་མི་ཤེས་ལ་འབྲོག་པས་རོང་སའི་ས་འཚིག་གི་བར་ཆད་མི་གོ་བའི་དུས་འདིར་ཁ་བ་མཐོ་སར་མི་འབབ་དམའ་སར་འབབ།འབྲོག་ཁྱི་མཐོ་སར་མི་སྡོད་དམའ་སར་རྒྱུགངང་སེར་མཚོ་ཁར་མི་སྡོད་སྐམ་སར་མྱུལ་བ་བཅས་ལུགས་ལྡོག་གི་ཁ་ཆར་ཇི་ལྟར་འཚུབ་ཀྱང་ང་ཚོ་ཡར་ཡར་འགྲོ་དགོས།རི་འགོར་དར་ལྕོག་སློང་བཞིན།ཉ་གར་ལ་བཙས་གསོ་བཞིན།མཁའ་དབྱིངས་སུ་རླུང་རྟ་སྤུར་བཞིན།ཁ་བའི་ནང་རྣམ་ཤེས་དཀྲོགས་ཀྱིན།

ཐེངས་འདིའི་ཁ་བ་ཡིས་ལོ་རྙིང་པ་ནང་གི་རྡུང་རྡེག་དང་གྱོང་རྒུད།འཁྲུག་སྦྱོར་དང་ཕམ་ཁ།ཁེངས་དྲེགས་དང་རང་རློམ་ལ་སྐྱེལ་མ་དང་།ལོ་གསར་པའི་བྱམས་སེམས་དང་དོ་ཁུར།སྙིང་སྟོབས་དང་རྒྱུན་སྲུང་།བློས་ཐུབ་དང་ངེས་དོན།འཚོལ་སྙེག་དང་རེ་བ་ལ་དགའ་སྟོན་མཛད་པའི་ཆེད་དུ་ཆེན་པོ་བྱིའུ་ལྟར་དུ་ལྡིང་བས་རི་ངོས་སུ་བརྐོས་པའི་གཟུངས་སྔགས་དང་ལྷ་རིས་ངོས་ཀྱི་ཐལ་རྡུལ་དྭངས་པར་བྱས།ཆུང་ངུ་བུང་བ་ལྟར་དུ་འཁོར་བས་དགོན་པའི་གཙུག་ཏོར་ལ་བྱབས་འཁྲུས་བྱས་པའི་ཆུ་ཐིགས་རེ་རེ་དད་ལྡན་པའི་བློ་སྙིང་མཆིན་གསུམ་དུ་བཞུར།ཆུ་བོ་ནི་སྐབས་འགར་སྨྲ་བ་ཉུང་ལ་བག་ཆགས་ལྡན་པའི་བུ་མོ་ཞིག་དང་འདྲ་ལ།ལན་རེར་འཁང་ར་མང་ཞིང་ཞེ་སྡང་ཆེ་བའི་བདུད་མོ་ཞིག་དང་མཚུངས་པར་ཁ་བའི་དངོས་གྲུབ་ཁྱེར་ཏེ་གཡས་གཡོན་གྱི་ཆུ་རགས་བར་ལ་ཕྱི་རོལ་དུ་འབབ་ཅིང་།ཁང་ཐོག་གི་ཁ་བ་བཞུས་པའི་ཐིགས་སྒྲས་རྗེས་དྲན་ལ་དགའ་བའི་རྒན་རྒོན་རྣམས་ཀྱི་དྲན་པ་སློང་གིན་འདུགལམ་འགྲམ་གྱི་ཤིང་སྡོང་རྒྱ་ལྕང་གིས་ཁ་བ་རྒྱན་དུ་བཀླུབས་ནས་སྨྲ་བ་བཅད་པའི་རྒན་པོ་ལྟར་འཇམ་ཐིང་ངེར་གནས་སྐབས།བྱིའུ་ཁྱུ་ཞིག་རླུང་བུ་དང་འགྲོགས་ཏེ་ཚང་མལ་དུ་ལོག་དུས་ཁ་བའི་ཟེགས་མ་གཏོར་ནས་གཞུང་རྟ་དང་ཡལ་ག་ལ་བརྡབ་གསིག་བཏང་ཡང་།རྩ་བ་ཀླུ་ཡི་མཛོད་དུ་ཟུག་ཡོད་ན་ཁ་བ་ཆེ་ཡང་ཅི་གནོད།གཞུང་རྟ་གནམ་གྱི་མཐོངས་སུ་རྒྱས་ཡོད་ན་རླུང་དམར་འཚུབ་ཀྱང་ཅི་འཇིགས།

མ་གཞིར་ས་ཆ་འདི་ལ་ཁ་བ་བབས་ན་ད་གཟོད་གངས་རི་ནི་དཀར།གཙང་ཆུ་ནི་རྒྱས།མཁའ་དབུགས་ནི་གཙང་།མི་སེམས་ནི་དྭངས་བས་ཁ་བའི་མེ་ཏོག་རེ་རེ་ནི་ནམ་མཁས་ས་གཞི་ལ་གཏོར་བའི་སྙན་ཚིག་རེ་རེ་དང་།ཁ་བའི་ཕུང་པོ་རེ་རེ་ནི་ས་གཞིས་ནམ་མཁའ་ལ་ཕུལ་བའི་ལྷུག་རྩོམ་རེ་རེ་ཡིན།དེ་ནི་བདེན་ཏེ།ཡུལ་གྱར་བའི་སེམས་པ་ལྟར་ཅི་དགའ་གང་འདོད་དུ་འཕུར་བའི་ཁ་བ་ཡིས་ཡུལ་གྲུ་འདིའི་མཁའ་རུ་འཁྱམ་པའི་བརྩེ་དུང་གི་རྣམ་ཤེས་རྨ་ཁ་ཅན་དང་།གཡོ་ཁྲམ་གྱི་ཆག་སྒོ་སྐལ་དུ་བབས་ཤིང་མི་གཤིས་ཀྱི་དུག་དྲི་འགོས་པའི་ལུས་སེམས་ལ་གཙང་བཤེར་ཐེངས་གཅིག་བྱས།དཔྱིད་ཀྱི་ཕོ་ཉ་ལྟར་ལྷབ་བེ་ལྷུབ་བེ་ཡིས་ལྡིང་བའི་ཁ་བ་ཡིས་རི་གྲོང་ནས་ཁྱེར་ཡོང་བ་ཐམས་ཅད་གྲོང་ཁྱེར་དུ་བོར་ལ།གྲོང་ཁྱེར་དུ་གད་སྙིགས་ལྟར་འཕངས་པ་ཚང་མ་རི་གྲོང་དུ་ཁྱེར་འགྲོ་མཁན་ཚོ་ལའང་གསལ་འདེབས་ཤིག་གི་སླད་དུ་བྱམས་བརྩེ་འཁྱིལ་བའི་ས་གཞི་ཞིག་གདན་དུ་བཏིང་ལ།དཔའ་ངར་རུམ་པའི་གངས་རི་ཞིག་གཙུག་ཏུ་བཞེངས་སོང་།

དེ་མིན་ནམ།མིག་ལམ་དུ་ཡལ་མི་སྲིད་པའི་སྟོད་ཀྱི་གངས་རིར་ནམ་རྒྱུན་གྱི་ནག་ཐིག་གཅིག་ཀྱང་མཐོང་རྒྱུ་མེད་པར་དཀྱིལ་ཀྲུང་བཅས་ཏེ་སྨུག་ལོང་ཁྲོད་ནས་ཁ་བའི་སྟངས་སྟབས་ལ་གཟིགས་ཤིང་ཅི་ཞིག་ལ་མནོ་བསམ་གཏོང་བ་དང་མཚུངས།དོན་དུ་ལྷིང་འཇགས་ཀྱི་ཁོར་ཡུག་ཏུ་བསམ་གཞིག་གི་མདུད་པ་བཀྲོལ་བ་ནི་བདེ་སྐྱིད་ཅིག་དང་།བསམ་གཞིག་གི་འབྲས་བུས་ས་བོན་བྱས་ཏེ་མྱུ་གུ་འབུས་པ་ནི་ཚོགས་བསོད་ནམས་ཤིག་ཅིས་མ་ཡིན།

ཁ་རྒྱབ་གསེར་གྱི་ཉི་འོད་ནང་དུ་གཞུང་ལམ་དང་གྲོང་པའི་ཐང་ཆེན་དུ་བྱིས་པ་དང་ན་གཞོན།དར་མ་ཞེས་དབྱེ་འབྱེད་མེད་པར་རང་རང་སོ་སོའི་འདོད་པ་ལྟར་ཁ་བའི་ནང་རྩེད་མོ་རྩེ་བཞིན་སྣང་།ལ་ལས་ཁ་བ་རྒྱག་རེས་དང་བཏབ་རེས་བྱས་ཏེ་ཁ་བའི་ཟེགས་མ་མཁའ་རུ་ཐོར་བ་ནི་བོད་ཀྱི་ས་ཆ་འགའ་ལ་ལོ་སར་སྐབས་སུ་རྩམ་མཆོད་བྱེད་པ་དང་མཚུངས་ཏེ།མགོ་ལུས་ཚང་མ་དཀར་སེང་སེང་དུ་ཆགས་པས་ཁ་བས་བཞེངས་པའི་མི་དང་འདྲ།དེ་ཡང་རྩམ་མཆོད་ནི་གནའ་དུས་སུ་བྱ་དཀར་པོའི་སྐེ་བཅད་ནས་ཁྲག་མཆོད་པ་དང་མཉམ་དུ་རྩམ་པ་མཆོད་པའི་ཆོ་ག་ཞིག་ཡིན་ཡང་།རྗེས་སུ་ནང་ཆོས་དར་ནས་བྱ་ཡི་ཚབ་ནི་བལ་དཀར་པོས་བཟོས་པ་དང་ཕན་ཚུན་བར་རྩམ་པ་ཇི་ཙམ་མང་པོ་བཏབ་ན་དེ་ཙམ་གྱི་བཀྲ་ཤིས་པའི་རྟེན་འབྲེལ་དུ་བརྩི་བཞིན་ཡོད་པ་དེར་འདིང་བརྒྱབ་ན།དཀར་པོ་ནི་བོད་མིའི་ཆེས་བརྩི་ཐང་ཆེ་བའི་མདོག་ཁ་ཡིན་པས་ལུས་ལ་དཀར་པོ་བཏབ་ན་གཅིག་ནི་ཕན་ཚུན་བར་བསམ་བློ་དཀར་ཞིང་།ད་སྔོན་གྱི་ཁོང་ཁྲོ་ང་རྒྱལ་དང་འཁང་ར་ལེ་བདའ་ཡི་སེམས་བྱུང་སངས་པ་དང་།གཉིས་ནི་བགེགས་བར་ཆད་དང་སྡིག་སྒྲིབ་དགགསུམ་ནི་དཔྱིད་འགོར་རྩམ་པ་མཆོད་ན་ལོ་མཇུག་ལའང་སྔར་ལྟར་རྩམ་པའི་རྒྱུན་མ་ཆད་པའི་སྨོན་ལམ་མཚོན་པ་ལྟར།ཁ་བ་བབས་རྗེས་ངོ་ཤེས་མི་ཤེས་ཅི་རིགས་ཀྱིས་ཕན་ཚུན་ཁ་བ་བཏབ་རེས་བྱས་པ་ནི་དོན་སྙིང་ལྡན་པའི་རྩེད་མོ་དང་ལྷད་མེས་ཀྱི་སྨོན་ལམ་ཡིན་པས་དུས་རྒྱུན་འཚོ་བ་ནང་གི་ཕྲག་དོག་དང་ཞེ་སྡང་།གཡོ་ཟོལ་ཚང་མ་ཁ་བ་དང་ལྷན་ཅིག་ཏུ་གནམ་ལ་གཏོར་ནས་ས་རུ་བཞུས་སོང་།

ལ་ལ་ཡིས་རང་གི་འདོད་པ་ལྟར་ཁ་བའི་མི་འདྲ་མིན་སྣ་ཚོགས་བཞེངས་ཀྱིན་འདུག་སྟེ།འགའ་ཤས་ནི་སྒེག་ཉམས་འཛུམ་གྱིས་ཕྱུག་ལ་འགའ་ཤས་ནི་དྲག་པོའི་ཟིལ་གྱིས་བརྒྱན།འགའ་ཞིག་ནི་སྒྱུ་རྩལ་པ་དང་མཚུངས་ལ་འགའ་ཞིག་ནི་བྱིས་པ་བརྟན་བཤིག་ཚ་པོ་ཅན་དང་འདྲ། གང་ལྟར་བརྩམས་ཆོས་ནི་མིའི་ནང་སེམས་ཀྱི་འགྱུར་བ་ཕྱི་རོལ་དུ་བསྟན་པའི་འདྲ་པར་ལྟ་བུ་ཡིན་ན་ཁོ་ཚོས་བཞེངས་པའི་ཁ་བའི་མི་ནི་རང་རང་སོ་སོའི་སེམས་ནང་གི་རང་ཉིད་དང་ཡང་ན་རང་གི་དད་ཡུལ་ཡིན་པ་གོར་མ་ཆགངས་དེ་ཚོའི་བརྩམས་ཆོས་རེ་རེ་ལ་བལྟས་ཀྱིན་ཁ་བའི་འདབ་མ།ཁ་བའི་གཏམ་རྒྱུད།ཁ་བའི་རྣམ་ཤེས།ཁ་བའི་ཞབས་རྗེས་ཞེས་གངས་ཁ་བ་དང་འབྲེལ་ཆགས་པའི་ཐ་སྙད་གསོན་ཉམས་ལྡན་པ་མང་པོ་དྲན་པའི་མུར་བྱིས་པ་ཞིག་མིག་ལམ་དུ་ཤར།ཁོ་ཡི་དབང་པོ་ལྔ་དང་བཅས་པའི་ཆགས་ཚུལ་ལ་བལྟས་ན་ཉི་མ་དང་ཐག་ཉེ་ལ་འབའ་ངུར་འཚེར་སྒྲའི་ཁྲོད་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་ཡིན་ཁོ་ཐག་རེད།ཁོ་ཡིས་ལག་པ་ཆུང་ཆུང་གིས་ཁ་བ་ལེན་བཞིན་ཁ་ནས་འདི་ནི་ཨ་ཕའི་ཁ་ཡིན།འདི་ནི་ཨ་མའི་མིག་ཡིན།འདི་ནི་ཨ་ཁུའི་རྣ་ཡིན།འདི་ནི་ཨ་ནེའི་སྣ་ཡིན།འདི་ནི་ཕུ་བོའི་ཕྲག་པ་ཡིན།འདི་ནི་ནུ་བོའི་ལག་པ་ཡིན།འདི་ནི་སྲིང་མོའི་རྐང་པ་ཡིན་ཞེས་ཁ་བས་བཟོས་པའི་མི་གཅིག་གི་ལུས་ལ་ཁྱིམ་མི་རྣམས་ཀྱི་ཡན་ལག་རེ་ཚང་བར་བྱས་རྗེས་མཐར་རང་གི་ཞྭ་མོ་བླངས་ཏེ་འདི་ནི་ངའི་ཞྭ་མོ་སྟེ་ཁྱེད་ཚོའི་གཟི་བརྗིད་ཡིན་ཞེས་གཞན་དང་མ་འདྲ་བའི་སྒྱུ་རྩལ་གྱི་བསྡུས་གཟུགས་ཤིག་བཞེངས་པས་ང་ཁོའི་དྲི་མེད་ཀྱི་བྱིས་སེམས་དང་བློས་བསླངས།རྣམ་རིག་ལ་ཧ་ལས་ཤིང་ཧང་སངས་པའི་སྐབས་ཁོས་ཨ་ཁུ་ལགས།ཁྱེད་ཀྱིས་ཁ་བས་མི་བཞེངས་མི་ཤེས་སམ་ཞེས་དྲིས།ངས་ཁོ་ལ་ལན་ཅི་ཞིག་འདེབས་དགོས་པའང་མ་ཤེས།དོན་དུ་ངས་ཅི་ཞིག་བཞེངས།མཁས་བཙུན་བཟང་གསུམ་གྱི་སློབ་དཔོན་ཞིག་བཞེངས་སམ།འཆད་རྩོད་རྩོམ་གསུམ་གྱི་རྩོམ་པ་པོ་ཞིག་བཞེངས།ཡང་ན།འགྲོ་འདུག་རང་དབང་རང་ཚོད་ཀྱི་ཕོ་རྐྱང་ཞིག་བཞེངས་སམ།རང་ཚུགས་མ་ཤོར་བའི་བོད་མི་ཞིག་བཞེངས།དེ་མིན་ན་བྱིས་པ་དེ་ལ་ལད་མོ་བྱས་ཏེ་འདི་ནི་ཕྱི་ནི་བྱུར་བུར་གཏམས་ཀྱང་ནང་ནི་དབུལ་རྐྱང་དུ་ཆགས་པའི་ཕུ་བོའི་ཡིན་ཞེས་གཡས་ལག་ཅིག་འདོགས་སམ།།འདི་ནི་རིག་པར་དད་ཀྱང་སྒེར་སེམས་དང་ང་རྒྱལ་ཆེ་བའི་ནུ་བོའི་ཡིན་ཞེས་གཡོན་ལག་ཅིག་འདོགས།ཡང་ན།འདི་ནི་ཁ་བཤད་ཆུ་ཡི་ལྦུ་བས་མི་ཚེ་འཁྱོལ་བའི་ང་རང་གི་ཡིན་ཞེས་ཁ་ཞིག་འདོགས་དགོས།མཐར་ངས་ཅི་ཡང་བཞེངས་མ་ཐུབ་པར་རྐང་པ་ལ་རྡོ་བཏགས་པ་ལྟར་ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན་བྱིས་པ་དེ་ལ་ཕྱིར་བལྟས་བྱེད་ཀྱིན།ཁ་བའི་ནང་དུ་གཅིག་ཐོག་གཅིག་བརྩེགས་ནས་ཡོད་པའི་རྐང་རྗེས་དེད་དེ་ཡལ་སོང་ངོ་།།

ང་ཚོ་ཡར་ཡར་འགྲོ་དུས།། ཁ་བ་མར་མར་བབས་བྱུང་།།

ཁ་བ་མར་མར་འབབ་དུས།། གཙང་ཆུ་ཡར་ཡར་འཁྱིལ་དགོས།།

དུས་དེབ《གངས་དཀར་རི་བོ》ལས།


མུན་ནག་མེ་རུ་བསྒྲོན་པའི་མཚན་མོ།   ༼ དགའ་ལྡན་ལྔ་མཆོད་ལ་བྲིས། ༽

ད་ལོའི་དགུན་དུས་ནི་དུས་ཆད་བཏབ་པ་ལྟར་མདོ་གྲོང་གི་ཆུ་བོའི་འགྲམ་དང་གངས་རིའི་རྩེ།ཞིང་པའི་ཡུར་བ་དང་འབྲོག་པའི་མཚེར་ས་རུ་དལ་ལྷོད་ལྷོད་ཀྱིས་ཐོན་བྱུང་།ཉིན་མཚན་གཉིས་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཀྱིས་གནམ་སའི་བར་ཐག་སྦྲེལ་ཏེ་རི་མགོར་ཁ་བའི་མཆོད་པ་དང་ཤིང་འགོར་དགུན་གྱི་མེ་ཏོགཆུ་འགོར་གྲང་ངར་གྱི་ལེགས་སྐྱེས་བཞད་པས་ང་ཚོའི་བླ་རི་ལ་གཟི་མདངས་བསྣན་ཞིང་།ལྷབ་བེ་ལྷུབ་བེ་ཡིས་བསྐྲུན་པའི་དཀར་བོང་བོང་གི་ཀློང་དུ་ཁ་བའི་རྣམ་ཤེས་ཀྱིས་བྱིས་པའི་འཛུམ་ཀོང་དང་རྒན་པའི་ཕྲེང་བ།གྲྭ་བཙུན་གྱི་དབྱངས་རྟ་ནས་དགའ་ལྡན་ལྔ་མཆོད་མགྲོན་དུ་འབོད་བྱུང་།

ཁ་རྒྱབ་གསེར་གྱི་ཉི་མས་མི་ཡུལ་ལ་བཞད་པའི་ལྷ་ཡུལ་གྱི་ཁ་བའི་མེ་ཏོག་ཀླུ་ཡུལ་གྱི་གསོས་སུ་ཁྱེར་ཞིང་།ཉི་ནུབ་མཚམས་སྤྲིན་ཁྲོད་ཀྱི་ཆོས་སྒྲ་སྙན་མོས་སྲིད་གསུམ་གྱི་འབའ་འབུ་སེམས་ཅན་ལ་དབུགས་ངལ་གསོ་བའི་སྐལ་བ་སྦྱིན།དེ་ནི་མིང་གི་ལྕག་ཚན་གྱིས་རྒྱབ་ནས་དེད་ལ་དོན་གྱི་སྣ་ཐག་གིས་མདུན་ནས་ཁྲིད་པའི་ང་ཚོའི་རྣམ་ཤེས་འཁྱམ་པོ་ཕ་ཁྱིམ་དུ་ལོག་པའི་འབོད་སྐུལ་ཡིན།

དགའ་ལྡན་ལྔ་མཆོད།སྐྱེས་ཆེན་ཞིག་གིས་འགྲོ་བའི་ཁུར་ཆེན་ཕྲག་པས་འདེགས་ཤིང་བསྟན་པའི་རླུང་རྟ་མཁའ་རུ་སྤུར་མཐར་རེ་ཞིག་སྐུ་ངལ་གསོ་བའི་ཉིན་མོ་ཞིགཉིན་དེར་གངས་རི་ལྟ་བུའི་གཟུགས་ཀྱི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཀྱང་།དུས་དེ་ནས་ཆོལ་གསུམ་གྱི་ནམ་མཁའི་སྤྲིན་དཀར་དུ་ཁ་བའི་རྣམ་ཤེས་སྦྲུམ།རི་འགོའི་སྨུག་པ་རུ་དྲི་བཟང་གི་མཆོད་པས་གང་།ཉིན་དེར་ཉི་ཟླ་ལྟ་བུའི་མེས་པོ་ཞིག་དག་ཞིང་དུ་གཤེགས་ཀྱང་།དུས་དེ་ནས་ས་གསུམ་གྱི་མཐའ་དབུས་སུ་ཞྭ་སེར་གྱི་དར་ཆ་ལྷབ་ལྷུབ་ཀྱིས་གཡོ།ཕྱི་རབས་ཀྱི་རྡོག་པས་ལམ་སྣེ་གསལ་ལྷང་ལྷང་ཞིག་ལེན།

དགའ་ལྡན་ལྔ་མཆོད།རྣམ་ཤེས་ཤིག་ཉི་ཟེར་ལ་བཅིབས་ཏེ་ཟླ་བའི་གུར་ཁང་དུ་བཞུགས་པའི་ཉིན་མོ་ཞིགཉིན་དེར་ཨ་མ་རྒན་མོའི་མགྲིན་པ་བརྣངས་ཀྱང་མཆི་མ་སྐྱུར་མོ་གངས་ཆུར་འདྲེས་ཏེ་ཐག་རིང་དུ་བཞུད་ཅིང་།ཤུལ་དུ་མེ་ཏོག་དཀར་པོ་དང་དམར་པོ།སེར་པོ་སོགས་ལྷུག་ལྷུག་ཏུ་བཞད་པ་ལས་དྲི་མ་ཞིམ་པོ་ང་ཚོའི་སྐལ་བར་སྨིན།ཉིན་དེར་ཨ་ཕ་རྒས་པོའི་དབུགས་ལམ་འགག་ཀྱང་མཆོད་མེའི་འོད་རླབས་ཉི་ཟླ་སྐར་གསུམ་དང་བསྲེས་ཏེ་འོད་ཀྱི་འཇིག་རྟེན་དུ་རྒྱུ་འབྲས་ཀྱི་བདེན་པ་དང་རྟེན་འབྲེལ་གྱི་བསྟོད་པས་ང་ཚོའི་ཤེས་སྒྲིབ་དང་ཉོན་སྒྲིབ་དག་པར་བྱས།

དོ་དགོང་།གངས་ཆུའི་འགྲམ་དུ་ཆགས་པའི་ལྔ་མཆོད་དགོན་པ༼དཀར་མཛེས་ཁུལ་དར་མདོ་ལ་ཡོད་པའི་དགེ་ལུགས་པའི་དགོན་པ་ཞིག༽ཡི་ཕྱི་ནང་ཀུན་ཏུ་བྱིས་པས་ཨ་མར་འབོད་པའི་སྐད་དང་གྲྭ་པས་ཐལ་འགྱུར་གཏོང་པའི་སྒྲ།ཆོས་པས་རྒྱ་གླིང་བུད་པའི་དབྱངས་བཅས་འདུ་འཛིས་གང་འདུགསྟོད་ནས་འོངས་པའི་ཁམས་པའི་ཕོ་རྒོད་ཀྱིས་སྒོར་མོ་བརྩིས་པའི་སོར་མོས་མཆོད་མེ་བཏེགས་བཞིན་ཡོང་།སྨད་ནས་ཡོང་པའི་ཁམས་པའི་མོ་གསར་གྱིས་ཁྱིམ་ཐབ་ཕྱི་བའི་ལག་པས་སྤོས་བཟང་མཆོད་ཀྱིན་ཡོང་།ད་དུང་།འབྲོག་པའི་འོ་མ་བཞོ་མཁས་མ།རོང་པའི་སྟོན་ལོ་བསྡུ་མཁས་པ།བོད་པའི་དབྱངས་གསལ་འབྲི་མཁས་མ་སོགས་ཐག་རིང་གི་ཡུལ་སྐོར་བ་དང་ཐག་ཐུང་གི་དད་ལྡན་རྣམས་ཀྱི་རྣ་ལམ་དུ་ཆོས་སྒྲ་དང་མིག་ལམ་དུ་མཆོད་མེ་ལས་ཡུན་རིང་གི་སྡུག་བསྔལ་དང་དུས་ཐུང་གི་གདུང་ཡུས་ཅི་ཡང་མེད་པར་ལུས་ཀྱིས་གུས་ཤིང་།ངག་གིས་བརྗོད་ཀྱིན།ཡིད་ཀྱིས་སྒོམ་བཞིན་ཁྱེད་ཀྱི་དྲུང་དུ་བཅར་ཏེ་མར་མེ་སྟོང་གིས་ཁྱེད་ཉིད་བཏེགས་ཡོད།རྣམ་ཤེས་ཁྲི་ཡིས་ཁྱེད་ཉིད་བསྲུངས་ནས་ཡོད།

དོ་དགོང་།ནམ་ཡང་ཁྱེད་ཉིད་དྲན་ཡང་རྐང་རྩལ་ལག་རྩལ་ཆུང་བའི་ངས་ཁ་སང་བབས་པའི་ཁ་བ་དཀར་པོས་ཡང་ནས་ཡང་དུ་བཀྲུས་པའི་སེམས་པ་ཞིག་དང་བརྒྱ་བདམས་གཅིག་གསེས་བྱས་པའི་མཆོད་མེ་སྙིང་ལ་རྗེ་བོ་དང་བཅས་ཀྱིས་ཁྱེད་ཉིད་འཚོལ་དུ་ཡོང་མོད།དོན་དུ་ཁྱེད་ཉིད་མཇལ་བར་མཆོད་མེས་ཅི་བྱེད།ཁྱེད་རང་ཉིད་མ་གཞི་ནི་མུན་ནག་བསྲེག་པའི་འོད་ཀྱི་ཕུང་པོ་ཞིག་མིན་ནམ།

དཀར་མེ་རེ་རེ་ནི་སྨོན་སེམས་རེ་རེ་དང་སྤོས་རྐང་རེ་རེ་ནི་འགྱོད་བཤགས་རེ་ལགས་པས།ད་ནི་དཀར་མེ་འདི་ཚོས་ང་ཚོའི་བར་ཐག་སྦྲེལ་ཏེ་ཕྱི་ཡི་འཚབ་འཚུབ་ལས་ནང་སེམས་ཀྱི་ལྷིང་འཇགས་ཀྱི་བདེ་སྐྱིད་ངོ་མ་དེ་འཚོལ་དགོས།

ངས་ས་སྒང་གི་ཏོག་ཏུ་བསྒྲེངས་ནས་ཡོད་པའི་ཁྱེད་ཀྱི་མཚན་བྱང་དྲན་བཞིན་མི་སེམས་ཀྱི་བཅུད་དུ་ཆགས་པའི་ཁྱེད་ཀྱི་རྣམ་ཐར་ཀློག་གིན།ཐོག་མར་རྒྱ་ཆེན་ཐོས་པ་མང་དུ་བཙལ་བར་མཆོད་གསུམ་འབུལ།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བར་ཚིག་གསུམ་ཞུ།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པར་ཕྱག་གསུམ་བཙལ་རྗེས་མི་ཚོགས་ལས་བུད་དེ་ཅུང་ལྷིང་འཇགས་ཀྱི་ཟུར་ཞིག་ཏུ་གྱང་ལ་འཁེན་ནས་ལྷབ་ལྷུབ་ཀྱི་མེ་ལྕེ་དང་སིམ་སིམ་གྱི་དྲི་ཞིམ།ལྷང་ལྷང་གི་ཅོང་སྒྲའི་དབྱིངས་སུ་ཁྱེད་ཀྱི་བརྒྱུད་རིམ་དྲན།

དོ་དགོང་།གངས་ཆུའི་བཞུར་སྒྲ་དང་ས་མཐའི་མཁའ་རླུང་།ཁྱིམ་མཚེས་བུ་མོའི་མཛའ་གཞས་དང་བཅས་པ་ནི་འགྱུར་ཁུག་ཅིག་གི་ཕག་ཏུ་ཡིབས་སོང་།དེ་ནི་མི་སེམས་ཀྱི་གཉུག་གཤིས་གཏིང་ནས་བསླངས་པའི་རྒྱ་གླིང་གི་དབྱངས་དང་འཚུབ་ཅིང་བཅོས་པའི་བླ་སྲོག་ལྷོད་ལ་ཕབ་པའི་རྐང་གླིང་གི་སྒྲ་རེད།

མེས་པོ་དྲན་ཤེས་པ་ནི་རུས་པ་ཅན་དང་དྲན་སྟངས་མཁས་པ་ནི་བློ་གྲོས་ཅན་ཞིག་ཏུ་ངེས།སྐྱེས་ཆེན་བཞུད་ཟིན་པའི་ཉིན་མོ་འདིར་ས་འདི་གར་འབྱོར་བ་དམན་ཡང་སྐྱ་སེར་ཀུན་གྱིས་ཡུང་མ་ལས་ཀོང་བུ་བཟོས་ཏེ་སེར་ལྷང་ལྷང་གི་སྒྲོན་མེས་མུན་པ་མེ་རུ་སྤར་ཏེ་སེམས་ངོས་སུ་འོད་ཀྱི་འཇིག་རྟེན་ཞིག་རྒྱ་རུ་བསྐྱེད།མིག་ལམ་དུ་འོད་ཀྱི་ཕུང་པོ་ཞིག་གངས་རི་དང་ལྷན་དུ་འཕགས།དོ་དགོང་ཡང་དེ་ལྟར་ལགས་ཏེ།སྐྱེས་ཆེན་གྱི་ཐང་གའི་དྲུང་དུ་ཅོག་ཙེ་གྲུ་བཞི་མའི་ཐོག་ལ་ཡུང་མའི་ཀོང་བུ་གྲལ་བསྟར་བསྒྲིགས་ཏེ་མཆོད་མེའི་འོད་རླབས་ཀྱིས་དགོན་པའི་རྩིག་པ་དང་རྒྱལ་མཚན།མཐོངས་ཁ་དང་གྲྭ་ཤག་སོགས་གསལ་ལྷང་ངེར།བརྗིད་ལྷན་ནེར་བྱས།སྐྱ་སེར་རྒན་གཞོན་བྱིས་གསུམ་གྱིས་འཚང་ཁ་དང་བཙིར་གནོན།ལེ་བདའ་དང་འཁྲུག་རྩོད་མེད་པར་གཅིག་འཕྲོར་གཅིག་གིས་མར་ཁུ་བླུགས་ཤིང་མཆོད་མེ་བསྒྲོན་པས་རླུང་ཁའི་མར་མེ་ལ་འཇིག་ཉེན་ཡོང་དོགས་ཀྱི་སེམས་ཁྲལ་མི་དགོས་པར་ཀུན་གྱི་སེམས་ངོར་མུན་ནག་གི་ཁ་གཏད་དུ་ལངས་པའི་ཁྱེད་ཀྱི་ཐུགས་ཀ་ལས་ཉི་མའི་དྲོད་འཁོལ་གཡས་སུ་འཕྱུར་ལ་ཟླ་བའི་བསིལ་ཟེར་གཡོན་དུ་འཕྲོས་པས་དྲོད་བསིལ་ལྷན་འཛོམས་ཀྱི་འཁོར་བ་འདིར་དབུལ་ཕྱུག་དང་བཙན་སྙོམས།དཔོན་གཡོག་དང་མཁས་བློན།ས་དགེ་དང་བཀའ་རྙིང་ཞེས་ཕྱོགས་སུ་མ་ཆད་པར་ཁ་འཇམ་ཚིག་འཇམ་དང་ངོ་འཛུམ་སེམས་དགའ་ཡིས་ལྷིང་ཞིང་འཇགས་ལ་ཞི་ཞིང་བདེ་བའི་མཚན་མོ་འདི་རུ་ལྷ་ངོ་སྙིང་གིས་མཇལ་བྱུང་།མི་སེམས་ལྷན་དུ་སྦྲེལ་ལོ།།

དོ་དགོང་།ལྷ་ཀླུ་གཉེན་གསུམ་ལ་དད་པ་མེད་ཀྱང་རུང་།མགོ་ཐོག་ནས་གནམ་གྱིས་གཟིགས་ཤིང་རྐང་འོག་ནས་ས་གཞིས་མཐོང་གིན་ཡོད་པའི་གནས་ལུགས་ལ་བདེན་ཁ་སྟེར་ཚོད་འདུག་སྟེ།བྲང་ཁའི་ཕྱག་རྒྱ་དང་མིག་ཟུང་བཙུམ་པའི་ཉམས་ལས་བུད་མེད་རྣམས་ནི་དེ་ལྟར་སྙིང་དུ་སྡུག་ལ་ཡན་ལག་གི་གུས་ཕྱག་དང་མཆོད་འབུལ་གྱི་ཕྱག་ཡངས་ལས་སྐྱེས་པ་དག་ནི་ཇི་འདྲའི་ཡིད་དུ་འོངས།རེད་ལགས།ང་ཚོ་འཁོར་བའི་འཆིང་ཐག་གིས་དམ་དུ་བཏགས་ཡོད་པས་ཚང་མ་མིང་གི་དོན་དུ་འོངས་ལ་དོན་གྱི་སླད་དུ་འགྲོ་བ་བདེན་ཡང་ངའི་མིང་གིས་ཁྱེད་ཀྱི་དོན་ལ་མི་གནོད།ཁྱེད་ཀྱི་དོན་གྱིས་ངའི་མིང་མི་བརྫིས་པ་ཞིག་ཡོང་ན་དེ་ལས་ལྷག་པའི་དམ་པའི་ཆོས་ཤིག་ཅི་ལ་དགོས།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།བདུད་འདུལ་མ་ལུས་འཇོམས་མཛད་གསང་བའི་བདག།གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།ཞེས་དབུགས་ལ་ངལ་གསོ་ཐེབས་ཤིང་སེམས་ལ་བྱབས་འཁྲུས་མཛད་པའི་དལ་ལྷོད་རན་པའི་འགྱུར་ཁུག་གིས་མདོ་གྲོང་གི་མཁའ་དབུགས་སྟུག་པོ་གཏོར་ཏེ་ང་ཚོའི་རེ་སྨོན་དང་བཅས་ཙོང་ཁའི་འབྲོག་ཐང་ནས་སྐུ་འབུམ་གྱི་རི་འདབས།སྐུ་འབུམ་གྱི་མཁའ་དབྱིངས་ནས་དགའ་ལྡན་གྱི་རི་ཁྲོད་དུ་མཆེད་སོང་།

དོ་དགོང་མུན་ནག་དཀར་པོར་བསྒྲོན་སོང་།རང་སེམས་དྲོན་པོར་བཟོས་སོང་།ཞི་མདངས་ཀྱི་མི་ངོ་དང་བརྗིད་ཉམས་ཀྱི་ལྷ་ངོའི་བར་སྲུབས་ལས་ངས་ཁྱེད་ཀྱི་མགུལ་དར་མཐོང་མུར་རླབས་ཆེ་བའི་མ་ཡུམ་གྱིས་ཡུལ་ནས་བསྐུར་བའི་དབུ་ལོ་དཀར་པོ་དེ་རླུང་བུས་བསྐྱོད་པའི་སྣང་བ་ཤར།ཞྭ་སེར་གཙུག་ཏུ་བཞེས་པའི་དབུ་ཐོད་ཀྱིས་དེ་སྔོན་དགའ་ལྡན་པ་དགུང་དུ་བཏེགས་མྱོང་།ཤེས་རབ་རལ་གྲི་བསྣམས་པའི་ཕྱག་ཟུང་གིས་ལེགས་བཤད་གསེར་གྱི་ཕྲེང་བ་ཞིག་མ་ཡུམ་གྱི་མགུལ་ལ་བཏགས་མྱོང་།

མེ་ལྕེའི་འོད་དུ།འདུ་འཛིའི་ཁྲོད་དུ།གསོལ་འདེབས་ཀྱི་དབྱངས་སུ་ངས་ཁྱེད་ཉིད་དྲན་དུས་ལུས་སེམས་འདར་ཙམ་བྱས།དེ་ནི་མདོ་གྲོང་གི་གྲང་ངར་གྱིས་མིན་པར་སེམས་ནང་གི་དྲི་བའི་ལྗིད་ཚད་ཀྱིས་ལན་པ་ང་རང་ཉིད་ལ་མངོན་དུ་གསལ།དུས་དེང་སང་ལྷ་སྐུ་རྒྱུ་སྐར་ལས་མང་ཞིང་སྤྲུལ་སྐུ་ཆར་རྗེས་ཀྱི་ཤ་མོ་ལྟར་བྱོན་ཡང་ངས་བསམ་རྒྱུ་བསྒོམ་རྒྱུར་སྙིགས་མའི་དུས་འདིར་སླར་ཡང་ཁྱེད་འདྲ་བོའི་མགོན་སྐྱབས་ཤིག་བྱོན་ན་ཁ་སང་གི་རྒྱ་སྤྲུལ་དེ་ལ་ང་མི་འཇིགས།དེ་རིང་གི་རྒྱ་མཚོའི་ཁ་ལ་འགྱིང་བའི་ངང་པ་སེར་པོ་ཚོ་ལ་ཡིད་སྨོན་མེད།

དགའ་ལྡན་ལྔ་མཆོད།ལོ་རེའི་ཕུ་ནུ་ལྷན་འཛོམས་ཀྱི་རྟེན་འབྲེལ་དུ་རང་ངོ་རང་ལ་སྤྲད་རོགས་ཙོང་ཁ་པ།རང་ལུས་སེམས་ཀྱིས་ཁྲིད་རོགས་རྒྱལ་ཁམས་པ།ཡུན་མི་རིང་བར་ང་ཚོས་རིན་ཆེན་རྒྱན་གསུམ་གྱིས་ཕུ་ནུ་མིང་སྲིང་ཁྲིད་དེ་ཁྱེད་ཉིད་མཇལ་དུ་ཡོང་།

དགའ་ལྡན་ལྔ་མཆོད།མུན་ནག་མེ་རུ་བསྒྲོན་པའི་མཚན་མོ།

ད་ལོར་ཁ་བས་བསུས་བྱུང་།སང་ཕོད་ཁ་བས་བསྐྱལ་དགོས།

དུས་དེབ《གངས་དཀར་རི་བོ》ལས།


སྒྱེད་བུ་ཐབ་ཀ

ཡར་ཀླུང་ནས་གདོང་དམར་བོད་ཀྱི་རིགས་རུས་ཀྱི་ས་བོན་འཁྲུངས་པ་ནས་བཟུང་།བོད་མིའུ་གདོང་དྲུག་གི་ཡང་མེས་རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་ས་རྡོ་དང་ཆུ་ཤིང་གི་ངོ་བོ།བྱེད་ལས་ལ་བསྟུན་ཏེ་འཚོ་བའི་ཡོ་བྱད་གསར་དུ་བཏོད་དེ་འགྲོ་འདུག་འཆག་ཉལ་གྱིས་རིགས་རྒྱུད་སྤེལ།སྒྱེད་བུ་ཐབ་ཀ་ཞེས་པ་ནི་མེས་པོ་རྣམས་ཀྱི་བློ་རིག་པའི་རྩལ་ལས་ཐོན་པ་ཞིག་སྟེ།རྡོ་གསུམ་ཁ་འཛོམས་བྱས་ཏེ་དེའི་ཐོག་ལ་རྫ་མ་སོགས་སྣོད་ཆས་བཞག་ནས་གཡོ་སྐོལ་བྱེད་སྤྱད་ཀྱི་ཐབ་ཀ་ལ་གོ།ཐབ་ཀ་དེ་རྐང་གསུམ་ཅན་ཡིན་པ་ནི་ཟུར་གསུམ་དབྱིབས་ཀྱི་ཟུར་དང་ཟུར་བར་གྱི་རིང་ཚད་འདྲ་ན་གཅིག་བརྟེན་གཅིག་སྦྲེལ་དང་གཅིག་འདེགས་གཅིག་རོགས་ཚུལ་གྱིས་ཧ་ཅང་བརྟན་པོར་གནས་ཐུབ་པས་མེས་པོ་རྣམས་ཀྱིས་དངོས་པོའི་ཆོས་ཉིད་ལ་དཔྱོད་དུ་བཟོད་པའི་ཤེས་རབ་མཚོན།

རང་བྱུང་ནས་ཐོན་ཞིང་རང་བྱུང་ལ་བསྟུན་མཁས་པའི་གདོད་མའི་མི་རིགས་ཤིག་ཡར་ཀླུང་ནས་མཆེད་འགོ་བརྩམས།

ཚ་ཞིང་བསྲེག་པའི་མེ་སོན་རྙེད་པ་ནས་ཡང་མེས་རྣམས་ཀྱིས་གྲང་རླུང་འགམ་མ་དགོས་ལ་ཟས་རྗེན་པ་ཟ་མ་དགོས།རྐང་གསུམ་ཅན་གྱི་སྒྱེད་བུ་ཡོད་པ་ནས་ཨ་མེས་རྣམས་ཀྱིས་ཁོག་ཏུ་ཆུ་འཁྱག་འཐུང་མ་དགོས་པར་བུད་མེད་རྣམས་ཀྱིས་སྐྱེས་པ་ཚོ་ལ་ཆང་གར་པོ་དང་།སྐྱེས་པ་དག་གིས་བུད་མེད་རྣམས་ལ་ཇ་ཞིམ་པོ་བསྐོལ།ཡར་ཀླུང་ནས་མྱུ་གུ་འབུས་པའི་མི་རིགས་ཤིག་གིས་ས་ཆུ་མེ་རླུང་གི་འགྲོས་དེད་དེ་མཐོ་སྒང་གི་ཡུལ་གྲུ་སོ་སོར་མཆེད་པ་ནས་བཟུང་།གང་ན་ཆུ་ཤིང་ཡོད་ན་དེ་ན་སྒྱེད་བུའི་ཐབ་ཀ་བཞེངས།གང་ན་སྒྱེད་བུའི་ཐབ་ཀ་བཞེངས་ན་དེ་ན་གདོད་མའི་ཤེས་རིག་གི་ས་བོན་བཏབ་སྟེ།དམ་པ་བཅུ་གཉིས་ཀྱིས་སྒྱེད་བུ་ཐབ་ཀའི་འགྲམ་དུ་གཉའ་ཁྲི་བཙན་པོར་བསུ་ཇ་དྲངས།གཉའ་ཁྲི་བཙན་པོའི་ཇ་ཆང་ཞིམ་པོའི་དྲིན་གྱིས་ཡུམ་བུ་བླ་མཁར་དགུང་དུ་བཏེགས་པས་ཡར་ཀླུང་ནས་ཁ་བ་ཅན་གྱི་རྟེན་འབྲེལ་དང་པོ་འགྲིགཡར་ཀླུང་ནས་སྒྱེད་བུ་ཐབ་ཀ་ལས་མེ་ལྕེ་ལྷབ་ལྷུབ་འབར།

སྒྱེད་བུ་ཐབ་རྡོ་སྤུན་གསུམ།བུ་གསུམ་ལས་ཀྱི་མགོན་པོ།

སྒྱེད་བུ་ཐབ་ཀ་ལས་མེ་ལྕེ་ལྷབ་ལྷུབ་འབར་བས་སླ་ངའི་ནང་ལ་ཡར་ཀླུང་གི་ནས་འབྲུ་ཡི་མེ་ཏོག་བཞད་དེ་དམར་པོ་རིའི་རྩེ་ལ་མཆོད་པ་འབུལ།སྲོང་ཐོན་མགར་གསུམ་﹙སྲོང་བཙན་སྒམ་པོ་དང་ཐོན་མི་སམ་བྷོ་ཊ།མགར་སྟོང་བཙན།﹚རིགས་གསུམ་མགོན་པོས་ཐབ་རྡོ་སྤུན་གསུམ་བསྐོར་དུས་གནམ་ལ་ཉི་ཟླ་སྐར་གསུམ་གྱི་གཟི་བྱིན་འབར།ས་ན་མེ་ཤིང་ཆུ་གསུམ་གྱི་ཤེས་རབ་འཚེར་བས་སྲོང་བཙན་གྱིས་སྒྱེད་བུ་ལ་བརྟེན་བཞིན་མཐའ་འདུལ་ཡང་འདུལ་གྱི་དར་ཆ་བསྒྲེངས།ཐོན་མིས་སྒྱེད་བུ་ལ་བརྟེན་ནས་རི་བོ་ཧི་མ་ལ་ཡ་བརྒལ་རྗེས་ཕྱིར་ལོག་སྟེ་ཕ་བོང་ཁ་ལ་སྒྱེད་བུ་ཐབ་ཀའི་འགྲམ་དུ་མུན་པ་སེལ་བའི་སྒྲོན་མེ་སྦར།མགར་སྟོང་བཙན་གྱིས་སྒྱེད་བུ་ཐབ་ཀར་བརྟེན་བཞིན་འབྲི་ཆུའི་ཕ་མཐར་བརྒལ་རྗེས་སླར་ལྷ་སའི་བར་སྐོར་དུ་སྟོན་པའི་རྒྱལ་མཚན་བཙུགས་པས་དེང་སང་ཆོལ་གསུམ་སྒྱེད་བུ་ཐབ་རྡོའི་འགྲམ་དུ་འཛོམས་ཏེ་ལུས་ངག་ཡིད་གསུམ་འབུལ་བཞིན་མཆིས།

རྒྱ་གར་རྡོ་དང་རྡོ་གཅིགརྒྱ་ནག་རྡོ་དང་རྡོ་གཉིས།རང་ཡུལ་རྡོ་དང་རྡོ་གསུམ་ལས་གྲུབ་པའི་སྒྱེད་བུ་ཐབ་ཀའི་འགྲམ་དུ་མཁན་སློབ་ཆོས་གསུམ་དང་།ལོ་གྲུབ་པཎ་གསུམ་རྣམས་ལྷན་དུ་འཛོམས་ཏེ་རི་སྒང་སྒང་ཡོད་ཚད་ལ་རླུང་རྟ་སྤུར་ཞིང་ས་གཤོང་གཤོང་ཡོད་དགུར་དར་ལྕོག་བཙུགས།རྡོ་ལེབ་ལེབ་ངོས་སུ་དབྱངས་གསལ་བྲིས་ཤིང་བྲག་མཐོན་པོའི་དཀྱིལ་དུ་གཡུང་དྲུང་བརྐོས་པས་ཆུ་བཞིའི་རྒྱུད་དུ་ལས་རྒྱུ་འབྲས་ཀྱི་གཏན་ཚིགས་ས་གཤིན་པོར་ཟུག་ཅིང་།བྱམས་སྙིང་རྗེའི་མེ་ཏོག་བསིལ་རླུང་འཇམ་པོའི་ཁྲོད་ལྷུག་ལྷུག་ཏུ་བཞད་པས།ཉིན་ལམ་དུ་རྒན་མོ་གསེར་ཁུར་དང་ཐུག་རྒྱུ་མང་ལ་མཚན་ལམ་དུ་སྒྱེད་བུ་ཐབ་རྡོ་འཚོལ་མཁན་ཡང་མཇལ་རྒྱུ་མང་།

སྒྱེད་བུ་ཐབ་རྡོའི་བསྟན་པ་དར་བ་ནས་སྟོད་སྨད་བར་གསུམ་གྱི་ཡུལ་དུ་འབྲོག་པའི་སྦྲ་ནག་གི་ཁ་འཚུབ་ལས་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་ཡིས་གནམ་ས་སྦྲེལ་བས།དཀར་གསུམ་གྱི་དྲི་ཞིམ་ཐུལ་ལེ་ལེར་ཁྱབ་དུས་རྟོ་ནོར་ལུག་གསུམ་གྱི་བང་ཁ་མྱུར་ཞིང་ལྷས་ལ་འཁོར།རོང་སའི་རྡོ་ཁང་གི་མཐོངས་ཁ་ནས་དུ་ཞག་རིང་མོ་དར་དཀར་བཞིན་སྲིད་དུ་བརྐྱངས་པས།གྲོ་ནས་སྲན་གསུམ་གྱི་མངར་ཁ་སིམ་སིམ་དུ་འཕྱུར་དུས་རྒན་གཞོན་དར་གསུམ་གྱི་བློ་ཁ་བདེ་ཞིང་ཁྱིམ་དུ་ལོག

རོང་འབྲོག་གི་ཁྱིམ་གཞིས་སུ་རྡོ་ཡི་སྒྱེད་བུ་ནས་ལྕགས་ཀྱི་སྒྱེད་བུ་ཡོད་པ་ནས་བཟུང་གཡོ་སྐོལ་བདེ་བའི་ཆེད་དུ་མ་སྲུ་མོ་རྣམས་གཡས་གྲལ་གསེར་གྱི་ཉི་མ་ཤར་བར་བཞུགས་ཏེ་རོ་དྲུག་གི་བཟའ་བཏུང་སྐོལ།ཁ་བརྡ་ལབ་གླེང་ལ་མཁས་པའི་ཕ་ཨ་ཁུ་དག་གཡོན་གྲལ་དུང་གི་ཟླ་བ་ཚེས་པར་བཞུགས་ཏེ་རྣང་ཞིང་དང་མཚེར་སའི་སྐོར་ལ་ཇུས་གཞི་འཐེན།ཕུ་ནུ་མིང་སྲིང་རྣམས་ཐབ་སྨད་གཡང་གི་དཀྱིལ་འཁོར་དུ་བསྡད་དེ་འཚོ་བའི་སྐྱིད་སྡུག་གིས་བསྲེག་བཅད་བརྡར་གསུམ་བྱས་པའི་ཉམས་མྱོང་རྒན་པོ་རྣམས་ཀྱི་འབེལ་གཏམ་ལ་ཉན་བཞིན་མཐོང་ཐོས་མྱོང་གསུམ་གླེང་།དུས་ཀྱི་ཁོར་མོ་ཡུག་ཏུ་ལྷབ་ལྷུབ་ཀྱི་མེ་ལྕེ་དྲོན་མོ་འབར་བའི་ཐབ་ཀར་གཡས་བསྐོར་དང་གཡོན་བསྐོར་བྱས་ཏེ་དྲོད་ལྷང་ལྷང་གི་ཁ་བརྡ་གླེང་མོལ་བྱས་པས་མཐུན་སྒྲིལ་རྡོ་རྗེའི་མདུད་པ་ལ་ཞིག་རྒྱུ་མེད།བདེ་སྐྱིད་གཡུ་ཡི་མཚོ་མོ་འཁྱིལ་བར་སྐེམ་ཐབས་བྲལ།

འདི་ནི་རིགས་གསུམ་མགོན་པོ་མཆོད་ཀྱིན་བཀའ་དྲིན་གསུམ་ལྡན་མཇལ་བའི་ཐབ་རྡོ་ཡིན།འདི་ནི་སྤྱང་ཁྲ་གླག་གསུམ་གསོ་བཞིན་ཉི་སྤྲིན་རླུང་གསུམ་འཛོམས་པའི་ཐབ་རྡོ་ཡིན།

དྲན་པའི་ངོས་སུ་ཤར་བ་ལྟར་ན།དེ་སྔོན་ངའི་ཕ་ཡུལ་གྱི་ཤར་ལྷོ་ནུབ་བྱང་བཅས་ཕྱོགས་བཞི་ནས་ལམ་རེ་རེ་ཞིག་ཕྱི་རོལ་ཡུལ་དུ་བསྲིངས་ཡོད།བཤད་སྲོལ་དུ་གནའ་མི་རྒོད་པོ་ཚོས་རང་རང་གི་འདོད་མོས་དང་འཇོན་ཐང་ལྟར་ལམ་སྣ་རེ་བདམས་ཏེ་ཇ་ཆང་དང་གླུ་གར།འབྲོག་ལས་དང་ཞིང་ལས་སོགས་ཡུར་བས་ཆུ་སྣ་ཁྲིད་ཁྲིད་ཀྱིས་ཡུལ་དུ་དྲངས་པས་དུད་ཚང་དབུལ་ཕྱུག་ཀུན་གྱི་སྒྱེད་བུ་ཐབ་ཀར་བཟའ་བཏུང་གི་རླངས་པ་ཆད་མ་མྱོང་ཟེར།ཁྱད་པར་དུ་ཕ་ཡུལ་གྱི་བྱང་ཤར་ནས་ཆུ་བོ་ཆེན་པོ་ཞིག་རྦ་རླབས་མཐོན་པོ་དང་དབྱངས་རྟ་སྙན་མོས་རི་བོའི་བར་དུ་བཞུར་བཞིན་མཆིས།ཆུ་བོ་དེའི་འགྲོས་དང་ལྡོག་སྟེ་བསྐྱོད་ན་དམའ་བར་རོང་ས་དང་མཐོ་བར་འབྲོག་ས་ཆགས་ཡོད།འདི་ནི་གནའ་མི་རྣམས་ཀྱིས་ཕ་ཡུལ་གྱི་འབྲོག་སའི་རྟ་མཆོག་དང་མར་ཕྱུར།རྩིད་པ།རོང་སའི་འབྲུ་རིགས་དང་སིལ་ཏོག་སོགས་ཕྱི་རོལ་ཡུལ་དུ་ཁྱེར་ཏེ་དཀར་ཡོལ་དང་དར་ཕྲུགཇ་ཚ་སོགས་དང་བརྗེ་བའི་ཆེད་གསར་དུ་བཏོད་པའི་གནའ་བོའི་རྡལ་ལམ་ཞིག་ལགས།འདིའི་ཐོག་ལ་རྟ་དྲེལ་མང་པོའི་རྨིག་པ་ཟད་ཡོད་ལ་རྡལ་པ་མང་པོའི་ཨ་ཀྲད་ཀྱང་ཟད་མྱོང་བས་དུས་ད་ལྟར་ད་དུང་བྲག་ཁུང་ལས་དྲིལ་བུའི་བྲག་ཅ་འཁོར་ཞིང་གད་པ་རུ་རུས་པ་དཀར་པོ་ལས་དེ་སྔོན་གྱི་འཇིགས་པ་དང་ཕམ་ཁ་ཚོར།རྡལ་ལམ་འདིའི་ཉིན་ལམ་གཅིག་གི་རིང་ཚད་སོ་སོའི་བར་དུ་ཉིན་གུང་ཚ་ཕོག་རྒྱག་ས་དང་མཚན་གུང་ཚུགས་འབབ་སར་སྒྱེད་བུ་ཐབ་ཀ་རེ་བཞེངས་ནས་ཡོད་པས་ང་སློབ་གྲྭར་ཞུགས་པ་ནས་བཟུང་ཨ་ཕ་དང་གཅེན་པོ།ཨ་ཁུ་དང་ཨ་ཞང་ཚོ་དང་མཉམ་དུ་ལམ་འདིར་སོང་བ་གྲངས་ཀྱིས་ག་ལ་ལོངས།རྟ་དྲེལ་ལ་ཁུར་དུ་ལྕི་བ་ཞིག་བཀལ།མི་ཡིས་ལྕོགས་ཚོད་ཅིག་ཁུར་ཏེ་ལམ་དེར་འགྲོ་དུས་ཁ་སྐམ་ལ་ཕོ་བ་བཀྲེས་པའི་སྡུག་བསྔལ་བཟོད་དུ་མེད་པ་མྱོང་དགོས་མོད།ཕྱི་དྲོར་ཚུགས་འབབ་སར་བསླེབས་དུས་མེ་དྲོན་མོ་ལས་ཇ་ཚ་མོ་འཐུང་ཆོག་ལ་མི་རྒན་པོ་ཚོ་ལས་གཏམ་མཚར་པོ་ཉན་རྒྱུ་ཡོད་པས་ཉིན་གྱི་དཀའ་ངལ་བསལ་ཏེ་ཧ་ཅང་སྐྱིད་སྣང་ཤར།

སྒྱེད་བུ་ཐབ་ཀ་འདི་ཚོ་ནི་དེ་སྔོན་རྡལ་པ་རྣམས་ཀྱིས་གཅིག་ནས་གཅིག་བརྒྱུད་དེ་བཞེངས་པ་ཡིན་ཏེ་ཆར་རླུང་འགོག་པའི་ཆེད་དུ་ཕལ་ཆེར་ནི་ཤིང་སྡོང་ཆེན་པོའི་འོག་དང་རྡོ་ཕ་བོང་གི་འགྲམ་དུ་ཡོད།ཐབ་རྡོ་རེ་རེར་དུད་དྲེག་ཆགས་ཤིང་ཐབ་ཁུང་དུ་ཐལ་བས་གང་བ་དང་།ཐབ་ལྟག་གི་རྡོ་ལེབ་ངོས་སུ་སོལ་བས་བྲིས་པའི་མ་ཎི་དང་ཐབ་ལྷ་ལ་མཆོད་པའི་མར་རྒྱན་བཏགས་འདུགམུན་རུབ་རྗེས་སྒྱེད་བུ་ཐབ་ཀར་བུད་ཤིང་མང་པོ་བསྣན་ཏེ་མེ་ཕུང་ཆེན་པོ་ཞིག་སྦར་དགོས་ཏེ་གཅིག་ནི་ཟ་མ་གཡོ་སྐོལ་བྱེད་བདེ་བ་དང་།གཉིས་ནི་མཐའ་འགྲམ་དུ་རྩྭ་གཟན་འཚོལ་བའི་རྟ་དྲེལ་རྣམས་ལ་གཅན་གཟན་གྱི་འཇིགས་པ་འགོག་པ་དང་།གསུམ་ནི་རྡལ་པ་རྣམས་འབབ་ཚུགས་སུ་བསྡད་པའི་དགོང་མོར་མེ་དལ﹙མེ་མེད་པར་འགྲོ་བའི་དོན།﹚མི་རུང་བའི་ལུགས་སྲོལ་ཞིག་ཡོད་པས་དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་།དགུང་མོར་ཚང་མས་སྒྱེད་བུ་ཐབ་ཀ་བསྐོར་ཏེ་སྐབས་སྐབས་སུ་ཆང་འཐུང་གླུ་ལེན་བྱེད།མཚམས་མཚམས་སུ་རྒན་པོ་ཚོས་གནའ་གཏམ་དང་ན་གཞོན་ཚོས་ད་གཏམ་བཤད།

ཤེས་རབ་ཀྱིས་བྱིན་གྱིས་བརླབས་ཀྱང་འདྲ།སྙིང་རྗེ་ཡིས་དབང་དུ་བསྒྱུར་ཡང་རུང་།གདོང་དམར་ཅན་ལ་གདོད་མའི་ས་བོན་ཞིག་འཁྲུངས་ཀྱང་སྒྱེད་བུ་ཐབ་རྡོ་འཕེལ་མེད་སོར་གནས་སུ་ལྷག་པ་ལྟར་གསར་གཏོད་ཀྱི་ནུས་པ་དེ་རྐྱེན་གང་ཞིག་གིས་བཀག་ལ་རྒྱུ་ཅི་ཞིག་གིས་བསྣུབས་པ་ཡིན་ནམ།

ལོ་ཞིག་གི་ལོ་འགོར་ང་ཨ་ཕ་དང་།གྲོང་པའི་ཕོ་སར་འགའ་དང་མཉམ་དུ་བྱང་ཤར་གྱི་ལམ་ནས་ཐག་རིང་གི་ཡུལ་དུ་སོང་བ་ཡིན།ཉིན་དང་པོར་ཉིན་ལམ་གཅིག་གི་ལམ་ཚད་བགྲོད་མཐར་འབབ་ཚུགས་ཤིག་ཏུ་བསླེབས།འབབ་ཚུགས་དེ་ནི་སྤང་ལེབ་ལག་མཐིལ་ཙམ་ཞིག་རེད་ལ་ཉི་ཤར་ཆར་བབ་ཀྱིས་ཐབ་རྡོ་ལའང་གད་སྲུབས་སོང་བས་ཨ་ཕའི་བཀའ་ལྟར་ང་དང་བཅས་པའི་སློབ་མ་གསུམ་གྱིས་ཐབ་རྡོ་འཚོལ་དུ་སོང་།མཐར་རང་རང་གི་འདོད་པ་ལྟར་རྡོ་ཟུར་གསུམ་མ་དང་འཇོང་མོ།གྲུ་བཞི་མ་བཅས་རྒྱབ་ཏུ་ཁུར་ནས་ཡོང་སྟེ་སྒྱེད་བུ་ཐབ་ཀ་ཞིག་བསྒྲིགས་ཀྱང་ཐབ་རྡོ་གསུམ་ལས་གཅིག་གི་ཟུར་ཁ་རྣོ་ལ་གཅིག་ནི་རིལ་རིལ་ཡིན་པ་དང་།གཞན་ཞིག་ནི་ཞེང་ག་ཆེ་བས་རྡོ་གསུམ་ལྷན་དུ་འཛོམས་ཀྱང་ཐོག་ལ་རྫ་ཁོག་འཇོག་ཐབས་མེད་ལ་འོག་ཏུ་བུད་ཤིང་འཇུག་མ་ཐུབ་པས།ཨ་ཕ་ཡིས་སྒྱེད་བུ་ཐབ་རྡོ་ནི་རིང་ཐུང་དང་ཆེ་ཆུང་།ཐ་ན་བཟོ་དབྱིབས་ཀྱང་ཕན་ཚུན་འདྲ་དགོས་པ་ལས་རང་རང་སོ་སོའི་ཡོན་ཏན་དང་རང་གཤིས་འབུར་དུ་བཏོན་ཆེས་ན་ཨུ་ཚུགས་ཀྱིས་སུམ་འཛོམས་སུ་བསྒྲིགས་ཀྱང་ཇ་བསྐོལ་ན་སེམས་མི་བདེ་ལ་མེ་སྤར་ན་འབར་ཐབས་བྲལ་ཞེས་པ་ལྟར་སླར་ཡང་རིང་ཐུང་མཐོ་ཡིས་འཇལ།ཆེ་ཆུང་ལག་པས་བཀྱགས།བཟོ་དབྱིབས་མིག་གིས་དཔྱད་དེ་གནའ་མིའི་གནས་མལ་དུ་ཐབ་གསར་ཞིག་བཙུགས།དགོང་མོ་དེར་ཨ་ཕས་གསུངས་རྒྱུར།ཕ་ཡུལ་གྱི་ཕྱོགས་བཞི་ནས་ཕྱི་རོལ་དུ་བསྲིངས་པའི་ལམ་སོ་སོར་ཉིན་ལམ་གཅིག་གི་རིང་ཚད་ལ་ཉིན་གུང་ཚ་ཕོག་རྒྱག་ས་དང་མཚན་མོར་ཚུགས་བབ་སྟེ་ཞག་སྡོད་བྱེད་ས་རེ་ཡོད།འདི་ནི་གནའ་སྔོན་མའི་ཚོང་ལམ་གྱི་ཡ་གྱལ་ལྟ་བུ་ཞིག་ཡིན་པས།ཡུལ་མི་རྣམས་ཕྱི་རོལ་ཡུལ་དུ་འགྲོ་དུས་འབབ་ཚུགས་རེ་རེའི་སྒྱེད་བུ་ཐབ་ཀའི་འགྲམ་དུ་ས་དེ་གའི་མི་རྣམས་དང་ཚོང་བསྒྲིགས་པས་མ་ཚད།སྒྱེད་བུ་ཐབ་ཀ་བསྐོར་ཏེ་གླུ་ཤགས་དང་བྲོ་ཤགས་ཚད་རེས་བྱས་པས་ས་ཆ་སོ་སོའི་གླུ་བྲོ་དང་ཡུལ་སྲོལ་གོམས་གཤིས་ཕན་ཚུན་རྣ་ཐོས་མིག་མཐོང་དུ་གྱུར་པར་བརྟེན་ད་ལྟར་གླུ་བྲོའི་བར་ལ་ཁྱད་པར་ཆེན་པོ་མེད་པའི་རྒྱུ་མཚན་དེ་ལ་ཐུག་པ་དང་།སྒྱེད་བུ་ཐབ་ཀའི་འགྲམ་དུ་ལྕགས་ལ་རྒྱལ་པོའི་དབང་ཐང་དར་ཚུལ།ཨ་ཀྱ་ཁ་པའི་མཛེས་ཉམས་དོད་ཚུལ་བཅས་སོ་སོའི་མཐོང་ཐོས་བཤད་རེས་བྱས་པས་ཕྱི་ནང་གི་བཟའ་བཏུང་དང་གོམས་གཤིས་རིག་གནས་ལྷན་དུ་བསྲེས་པ་ལ་ཕན་ནུས་ཆེན་པོ་ཐོབ་པས་མ་ཚད་འབྲེལ་འདྲིས་མང་བས་སོ་སོའི་ཡུལ་སྐད་གོམས་ལོབས་སུ་སོང་སྟེ་ཕན་ཚུན་གོ་བརྡ་འཕྲོད་པར་གྱུར་ཞེས་གསུངས་པ་ན།ངས་ད་བཟོད་ཕ་ཨ་ཁུ་རྣམས་ཀྱིས་རང་སྐད་ཤེས་པས་མ་ཚད་གཞན་སྐད་གོ་བའི་རྒྱུ་མཚན་ཤེས་བྱུང་ལ།རང་ཡུལ་གྱི་གླུ་བྲོའི་ནང་གཞན་ཡུལ་གྱི་སྐད་བསྲེས་ཡོད་ལ་ཚིག་འདྲེས་འདུག་པའི་གནས་ལུགས་ཀྱང་གོ་བས་སྒྱེད་བུ་ཐབ་ཀ་དེ་ཚོ་ལ་མངོན་པར་འདོད་པའི་དད་པ་ཞིག་སྐྱེས་ཏེ།དགོང་མོ་དེར་ཐབ་ཁུང་ནང་གི་མེ་ལྕེ་ནི་དེ་ལས་དྲོ་ཞིང་ནམ་མཁའི་སྐར་ཁྱུ་དེ་བས་མང་བའི་སྣང་བ་ཤར་བཞིན།ཐབ་རྡོ་ཡིས་བཏེགས་ཤིང་སྒྱེད་བུ་ཡིས་སྦྲེལ་བའི་འབབ་ཚུགས་ཀྱི་མུ་འབྲེལ་རི་མོ་ཞིག་རྨི་ལམ་དུ་འཁོར་བྱུང་།

ཡུལ་མི་རྣམས་ཀྱིས་ཡིག་འབྲུ་ཤེས་པའི་ངེས་པ་མེད་ཀྱང་།པོ་ཏི་འདྲ་བ་མང་པོ་རྣ་དབང་གིས་ཟིན་ཏེ་ཡིད་ངོས་སུ་བརྐོས་རྗེས་སླར་ཡང་ལྕེ་ཡི་དབང་པོས་བརྒྱུད་སྒྲོག་བྱས་པ་ནི་རིག་གནས་ཤིག་གི་རྗེས་དྲན་དང་ལོ་རྒྱུས་ཤིག་གི་དན་རྟགས་ལགས།

ཞོགས་པར་མལ་ལས་ལངས་ཏེ་སྒྱེད་བུ་ཐབ་ཀའི་ཐོག་ཇ་བསྐོལ་ནས་བཏུང་རྗེས་ལམ་ལ་འགྲོ་གྲབས་བྱེད་དུས།ཨ་ཕ་ཡིས་འགྲོ་ཁར་སྒྱེད་བུ་ཐབ་ཀའི་འགྲམ་དུ་ཟས་ཟ་འཕྲོ་ཙམ་འཇོག་དགོས་པ་མ་གཏོགས།ཁྭ་ཏ་དང་བྱིའུ།གྲོ་མ་སོགས་ཟས་འཚོལ་བར་ཡོང་དུས་གལ་སྲིད་ཅི་ཡང་བཞག་མེད་ན་སྡིག་པ་ཆེ་བ་དང་།འགྲོ་ཁར་སྒྱེད་བུ་ཐབ་ཀར་ཆུ་འཕོས་ན་གཅིག་ནི་ཐབ་ལྷ་ཁྲོས་པ་དང་།གཉིས་ནི་རྗེས་སུ་ཡོང་བའི་རྡལ་པ་རྣམས་ལ་མེ་སོན་མེད་ན་དམོན་ངན་བཏབ་པས་ལམ་འགྲོ་མི་རྒྱུག་ཅེས་མེ་སྐྱོན་འགོག་པའི་ཆེད་དུ་སྒྱེད་བུ་ཐབ་ཀའི་ཕྱོགས་བཞིར་རྡོ་ཡིས་བསྐོར་ཞིང་དཀྱིལ་དུ་ཐལ་བ་སྤུངས་པ་དང་།ཟུར་དུ་ཟས་ལྷག་འཕྲོ་མང་ཙམ་བཞགདེ་ནས་ཕ་ཡུལ་གྱི་ཕྱོགས་སུ་ཁ་འཁོར་ཏེ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་ཡང་ནས་ཡང་དུ་བཏབ་རྗེས་ང་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ལམ་དུ་བསྐྱོད་པ་ཡིན།

ལམ་བར་དུ་རྟ་དྲེལ་མང་པོར་དོ་པོ་བཀལ་ཏེ་ཕྱིར་ཕ་ཡུལ་དུ་ལོག་མཁན་མང་ལ་རང་གི་མགོ་བོ་ལས་མཐོ་བའི་ཁུར་པོ་ཁུར་ནས་ཡོང་མཁན་ཡང་མི་ཉུང་།མཚམས་མཚམས་སུ་ཡན་ལག་ལྔ་བོ་ས་ལ་ཕབ་སྟེ་བརྐྱངས་ཕྱག་འཚལ་བཞིན་གནས་མཆོག་ལྷ་སའི་ཕྱོགས་སུ་འགྲོ་མཁན་ཡང་ཐུག་རྒྱུ་ཡོད་པས་རྒྱ་མི་ཆེ་བའི་ལམ་དུ་རྟ་དྲེལ་གྱི་འཚེར་སྒྲ་དང་དྲིལ་བུའི་སྒྲ།གསོལ་འདེབས་ཀྱི་དབྱངས་སོགས་འདུ་འཛིས་གང་ལ་ཐལ་བས་དཀྲིགས།ལ་བརྒྱབ་ཐུར་བབ་བྱས་མཐར་ལམ་གྱི་གཡོན་ལོགས་སུ་ཉག་ཆུ་སྔོན་མོ་ཡིས་གངས་རིའི་ཁ་བའི་སྙིང་པོ་དང་སྤང་རིའི་མེ་ཏོག་གི་ཟེའུ་འབྲུ།ནགས་ཚལ་གྱི་ལྗོན་ཤིང་གི་ལོ་མ་བཅས་རྒྱན་དུ་ཁྱེར་ཏེ།འབྲོག་ས་དང་རོང་སའི་སྒྱེད་བུ་ཐབ་ཀ་བགྲང་ལས་འདས་པ་བརྒྱུད་ནས་བཞུར་གྱིན་ཡོད་པ་ལས་ལམ་འདིའི་དུས་གསུམ་གྱི་འཁུན་སྒྲ་དང་རེ་འབོད་ཐོས་ཤིང་།ཡུལ་འདིའི་མེས་པོ་ཚོའི་ཐོས་པའི་གཉེར་རིས་དང་རྐང་ལག་གི་སེར་ག་མཐོང་བས་ངས་ཉིན་གྱི་ཚ་ཕོག་རྒྱག་ས་དང་མཚན་གྱི་ཚུགས་འབབ་སའི་སྒྱེད་བུ་ཐབ་ཀ་དང་།ཐབ་ཀའི་འགྲམ་གྱི་ཨ་ཕས་བཤད་པའི་གེ་སར་སྒྲུང་དང་ཨ་ཁུས་བསླབས་པའི་ལ་གཞས།ཨ་ཞང་གིས་བཤད་པའི་རྡལ་ལམ་ཐོག་གི་གཏམ་རྒྱུད།གྲོགས་པོས་ལབ་པའི་ལྷ་འདྲེའི་སྒྲུང་བཅས་ཕྱིར་དྲན་བྱེད་ཀྱིན་དུས་ནམ་ཞིག་གི་ཚེ་ངའི་ཕ་ཡུལ་གྱི་འགྲོ་ལམ་ལ་འདི་འདྲའི་དཀའ་ཁག་མེད་ཅིང་སྒྱེད་བུ་ཐབ་རྡོ་ལའང་གཏོར་བཤིག་མ་འོངས་པའི་སྨོན་ལམ་ཡང་ནས་ཡང་དུ་བཏབ།

དུས་དེང་སང་དུས་ཀྱིས་མིའི་བསམ་བློ་བསྒྱུར་ལ་མིའི་བསམ་བློ་ཡིས་སྣོད་བཅུད་ཀྱི་འཇིག་རྟེན་བསྒྱུར་བ་ལྟར་ཕ་ཡུལ་གྱི་ཕྱོགས་བཞི་ནས་བསྲིངས་པའི་རྐང་ལམ་ནི་གཞུང་ལམ་དང་།བྲག་ལམ་ནི་དཔྱང་ལམ།ཆུ་ལམ་ནི་ཟམ་ཆེན་དུ་བསྒྱུར་བས་འབབ་ཚུགས་རྣམས་ཀྱི་སྒྱེད་བུ་ཐབ་ཀ་ལས་འགའ་ཞིག་ནི་རྨེག་མེད་དུ་བཏང་ཟིན་ལ་ལ་ཤས་ནི་ལམ་འགྲམ་གྱི་ཟུར་ཁུག་ཏུ་ལྷིང་འཇགས་སུ་ལུས།འགའ་ཞིག་ནི་གཡས་ལོག་གཡོན་འགྱེལ་དུ་སྣང་ལ།འགའ་ཤས་ནི་ཁ་ཆད་སྣ་རལ་དུ་གྱུར་པས་དེ་སྔོན་ལྟར་དམར་ལྷབ་ལྷུབ་ཀྱི་མེ་ལྕེ་འབར་རྒྱུ་མེད་ལ་སྔོ་ལྷོག་ལྷོག་གི་དུ་བ་མཐོང་རྒྱུ་མེད་པར་མ་ཟད།སྒྱེད་བུ་ཐབ་ཀའི་འགྲམ་གྱི་ལྷ་ལ་འབུལ་བའི་མཆོད་གསུམ་གྱི་གླུ་སྐད་དང་་ཀླུ་ལ་ཞུ་བའི་ཚིག་གསུམ་གྱི་དབྱངས་རྟ།ཐབ་ལ་འཁོར་བའི་རྡོ་གསུམ་གྱི་ལྷན་འཛོམས།མི་ལ་དྲངས་པའི་ཇ་ཆང་གི་བཤད་པ་མེད་ཀྱང་།རྡལ་པའི་ཕྱི་བསྐྱལ་ནང་འདྲེན་གྱི་སྙིང་སྟོབས་དང་རྡལ་ལམ་གྱི་གནའ་དེང་ཟུང་འབྲེལ་གྱི་གོམས་སྲོལ།སྒྱེད་བུའི་ཕྱི་ནང་ལྷན་འདུས་ཀྱི་སྤོབས་པ་དང་བཅས་པ་ནི་གནའ་བོའི་དྲིལ་བུ་དང་གླུ་སྒྲ།དེང་སང་གི་རླུང་བུ་དང་ཆར་ཤག་གི་ཚུལ་དུ་ལྷང་ལྷང་དུ་གྲག་དུས།སེམས་ཀྱི་ཟབ་ས་རུ་གངས་རི་དང་རྫ་རི།སྤང་རི་གསུམ་ནི་ཐབ་རྡོའི་ཚུལ་དུ་ཀྲོང་ངེར་འགྱིང་ལ།སྙིང་གི་ཐིག་ལེ་རུ་རྨ་ཆུ་དང་འབྲི་ཆུ།རྫ་ཆུ་གསུམ་ནི་ཇ་ཆུའི་ཚུལ་དུ་ལྷུང་ལྷུང་དུ་བཞུར་གྱིན་སྣང་།།

དུས་དེབ《གངས་དཀར་རི་བོ》ལས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།