ཀྲུང་གོ་བོད་ཀྱི་དྲ་བ།

ས་ལ་ཟགས་པའི་སིལ་ཏོག

ཡོང་ཁུངས། : བོད་ཀྱི་རྩོམ་རིག་སྒྱུ་རྩལ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀླུ་འབུམ་ཚེ་རིང་།(མགོ་ལོག)

1

ཨ་མ་སླར་ཡང་སྨན་ཁང་དུ་འཁྲིད་དགོས་བྱུང་། ཐེངས་གཉིས་པར་འདུག་སའི་སྨན་ཁང་འདི་ཡང་སྔོན་མའི་སྨན་ཁང་ཡིན་དགོས་སོང་། ཅི་ལ་ཞེ་ན། ཞིང་ཆེན་སྨན་ཁང་གཞན་གྱིས་འགོས་ནད་རིགས་ཀྱི་ནད་པ་ནང་དུ་མི་ལེན་ཏེ། དེ་ནི་སྨན་ཁང་དག་གི་གཅིག་གྱུར་གྱི་གཏན་ཁེལ་རེད་ཟེར། ཐེངས་སྔོན་མར་ང་ཚོས་ཀྱང་གློ་མཆིན་འགོས་ནད་ཅན་གྱི་ནད་པ་དག་སྨན་ཁང་གཞན་གྱིས་མ་བླངས་པར་འགོས་ནད་ཆེད་གཉེར་སྨན་ཁང་དུ་གྲགས་པ་འདི་རུ་སྤོར་བ་མཐོང་མྱོང་། ཡིན་ཡང་སྲོག་སྦྱིན་རྨས་སྐྱོབ་བླ་མེད་འགན་དུ་སྒྲོག་པའི་སྨན་ཁང་དག་གིས་ཀྱང་ནད་པ་ལ་དབྱེ་དང་རིགས་དགར་ ཆོག་པ་སྒུལ་དུ་མེད་པའི་གནས་ལུགས་ཤིག་དང་། སྒྱུར་དུ་མེད་པའི་གཏན་ཁེལ་བཙན་པོ་ཞིག་ཡིན་པ་བླུན་པོ་ངས་ད་རེབ་མ་གཏོགས་གསལ་བོར་མ་ཤེས། ངོ་མ་འཇིག་རྟེན་འདི་ན་ཁ་དང་ཀླད་པ་འགུལ་ཤེས་པ་ཙམ་གྱིས་དོན་བྱ་ཐག་གཅོད་ཀྱི་གནས་ལུགས་དང་རྒྱུ་མཚན་རི་རབ་བཞིན་དུ་སྤོང་རྒྱུ་ཡོད་འདུག་ཨང་།གནས་ལུགས་དང་རྒྱུ་མཚན་དེ་དག་མཐར་ཐུག་ན་འགྲོ་བ་མིའི་ཡན་དུ་འཕགས་ཤིང་ཀྲོང་ངེར་འགྱིང་བས། ཉམ་ཆུང་ཤེས་མེད་ཀུན་གྱིས་མི་བརྩི་དབང་མེད་དུ་གྱུར་འདུག ཡིན་ཡང་ངོ་ཤེས་དང་གྲོགས་པོ་བཙལ་བའམ་ཐབས་ལམ་གཞན་ལ་བརྟེན་ན་སྨན་ཁང་གཞན་དུ་འགྲོ་བའི་རེ་བ་ཡོད་ཚུལ་ཐོས་མོད། ང་དང་ཨ་ཅེ། ཕུ་བོ་གསུམ་པོར་གྲོང་ཁྱེར་འདི་ན་ཉེ་དུ་གཅིག་གཉིས་ཙམ་དང་། འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཡང་དེ་ཙམ་ལས་མེད། ཚུར་རོགས་ལ་ཡོང་བའི་ཉེ་དུས་ངོ་ཤེས་ལ་བརྟེན་ནས་རོགས་བྱེད་རྩིས་བྱས་ཀྱང་། ཁོའི་ངོ་ཤེས་སྨན་པ་གྲགས་ཅན་དེ་ཡང་ཏག་ཏག་ཉིན་དེར་ནད་ཀྱིས་སྨན་ཁང་དུ་བསྡད་འདུག་ཟེར། ཡིན་ཡང་ཉེ་དུའི་རོགས་ལ་བརྟེན་ཨ་མས་དད་པ་རྩེ་གཅིག་བྱེད་སའི་བླ་མའི་གསུང་བརྟག་བཞིན་སྨན་ཁང་གྲགས་ཆེ་དེ་རུ་སོང་སྟེ་སྨན་པ་ཞིག་ལ་སྟོན་ཐུབ་བྱུང་མོད། སྨན་པས་གློ་གཅོང་གི་ནད་རིགས་ནི་སྨན་མི་འཆད་པར་སྤྱོད་རྒྱུ་དང་བཅུད་ལྡན་ཟས་རིགས་བཟའ་རྒྱུ་གལ་ཞེས་སྨན་ཁང་དུ་འདུག་དོན་མེད་ཚུལ་བསྟན། ཡིན་ཡང་ཁྲག་ཐིགས་འདྲེས་མའི་གློ་ལུས་དབུགས་གཅོད་གྲབས་དང་། དབུགས་འཚང་བའི་ན་ཟུག་གིས་ཉིན་མཚན་འཁྱོལ་དཀའ་བའི་མ་རྒན་ནི་སྨན་བསྟེན་པ་ཙམ་གྱིས་ན་ཟུག་ག་ནས་འཇོག ཉིན་ཐུང་ཐུང་གི་རིང་ལ་ཤ་རིད་ལུས་སྐེམ་དུ་གྱུར་ཅིང་། མལ་ནས་ཕར་འཁོར་ཚུར་འཁོར་གྱི་འཕག་འཚག་དཀའ་ཞིང་ཕར་ལྟ་ཚུར་ལྟར་མིག་ལྕིབས་ཀྱང་འབྱེད་འདོད་བྲལ་བའི་གནས་སུ་ལྷུང་བའི་ལོ་ན་བརྒྱད་ཅུ་ཟིན་པའི་ཨ་མ་སྤྱི་ལེ་ཉིས་བརྒྱ་ལ་ཉེ་བའི་ས་ནས་དབུས་འགྱུར་གྲོང་ཁྱེར་དུ་ཐོན་བཞིན་དུ་སྨན་ཁང་མི་བསྟེན་སེམས་ཀྱིས་ཅི་ལྟར་བཟོད། ངེད་གཅེན་གཅུང་གསུམ་པོས་མ་རྒན་གྱི་གློ་ལུའི་ན་ཟུག་ཨེན་ཙམ་འཇོག་ཐུབ་བྱུང་ན་ཡང་ཇི་འདྲའི་སྐྱིད་པ་ལ་ཨང་སྙམ་བཞིན་རེ་བ་ཆུང་ཆུང་ཞིག་བཅངས་ཏེ།སླར་ཡང་དེ་སྔོན་གྱི་སྨན་ཁང་རུ་འགྲོ་དགོས་བྱུང་། དེ་སྔོན་སྨན་ཁང་འདི་ནས་སྒོ་རུ་འབུད་ཁར། ནད་གཞི་ཅུང་ཙམ་ཇེ་དགར་སོང་བའི་མ་རྒན་དང་། ང་དང་ཕུ་བོ་གཉིས་ཀ་དང་ངའི་ཆུང་མ་བཅས་ཀྱིས་ནད་པ་དང་ནད་པའི་ཁྱིམ་མི་ཡོངས་དང་འདྲ་བར་ཕྱིན་ཆད་སྨན་ཁང་ཞིག་ལ་ཡོང་མི་དགོས་པའི་སྨོན་ལམ་འདེབ་ཅེས་སེམས་དང་ངག་ནས་ཡང་ཡང་བཟློ་བཞིན་ཕ་ཡུལ་གྱི་ཕྱོགས་སུ་འཁོར་མོད། ཡུལ་ནས་ཟླ་ཕྱེད་ཙམ་ཡང་མ་སོང་བར་ཨ་མའི་ནད་གཞི་ཇེ་སྡུག་ཏུ་གྱུར།ང་ཚོས་ཕྱིར་སྨན་ཁང་དུ་འགྲོ་དགོས་ཚུལ་བསྟན་པ་ན། ཨ་མས“ཁྱོད་ཚོས་ང་སྡུག་ལ་གཏད་དེ་ཅི་བྱ”ཞེས་གཏན་ནས་མ་འཐད་མོད། མོ་རང་ཉིན་མཚན་གཉི་གར་ལུས་སེམས་ཕྱེ་མར་འཐག་འདྲའི་ན་ཟུག་གིས་གཙེས་ཏེ་འཁུན་སྒྲ་བར་མེད་དུ་འབྱིན་པར། བུ་ཕྲུག་ཚོས་མཐའ་ནས་རུབ་སྟེ་སྲུང་ན་ཡང་། ཨ་མའི་ན་ཟུག་གཟེད་རོགས་དང་འཁུར་གྲོགས་སུ་བུ་ཕྲུག་གཅིག་ཀྱང་མི་འོང་ལ། མ་རྒན་གཅིག་པུས་ཁོག་གི་རྒྱུ་མ་དཀྲུགས་འདྲའི་ན་ཟུག་མྱོང་སྐབས་མོའི་ཤ་ལས་ཆད་པའི་བུ་ཕྲུག་ཚོས་ནད་པའི་རྐང་ལག་ལ་རེག་རེག་གམ་བྱིལ་བྱིལ་ཙམ་དང་མལ་ས་བདེ་མོ་རེ་བཅའ་བ་ལས་ཅི་འོས་གང་དྲག་གི་ཐབས་དང་བྲལ་བས། མཆི་མ་དབང་མེད་དུ་དཀུ་ཞིང་དབུགས་རིང་རེ་ངང་གིས་ཕྱུངས། དེ་བས་ང་ཚོས་ཨ་མ་བསྐྱར་དུ་སྨན་ཁང་དུ་འཁྲིད་རྒྱུར་གྲོས་བྱས་རྗེས། ཨ་མ་ལ་ཁ་ཡག་མགོ་སྐོར་འདྲེས་མའི་སེམས་གསོ་དང་བཅས་སྨན་ཁང་དུ་སྟོན་དུ་འོང་བ་ཡིན། དེ་སྔོན་སྨན་ཁང་འདི་ནས་འབུད་སྐབས། ཨ་མ་ད་དུང་གཡས་སྐྱོར་གཡོན་སྐྱོར་བྱས་ན་རྐང་བ་ས་ལ་རེག་བཞིན་དལ་གྱིས་འགྲོ་ཐུབ་མོད། ད་ཐེངས། ང་ཚོས་ཨ་མ་བལ་གདན་གྱི་ཁུད་ལ་བླངས་ཏེ། རླངས་འཁོར་དུ་བཞག་པ་ཡིན་ལ། སྨན་ཁང་གི་སྒོ་མདུན་དུ་ཐོན་རྗེས། ཕུ་བོ་དང་ངེད་གཉིས་ཀྱིས་མོའི་ཁོག་སྟོད་དང་ལུས་སྨད་ནས་བཟུང་སྟེ་འཁོར་ཁྲིའི་སྟེང་ལ་བསྐྱོན་ཏེ་སྨན་ཁང་དུ་ཁྲིད་པ་ཡིན།

ང་ཚོ་སླར་ཡང་མི་ཚོགས་ཀྱི་འཚང་ཁ་ཆེ་ཡང་སྨན་དྲི་དང་ལུང་སྟོང་གི་མཁའ་དབུགས་སྟུག་པའི་ཨར་འདམ་དང་གྱོ་མོག་གི་ཁང་བ་འདིའི་ཁོང་གསེང་དུ་འཛུལ་ཏེ། གོས་དཀར་གྱོན་པའི་སྨན་པ་དང་ནད་གཡོག་ཚོའི་ངོ་ལ་ལྟ་དགོས་བྱུང་། ད་ལྟ་འདང་ཞིག་བརྒྱབ་ན། ཐེངས་དང་བོར་ཚ་ཐབ་དྲོན་མོ་དང་བྲལ་ཏེ། རྒྱུས་མེད་ཀྱི་གནས་སུ་གྱར་ཞིང་། སྐད་བརྡ་མི་འཕྲོད་པའི་གོས་དཀར་མནབས་པའི་སྨན་སྟེར་མཁན་དང་ནད་གཡོག་ཚོ་ལ་རེ་ཞིང་ཐུག་འཕྲད་དགོས་པ་འདི་ཁོ་ནས་ཀྱང་ལོ་བརྒྱད་ཅུ་ཟིན་པའི་ཞིང་གྲོང་གི་བགྲེས་མོ་ཞིག་ལ་མི་འདོད་ནད་ཀྱི་ཐོག་ལ་ཡིད་སེམས་སྟོང་ཞིང་འཁྱག་པའི་ཁེར་ཧྲེང་གི་གདུང་བས་མནན་ཡོད་སྙམ། ཨ་མའི་མིད་པར་བྲང་གི་ནུ་མ་རེག་བཞིན་པའི་བུས་པ་སྙོད་སྙོད་ལྟར་ཟས་ཁམ་འགའ་རེ་ལས་མི་འགྲོ་ན་ཡང་། སྨན་ནི་སྤར་གང་སྤར་གང་ཧུར་རུས་ཀྱིས་བསྟེན་ཅིང་། འཁྱག་ཅིང་བསིལ་བའི་སྨན་ཆུའི་ཁུག་མ་རེ་རེ་རྩ་ལམ་དུ་དྲངས།ཨ་མས་སྨན་འགེལ་གྱི་ལྕགས་རྡང་སྟེང་དུ་སིལ་སྡོང་གི་ཡལ་ག་ལྟར་དཔྱངས་ཤིང་གཏིག་ནས་ཚར་རྒྱུ་མེད་པའི་སྨན་ཆུ་དག་ལ་ལྟ་བཞིན་ད་དུང་ཚར་རྒྱུ་མེད་པ་ཅི་ཡིན་ཞེས་ཤུགས་མེད་སྐད་ཀྱིས་དེ་ལྟར་ཟེར། མོ་ཅུང་ཙམ་བདེ་ལ་བབས་ན། ང་ཚོས་རེ་བ་དང་ཀུ་རེ་འདྲེས་མས་ཨ་མ་ལ“སང་ཉིན་ཁྱེད་རང་ཐང་དུ་གོམ་པ་འགའ་རེ་སྤོ་ཐུབ་པར་སྲལ་ལེ་བྱོས”ཞེས་ཞུས་ན། མོས་ཀྱང་ང་ཚོར་འཛུམ་ཆུང་རེ་བཙན་གྱིས་དམུལ་བཞིན། “ཡ་ཡ། ཨ་མས་སྲལ་ལེ་བྱ”ཞེས་བཤད་མོད། ཞག་གང་བོར་ཚ་རྒྱས་ཤིང་མཚམས་མེད་ཀྱི་གློ་ལུས་ཉིན་གྱི་བདེ་བ་ཕྲན་བུ་དེ་ཤུལ་མེད་དུ་བཅོམ་འགྲོ། “ཨ་མས་ཡང་རྐང་བ་ས་ལ་རེག་ན་ཅི་འདྲའི་འདོད་མོད། ལྷམ་པ་བཞིན་མལ་སར་འབྱར་བ་འདི་རེད”མོས་འུ་ཐུག་ཐབས་ཟད་ཀྱི་མདངས་དང་བཅས་དེ་ལྟར་བཤད་ལ། “འདི་རུ་ཡོང་ནས་ཉི་མ་དྲུག་བདུན་ཙམ་ཕྱིན་ཡང་། དྲག་སྐྱེད་ཏིལ་ཙམ་ཡང་མི་འབྱུང་བ་འདི་ཅི་ཡིན་ནམ། སྨན་འདི་དག་དངོས་གནས་རྡོ་ཐོག་ཏུ་ཆུ་བཤལ་བ་བཞིན་རེད། གོ་ཙིག་གེ་ཞིག་ཀྱང་ཆོད་ཀྱིན་མི་གདའ”རེ་ཐག་ཆད་པའི་སྐད་ཆ་དེ་དག་བཤད་པ་ན། ང་ཚོས་འཕྲལ་མར“ཁྱེད་རང་སེམས་ཁྲལ་མ་བྱ་དང་། ཡུན་གྱིས་ཡུན་གྱིས་ཇེ་དགའ་རུ་འགྲོ་ངེས། རེམ་མ་རེམ་མར་ནད་ཚེར་མ་ལེན་ལེན་བྱེད་ག་ལ་ཐུབ”ཅེས་ནན་ཆེར་སྨྲས་ན། ཨ་མས་སྐད་ཤུགས་ཆུང་ངུས“ངས་ཚེ་སྔོན་མར་ཅི་ཞིག་བསགས་པ་ཡིན་ནམ།ལན་ཆགས་འདི་འདྲའི་མང་བ་ལ”ཞེས་ཞེ་ཕམ་ཡི་མུག་ གིས་བཤད་ན། ང་ཚོས“མི་ཞིག་ཡིན་ན་ན་རྒྱུ་ལོས་ཡོད། ཁྱེད་ཀྱིས་འདང་ཡར་མར་ལ་མ་རྒྱག རང་གིས་རང་ལ་ཡང་ཡིད་ཆེས་བྱ་དགོས་ལགས”ཞེས་བློ་བདེ་རུ་བཅུག་མོད། ཨ་མས“བྱིས་པ་ཁྱོད་ཚོས་ཅི་ཡང་ཤེས་ཀྱིན་མི་འདུག ང་ཕྱིར་ཡུལ་དུ་འཁྲིད་ན་ལེགས”ཞེས་རེ་བ་མེད་ཚུལ་སྟོན། དེ་ལྟ་ན་ཡང་ང་ཚོས་ད་དུང་སེམས་མ་ཤི་བར་མུ་མཐུད་དུ་སྨན་བཅོས་བྱས་པ་ཡིན། ཨ་མའི་ནད་གྲོགས་ནི་ལོ་རེ་ལྔར་སོན་པའི་རྒྱ་མོ་ཞིག་སྟེ། མོ་དང་ཐོག་སྨན་ཁང་འདི་རུ་ཡོང་སྐབས་ཀྱང་བུ་རྒན་པས་རྒྱབ་ལ་འཁུར་ཏེ་ཡོང་ལ། མོ་ཡང་གློ་བས་ན་བ་ཞིག་སྟེ་ལུ་ཐེངས་རེར་དབུགས་ལམ་ནས་སྐོག་སྒྲ་གྲགས་ཤིང་ལུད་པ་ཁ་ནང་ཁྱབ་པ་རེ་འདོན་ཡོང་། འོན་ཀྱང་ཨ་ཡེ་རྒྱ་མོ་ཉིན་བཞི་ལྔ་ཙམ་འགོར་བ་ན་ཇེ་དགར་སོང་སྟེ་མིས་སྐྱོར་ན་ནད་ཁྲི་ནས་ཐང་ལ་བབས་ཏེ་ཆབ་ཁང་དུ་འགྲོ་ཐུབ་ལ། ཟ་མའི་ཡི་ག་ཕྱེས་ཏེ་སིལ་ཏོག་ཧྲིག་ཧྲིག་གིས་འཆའ་བ་དང་། ཟ་མ་ཁམ་ཆེན་པོས་བཟའ་བ་དེ་མཐོང་བ་ན། མལ་སྟན་ལ་འབྱར་བའི་ཨ་མས་ནད་གྲོགས་ཀྱི་ཕྱོགས་སུ་ཡང་ཡང་ཡིད་སྨོན་གྱི་མིག་གིས་ལྟ་ཅི་ཐུབ་བྱས། ང་ཚོ་ཡང་རང་དབང་མེད་པར་ནད་གྲོགས་དེ་ལ་སེམས་ནས་སྨོན་པ་ཤོར་ལ། རང་གི་མ་རྒན་ཡང་མོ་དང་འདྲ་བ་ཞིག་ཏུ་འགྱུར་ན་ཅི་མ་རུང་སྙམ། ཉིན་ཞིག་གི་སྔ་དྲོ་ལ། ཨ་མས་ཟི་ལིང་གི་ཚ་མོས་ཁྱེར་ཡོང་བའི་ཤ་ཁུའི་ནང་གོ་རེ་ཉུང་ངུ་ཁྲོལ་བུར་བཅག་སྟེ་ནང་ལ་བཏབ་པ་དེ། དཀར་ཡོལ་ཆུང་ཆུང་སྐེད་ཙམ་གྱི་གཉིས་འཐུང་ཐུབ་བྱུང་བས། ངོ་གདོང་ཐུར་དུ་བསྣར་བའི་ནད་སྲུང་བུ་ཕྲུག་ང་ཚོ་ཡང་ཨ་མ་ཇེ་དགའ་རུ་འགྲོ་བ་མིན་ནམ་ཞེས་སེམས་ནས་དགའ་མགུ་ཞིག་འཕྱུར་ཞིང་། གདོང་ལ་ཉི་ཟེར་ཞིག་ཤར་ལ། དེའི་མུར་ཁ་ནས་དགོད་སྒྲ་རེ་ཤོར་ཏེ། གཏམ་ཀུ་རེ་དང་ཁ་བརྡ་ཡང་རིམ་གྱིས་ཇེ་མང་དུ་གྱུར། ངོ་མ་ཨ་མ་ཅུང་ཙམ་བདེ་བའི་རྟགས་ཙམ་མངོན་ན་ནད་སྲུང་ང་ཚོའི་སེམས་སུ་ཉི་ཐིག་ཅིག་འཕྲོས་ཡོང་ལ། ཐ་ན་ཨ་མ་ནད་ལས་སངས་ཤིང་མི་འགྱང་བར་ཐང་ནས་གོམ་པ་ལེན་ཐུབ་ངེས་ཞེས་ལོ་བཞི་བཅུ་དང་ལྔ་བཅུ་ཡོལ་བའི་སྤུན་ངེད་གསུམ་པོས་བྱིས་པ་བསམ་མེད་ཞིག་ལྟར་གླེན་འདང་འབའ་ཞིག་བརྒྱབ་ཅིང(ཐེངས་འདིར་དེ་སྔོན་གྱི་སྨན་པས་མ་རྒན་གྱི་ནད་སྔོན་མ་ལས་ཇེ་སྡུག་ཏུ་སོང་བ་ཚབས་ཆེ་ཞིང་། གློ་བ་གཡས་སར་ཆུ་བསགས་པ་ཚབས་ཆེ་ཁར་སྙིང་ལ་ཡང་གནོད་པ་བྱས་འདུག  ནད་པའི་ལུས་ཁམས་ཞན་པས་ཆུ་ཕྱུངས་ཐབས་མི་འདུག་སྟེ། སྨན་འཐུང་ཞིང་ཟས་བཅུད་ཅན་བྱིན་ནས་ཕུང་བོ་གསོ་དགོས་ཚུལ་སྟོན། ང་ཚོ་བློ་མ་བདེ་བར་ཡང་ཡང་དྲིས་ན་སྨན་པས་རེ་བ་མེད་ཚུལ་རྗེན་པར་མི་བཤད་ན་ཡང་། དོ་ཚིགས་ཁྱེད་ཚོའི་ཨ་མར་བཟང་ལས་བགེགས་མང་ཞིང་། གཙོ་བོར་སྨན་གྱིས་ནད་ཀྱི་མགོ་གནོན་ཐབས་བྱ་དགོས་ཟེར། ང་ཚོས་ཀྱང་སྨན་པའི་ངག་གསུང་དང་དུ་བླངས་ནས་མུ་མཐུད་དེ་སྨན་བཅོས་བྱས་པ་ཡིན་ལ། ནད་པ་མལ་ལས་ཡར་ལ་སློང་བར་རེ་བ་སྤུ་ཉག་ཙམ་སྲིད་ཚེ།ང་ཚོས་དེ་ལ་ཤུགས་ཀྱིས་འཇུས་ཏེ་འབད་པ་བྱ་རྒྱུ་སེམས་སུ་བཅངས། ད་ལྟ་འདང་རེ་བརྒྱབ་ན། དེ་དུས་མི་རྒན་ང་ཚོས་ཅི་ཡང་ཤེས་མི་འདུག་སྟེ། གློ་གཅོང་གི་ཕྲ་ཕུང་གང་སར་འབྱམས་ཚེ། ལོ་རྒས་ལུས་ཞན་གྱི་མ་རྒན་ནད་ལས་ཐར་བའི་རེ་བ་ཞིག་ག་ན་ཡོད་མོད། ང་ཚོ་སྔར་བཞིན་བློ་མ་ཕམ་པར། དྲིན་ཆེན་མ་ལོ་ལོ་གཅིག་གམ་གཉིས་རིང་འཚོ་བྱུང་ན་ཡང་། ང་ཚོས་འཇིག་རྟེན་འདི་ཡི་སྐྱིད་དང་བསོད་ནམས་སུ་སྒོམ་པ་སྨྲོས་ཅི། ལབ་གླེང་གི་སྐད་སྒྲ་དང་དགོད་སྒྲས་དབེན་སྟོང་དབུགས་ལེན་དཀའ་བའི་ནད་ཁང་དོག་མོ་འདི་རུ་ཡང་སྤྲོ་སྐྱིད་དང་གསོན་ཤུགས་ཤིག་ཀྱང་ངང་གིས་རྒྱས་པར་བྱས།ཡིན་ཡང་ཉིན་དེའི་ཕྱི་དྲོར་ཨ་ཅེས་ཤ་ཁུ་དེའི་འཕྲོ་མ་བསྲོས་ཏེ་དཀར་ཡོལ་ཆུང་ཆུང་ཁེམ་བུ་ལྟ་བུའི་དེའི་ནང་བླུགས་ཤིང་སྔ་དྲོ་ལྟར་གོ་རེ་ཁྲོལ་བུ་བྱས་ཏེ་ནང་དུ་བཏབ། དེ་ནས་ཕུ་བོས་ཨ་མར་དྲངས།མོས་དང་ཐོག་བཟའ་འདོད་ཀྱི་ཡི་ག་མེད་ཚུལ་སྟོན་མོད། ང་ཚོས་ནན་ནན་བྱས་མཐར། མོས་ཀྱང་ང་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བར། ཁམ་ཆེན་པོ་ཆེན་པོ་འཐུང་མོད། ཞབས་ལ་གཏུག་སྐབས། ཨ་མས་གློ་བུར་དུ་ཁོང་དུ་སོང་མ་ཐག་གི་ཟས་རྣམས་ཕྱིར་བསྐྱུགས། ཟས་སྐྱུག་སྐབས། ཁ་ཤ་ལྷེམ་ལྷེམ་དང་མགོ་བོ་ལྕིག་ལྕིག་ཏུ་འདར་བ་དང་། དེའི་མུར་དབུགས་འཚང་ཞིང་གློ་ལུ་བསྟུད་མར་བརྒྱབ་བྱུང་།ལུད་པའི་ནང་ལ་ཁྲག་དམར་ནག་འདྲེས་ལ། མཚམས་ཤིག་ལ་ཁྲག་རྐྱང་གར་གོར་རེ་ལུད་པས། ངེད་སྤུན་གསུམ་པོ་དངངས་འཚབ་སྐྱེས་ཏེ་དེ་འཕྲལ་སྨན་པ་བཙལ་དུ་སོང་། ལས་རེས་སྨན་པ་ཡོང་ནས་ནད་པའི་ལུ་ཚུལ་ལ་བརྟག་དཔྱད་དང་ལག་རྩར་རེག་རེག་བྱས་རྗེས། ང་ལུ་འཇོག་གི་སྨན་ལེན་དུ་མངགས་བྱུང་། ལྷ་རྗེ་རུ་འབོད་པའི་སྨན་པ་ཚོ་ལ་ཡང་ནད་པར་སྨན་དང་སྨན་སྟེར་བ་ཙམ་ལས་དེ་འཚམ་གྱི་ལྷག་པའི་བཅོས་ཀ་ཞིག་མ་མཆིས། གཅིག་ལ་ཕན་ན་གཅིག་ལ་གནོད་པ་སྨན་ལེབ་མོ་དང་རིལ་ལྒང་འདི་རིགས་ཀྱི་སྐྱོན་དུ་ཟད་མོད། ཟས་ཁམ་གང་མིད་པར་མ་སོང་བའི་ཨ་མ་ལ་སྨན་བླུགས་ཏེ་ཁོག་པ་སྨན་གྱིས་གང་དུ་འཇུག་དགོས་བྱུང་། ལུ་འཇོག་གི་སྨན་དེ་བསྟེན་ན་ཡང་། ལུ་མཚམས་འཇོག་རྒྱུ་ཡེ་ནས་མི་མཐོང་བར་མ་ཟད། ཁྲག་གིས་ཁྱབ་པའི་ཁ་ལུད་བསྟུད་མར་ལུས་པས་ཕུ་བོ་ཡང་བསྐྱར་སྨན་པ་འབོད་དུ་སོང་། སྨན་པས་ནད་པར་སྨན་ཁབ་ཅིག་བརྒྱབ་རྗེས་རིམ་གྱིས་ལུ་ཐག་ཇེ་རིང་དུ་སོང་མོད། ཕུ་བོས་སྨན་པའི་ཁ་ནས་ཁྲག་ལུད་པ་ནི་གནས་ཚུལ་དགའ་ཞིག་མིན་ཏེ། ཁྱོད་ཚོས་ནད་པར་བལྟས་བལྟས་ལ་འདུག་དགོས་ཞེས་གདམས་པ་གོ་བས་ཁོ་དང་ཨ་ཅེ་གཉིས་ཞག་གང་བོར་བློ་སེམས་གནམ་ལ་དཔྱངས་ཏེ་གཉིད་དུ་ཏལ་ཅིག་ཙམ་ལ་ཡང་ཞུགས་མ་ཐུབ་པ་སྨོས་ཅི། ནུབ་མོ་དེར་ང་ཕྱི་རུ་ངལ་གསོ་རུ་ཡོང་རྗེས། ཕུ་བོ་དང་ཨ་ཅེ་གཉིས་བསྡད་དེ་བདག་བྱས། ཕྱི་ཉིན་ཞོགས་པར་ང་སྨན་ཁང་དུ་སོང་བ་ན། ཕུ་བོས་སྨན་པས་ཅི་ཟེར་རྣམས་ང་ལ་སྨྲས་བྱུང་། ངས་ཀྱང་དེ་སྔ་སྨན་ཁང་འདིའི་སྨན་པ་ཞིག་གི་ཁ་ནས་ཁྲག་སྐྱུག་རྒྱུ་མང་ན། ཁྲག་གིས་དབུགས་ལམ་བཀག་སྟེ་ནད་པ་ལྔ་ལམ་དུ་ཞུགས་པ་མི་ཉུང་སྟེ། ཁེ་ཉིན་ནད་པ་སུ་ཞིག་དང་ཐོག་ཅུང་ཙམ་བདེ་ཐོག་ཏུ་བསྡད་ཡོད་ན་ཡང་། གློ་བུར་དུ་གློ་ལུ་ལངས་ཏེ་ཁྲག་བསྐྱུགས་པས་དབུགས་ཆད་སོང་ཞེས་བཤད་པ་གོ་མྱོང་། དངོས་གནས་སྨན་ཁང་ནི་ཤི་གསོན་གཉིས་ཀྱི་སྒོ་ཐེམ་ཡིན་ཏེ། སྲོག་ལ་ཆེ་ཆུང་མེད་པར་ད་ལྟ་འགུལ་ཙམ་དང་འཕག་ཙམ་བྱེད་པའི་མི་གསོན་པོ་དེ་སྐད་ཅིག་ཉིད་ལ་དབུགས་ཀྱི་རྒྱུ་བ་འགག་སྟེ་འཇིག་རྟེན་འདི་ནས་གཏན་དུ་གྱེས་པ་དང་།ཁྱིམ་མིས་ངུ་ངག་དང་གོམ་པ་ཁྱར་ཁྱོར་གྱིས་དྲོད་ཡལ་ཤ་ཁྲག་གི་བེམ་པོ་སྒོ་རུ་འཁྱེར་བ་མིག་གིས་མཐོང་ཐུབ། སྔོན་ཆད་སྨན་ཁང་དུ་བསྡད་མ་མྱོང་བའི་ཨ་མ་སྨན་ཁང་འདི་རུ་ཐེངས་དང་བོར་བསྡད་པ་ནས། མོའི་ཉེ་འགྲམ་གང་རུང་ནས་ནད་པའི་ཚེ་སྲོག་གི་ཆུ་རྒྱུན་སྐེད་ནས་ཆད་དེ། སྟོང་བའི་དབྱིངས་སུ་ཡལ་རྗེས་ཤི་བོའི་ཁྱིམ་མིའི་སྨྲེ་ངག་རིང་མོ་མོའི་ནད་ཁང་དུ་མཆེད་ཡོང་བས། ནད་པ་ནད་པ་ལ་སྙིང་རྗེ་སྟེ་མཆོག་གསུམ་ལ་སྐྱབས་འཇུག་ཡང་ཡང་ཞུ། ད་ཡོད་ན་ད་འཇིག་འགྲོ་བའི་མི་རྟག་ཚེ་སྲོག་གི་སྒྱུ་འཕྲུལ་འདིས་ཨ་མ་ལ་ངེས་འབྱུང་དང་སྐྱོ་གདུང་སྨྲ་མི་ཤེས་པ་ཞིག་སྐྱེས་པའི་ཁར་སེམས་སུ་རྣམ་རྟོག་སྣ་ཚོགས་ཤིག་བསླངས་པ་གདོན་ཅི་ལ་ཟ། མོས་ནད་ཁང་གི་བར་ཁྱམས་ན་ངུ་བཤུམ་རྒྱག་གིན་མིག་ཆུ་གདོང་ལ་འདྲུ་བའི་མི་རྣམས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྐྱོད་པ་མཐོང་བ་དང་། མིག་ཞགས་ཚུར་བསྡུ་བཞིན་གདོང་ལ་སྐྱོ་ཤས་དང་ངལ་དུབ་ཀྱིས་ཁྱབ་ཡོང་། ཡུན་རིང་ལ་ཅི་ཡང་མི་སྨྲ་བར་མིག་ཟུང་ཟུམ་མེར་ཁ་མུར་མུར་གྱིས་བླ་མ་འགའི་མཚན་ནས་བོས་ཏེ་གསོལ་བ་ལན་མང་འདེབ། ཨ་མ་ལ་ཤེས་སུ་མི་འཇུག་ཆེད། ང་ཚོས་ཐེངས་འདིར་ཡང་ནད་ཁང་གཞན་ནས་མཐོང་བའི་གནས་ཚུལ་རྣམས་ཅི་ནུས་ཀྱིས་མ་གླེང་ལ། སྨན་ཁང་གི་བརྡ་བརྒྱབ་འོག་སྲོག་ཆད་ལ་ཐུག་པའི་ནད་པ་སྒོ་རུ་འཁྱེར་སྐབས། ང་ཚོ་ཨ་མའི་ནད་ཁྲིའི་ལོགས་སུ་ལངས་ཏེ་མོའི་མཐོང་ལམ་བསྒྲིབས་པ་ཡིན། ཁྲག་ལུད་ལུ་རྗེས་ཀྱི་ཉིན་དེའི་ཕྱི་དྲོའི་མཚམས་ལ་ཨ་མ་ལ་སླར་ཡང་དབུགས་འཚང་དང་ཚ་རྒྱས་ཡོང་བས་དགྱེ་འདུག་སྒུར་ཙོག་ཡང་ཡང་བྱ་དགོས་བྱུང་། ཨ་མའི་གློ་བར་ཆུ་བསགས་པ་ནས་བཟུང་མལ་སའི་ནང་གན་རྐྱལ་དུ་ཉལ་ཐུབ་སྐབས་ཧ་ཅང་ཉུང་། ང་ཚོས་ལག་རུབ་སྟེ་ལྟག་གར་འཁེན་ས་བདེ་མོ་རེ་ལས་ན། ཨ་མས“ངའི་ལན་ཆགས་འདི་ནམ་ཞིག་ལ་དག་རྒྱུ་ཡིན་ནམ། ཁྱོད་ཚོ་སྡུག་ལ་གཏད་སོང་།”ཞེས་ཡང་ཡང་སྨྲ་ལ། མོས་སྐབས་སྐབས་སུ་སྒེའུ་ཁུང་གི་ཕྱི་ལ་ལྟ་བཞིན་ས་ནམ་ཞིག་ལ་རུབ་རྒྱུ་ཡིན་ནམ་ཞེས་ཁེར་ལབ་རྒྱག་ལ། དེ་ནས་ཡང་མགོ་ཡར་འདེགས་ཤིང་སྨན་ཆུ་ལ་ལྟ་བཞིན“སྨན་ཚར་རྒྱུ་མེད་པ་ཅི་རེད།”སྐད་གདངས་གཉོམ་མོས་དེ་སྐད་ཟེར། ཉིན་དེའི་དགོང་ཁར་ཨ་ཅེ་འབྲིང་བ་དང་མོའི་བུ་གཉིས་ཕ་ཡུལ་ནས་སྨན་ཁང་དུ་ཨ་མར་ལྟ་རུ་ཐོན། ཨ་ཅེ་གཉིས་ཀྱིས་ནུ་བོ་ངེད་གཉིས་དང་ཚ་བོ་གསུམ་ལ་དོ་དགོང་ཨ་མ་ངེད་གཉིས་ཀྱིས་སྲུང་། ཁྱོད་ཚོ་ངལ་གསོ་རུ་སོང་ཞེས་བཤད་བྱུང་། ཨ་མས་ཀྱང་ཁྱོད་ཚོ་འཕྱི་རུ་མ་འཇུག་པར་ངལ་གསོ་རུ་སོང་དང་། ཁོ་གཉིས་ཀྱིས་བྲ་ནི་རེད་ཅེས་ཟེར། ཕར་བལྟས་ཚེ། མ་རྒན་ཡང་དོ་དགོང་བདེ་ཐོག་ཏུ་འདུག་ཐུབ་པ་འདྲ་བས་ཕུ་བོ་དང་ངེད་གསུམ་པོ་སྨན་ཁང་ནས་བུད་དེ་སྡོད་ཁང་དུ་ངལ་གསོ་རུ་འོང་བ་ཡིན། ཡིན་ཡང་ནངས་མོའི་དུས་ཚོད་བཞིའི་ཡས་མས་སུ་ཚ་བོས་ཕུ་བོ་ངེད་གཉིས་གཉིད་ལས་སློང་བཞིན“ཨ་མས་ཁ་པར་བཏང་འོང་ནས་རྨོ་མོ་ན་ཟུག་སྐྱེད་བཞིན་འདུག་ཟེར་གྱིན་འདུག”ཅེས་ལབ་བྱུང་།  ངེད་ཅག་སྨན་ཁང་དུ་བསླེབས་པ་ན། ཨ་མས་འཁུན་སྒྲ་ཤུགས་ཀྱིས་འབྱིན་ལ། ལུས་ཡོངས་སུ་སྲེག་ཨེ་འགྲོ་སྙམ་པའི་ཚ་དྲོད་ཅིག་གིས་ཁྱབ་འདུག ཨ་མས་ང་ཚོ་བསླེབས་པ་ཤེས་པ་དང་། གཡོན་གྱི་རྩིབ་ལོགས་སྟོན་བཞིན་“འདི་ནས་མཛུབ་གུ་ལྟ་བུ་ཞིག་གིས་ང་འཛེར་ནས་འདུག་དུ་མི་འཇུག”ཅེས་རང་གི་གོང་མཛུབ་ཀེར་རེར་སྒྲེང་བཞིན་ངུ་ངག་འདྲེས་མས་བཤད། ན་ཟུག་གིས་ཨ་མའི་ངོ་གདོང་གཉེར་མས་མདུད་ལོག་བརྒྱབ་སྟེ། དབྱིབས་ཚུགས་ཡོངས་སུ་ཤོར།  རྐང་ལག་འདར་འདར་ངང་ཅི་ནུས་ཀྱིས་འཕག་འགུལ་བྱེད། “ང་ལ་ཅི་ཞིག་བྱུང་བ་ཡིན་ནམ། ན་ཚ་འདི་འདྲ་མྱོང་དགོས་དོན་ངའི་སྔོན་བསགས་ལས་ཡིན་ནམ། ཨ་ཤུ་རེ་ཁོ།”ཞེས་ཟེར་བ་དང་། “ཁྱོད་ཚོས་ང་འདི་ལྟར་བསྐྱུར་རྒྱུ་ཡིན་ནམ། བཀོད་པ་ཞིག་མེད་དམ”ཞེས་བྱིས་པ་ཞིག་ལྟར་ཞུ་བ་འཐེན་བྱུང་། ངོ་མདངས་ཡོངས་སུ་ཤོར་བའི་ཨ་ཅེ་གཉིས་ཀྱིས་འདིའི་སྔོན་ལ་སྨན་པ་ཡོང་ནས་སྨན་ཁབ་ཅིག་བརྒྱབ་བྱུང་། ཁྱོད་སོང་ལ་ཡང་བསྐྱར་སྨན་པ་ལ་ཞུ་བ་ཞིག་འཐེན་དང་། ཞེས་ང་སྨན་པ་བཙལ་དུ་འགྲོ་རུ་བཅུག སྨན་པས་ང་ལ“ངས་ད་སོ་མ་ཟུག་འཇོམས་ཀྱི་སྨན་ཁབ་བརྒྱབ་ཟིན། ནད་འདི་རིགས་ལ་སྐབས་རེ་འདི་ལྟར་ཟུག་རྔུ་སྐྱེད་ཡོང”ཟེར། ངས་ཕྱིར“ཨ་མའི་ན་ཟུག་ད་དུང་བཞག་མེད་པས་ཁྱོད་ལ་བཀོད་པ་གཞན་མེད་དམ”ཟེར་བ་ན། སྨན་པས་“ངས་སྨན་ཁབ(སྨན་པས་ན་ཟུག་འཇོག་བྱེད་སྨན་འདིའི་མིང་ང་ལ་བཤད་མོད།ད་ལྟ་ངས་གསལ་བོར་མི་དྲན་)བརྒྱབ་ཟིན་ད་རྒྱག་མི་རུང་། གལ་ཏེ་ད་དུང་རྒྱག་དགོས་ཟེར་ན། ཁྱོད་ཀྱིས་མིང་འཁོད་དང་། ངས་བརྒྱབ་ཆོག”ཅེས་ཟུག་འཇོམས་ཀྱི་སྨན་ཁབ་བརྒྱབ་དྲག་ན་སྲོག་ཉེན་ལ་ཐུག་འགྲོ་བ་ཤུགས་སུ་བསྟན་པས་ང་ཡང་ཅི་བྱ་གཏོལ་བྲལ་ངང་ནད་ཁང་དུ་ལོག ངས་ཁོ་ཚོར་བློ་བདེ་བྱེད་ཀྱི་ཚུལ་དུ་སྨན་པས་ན་ཟུག་ཡུན་གྱིས་འཇོག་ངེས་ཟེར་ལ། སྐབས་རེར་ཟུག་རྔུ་ལྡང་བ་ནི་རྒྱུན་ལྡན་ཡིན་ཚུལ་ལབ་ཀྱིན་འདུག་ཅེས་བཤད་པ་ན། ཨ་མས་སྐད་འདར་འདར་ངང་ང་ལ“ཀླུ་བྷ། ད་ངས་ཁྱོད་ལ་སེམས་ཀྱི་དམར་པོ་བཤད། ཁྱོད་ཚོའི་ཨ་མ་དྲག་པའི་རེ་བ་མི་འདུག ད་ང་ཚོ་ཡུལ་ལ་འགྲོ”ཞེས་བཤད་པ་དང་། བུ་ཕྲུག་ང་ཚོར“བྱིས་པ་ཁྱོད་ཚོས་ཅི་ཡང་ཤེས་ཀྱིན་མི་འདུག”ཅེས་གོ་རྒྱུ་ཅན་གྱི་སྐད་ཆ་དེ་ཡང་བསྐྱར་བཤད་བྱུང་བས། ང་ཚོར་ཡང་སྔར་མེད་ཀྱི་སེམས་ཁྲལ་དང་སྐྲག་སྣང་ཞིག་དབང་མེད་དུ་འཁོར། མིག་ལམ་དུ་ནད་པ་འགའ་རེ་ཡུལ་དུ་ཐོན་དབང་མེད་པར་སྨན་ཁང་དུ་དབུགས་རྨེག་གེར་ཆད་པའི་རྣམ་པ་རྣམས་གཟུགས་ཅན་བཞིན་དུ་ཤར་ཡོང་། དེ་ནས་ངེད་སྤུན་བཞི་བོ་སྨན་ཁང་ནས་འབུད་པར་གྲོས་བྱས་ལ། སྨན་པར་ཡང་དྲིས་པ་ཡིན། ཉིན་འདི་གའི་ཨ་མའི་ན་ཚུལ་དང་མོའི་ཤ་བྲི་མདངས་ཉམས་ཀྱི་ལུས་ཕུང་གིས་ང་ཚོ་ཐབས་ཟད་དེ་ནད་པའི་བསམ་ཚུལ་ལ་མི་བསྟུན་ཀ་མེད་བྱུང་། མུ་མཐུད་དུ་སྨན་བཅོས་བྱས་ཚེ། ཨ་མ་མཐའ་འཇུག་རང་ཡུལ་དུ་ཐོན་མིན་ཡང་བཤད་དཀའ། སྨན་པས་ཅི་མི་སྙམ་པར “ཆོག་གི ངས་ད་ལྟ་ཉིད་དུ་ཁྱོད་ཚོ་ལ་འགྲོ་ལུགས་བསྒྲུབ”ཅེས་ཉམས་བག་མེད་པའི་རྣམ་འགྱུར་དང་བཅས་འཁྱག་མིན་དྲོད་མིན་གྱི་སྐད་ཆ་དེ་བཤད་བྱུང་།དེ་ནས་ང་ཚོ་ནད་ཁང་ནས་འགྲོ་ལུགས་སྒྲུབ་རན་གྱི་དུས་ཚོད་ལ་སྒུག་བསྡད་ཡོད་པའི་སྐབས། ཚོའུ་ཀྲུའུ་རིན་དུ་འབོད་པའི་སྨན་པ་སྐྱེས་མ་དེ་རྣམ་ཀུན་བཞིན་གདོང་ལ་བྱམས་བརྩེས་ཁེངས་ཏེ་ནང་ལ་ཐོན་ཞིང་། ཐོག་མར་སྒོ་འགྲམ་གྱི་ནད་གྲོགས་ལ་ཅི་འདྲ་གང་འདྲ་ཞེས་འདྲི་བཞིན་མལ་ཐུལ་ཡར་བཀྱགས་ཏེ་ནད་པའི་ལག་པ་དང་རྐང་བར་ལྟ་ཙམ་བྱས་རྗེས། ཟ་མ་ཧུར་རུས་ཀྱིས་བཟའ་དགོས་ཚུལ་སོགས་ངག་འཇམ་པོས་གདམས། དེ་ནས་ཨ་མའི་འགྲམ་དུ་འཁོར་ཡོང་བ་ན། ཨ་མས་རེ་བའི་མིག་གིས་སྨན་པའི་གདོང་ལ་ཅེར། ངའི་དྲན་སྣང་ཞིག་ལ་ཨ་མས་ད་དུང་སྨན་པར་མཐེ་བོང་ཡང་བསྟན་སོང་བ་འདྲ། ཚོའུ་ཀྲུའུ་རིན་གྱིས་འགོ་ཁྲིད་ཅིག་གི་འགན་དོན་དུ་འཁྱོལ་རྩིས་ཀྱིས་ཨ་མར་གཏད་དེ་ནད་པའི་གནས་ཚུལ་འདྲི་གྲབས་བྱེད། ཡིན་ཡང་ང་ཚོ་སྨན་ཁང་ནས་འབུད་རྒྱུ་ཟེར་བ་གོ་བ་དང་། “འོ།ཁྱོད་ཚོ་སྨན་ཁང་ནས་འབུད་རྒྱུ་ཡིན་ནམ།”ཞེས་བཤད་མ་ཐག་ཁ་གཟུར་སེ་འཁོར་ཏེ་བུད་སོང་། མོ་ཕྱིར་འཁོར་ཏེ་འགྲོ་ཚུལ་ནི་དང་ཐོག་འཛུལ་སའི་ཁང་བ་ཡོངས་སུ་ནོར་སོང་བ་བཞིན་དལ་འགྱང་མེད་ལ། བློ་ཐག་རྦད་ཆོད་ཀྱི་སྟོབས་ཤུགས་ཤིག་ལྡན། ཁ་ངོ་གཙང་ཞིང་། ལུས་ལ་དེ་བཞིན་གོས་དཀར་གཙང་གྱོན་པའི་སྐུ་ཤ་རྒྱགས་པའི་སྨན་པ་འདི་ནད་པ་བགྲེས་མོའི་མདུན་ནས་ཡིད་གཉིས་ཐེ་ཚོམ་མེད་པར་བཞུད་རྗེས། གློ་བུར་དུ་བཏང་བའི་ང་ཚོ་ཡུན་རིང་ལ་དེ་གར་ཧད་དེ་ལུས། སྨན་ཁང་ནས་བུད་པ་དང་། ནད་པ་བགྲེས་མོ་འདི་ཁོ་ཚོ་དང་འབྲེལ་བ་ཡེ་ནས་མེད་གྱུར་བ་ཡིན་ནམ། ད་ནས་ངའི་མ་རྒན་ཤི་གསོན་གང་ལ་འཕྲད་ཀྱང་གོས་དཀར་ཅན་གྱི་ལྷ་རྗེ་འདི་དག་དང་བདེ་སྡུག་འབྲེལ་བ་སྤུ་ཙམ་ཡང་མེད་འགྲོ་བ་ཡིན་ཤས་ཆེ་སྟེ། ནད་ཁྲིའི་མདུན་ནས་རླུང་འཚུབ་བཞིན་ཁ་གཟུར་སེར་འཁོར་ཏེ་འགྲོ་བའི་ཚུལ་དེས། རས་ལྷམ་བཞིན་མལ་སྟན་དུ་ལུས་པའི་ངའི་མ་རྒན་ནི་རྣམ་ཀུན་ནད་པ་གྲངས་མེད་ལ་འཕྲད་པའི་ཚོའུ་ཀྲུའུ་རིན་གཙོས་སྨན་པ་དག་གི་མིག་ལམ་ན་མི་འགྱང་རླངས་པ་བཞིན་ཡལ་བའི་ཆུ་ཐིགས་ཤིག་གམ།ས་གཞི་ལ་ཟགས་པའི་སྡོང་ལོ་ཞིག་དང་ཁྱད་མེད་པ་ཚོར་དུ་འཇུག སྨན་ཁང་ནས་འབུད་གྲབས་བྱེད་པའི་ཉིན་དེའི་ནངས་མོའི་སྨན་པ་སྐུ་རྒྱགས་མ་དེའི་ཁ་ཕྱིར་འཁོར་གོམ་པ་མྱུར་ལེན་གྱིས་འགྲོ་བའི་ཚུལ་དེ་མིག་ལམ་དུ་ཤར་ཐེངས་རེར་སྐབས་རེར་ང་རང་ངུ་དགོད་སྤེལ་མ་ཞིག་སྐྱེས་སུ་འཇུག་ལ། སྐབས་རེར་ང་རང་ལུས་གཟུགས་གོས་དཀར་གྱིས་གཡོགས་པའི་འཚོ་བྱེད་ཚོ་ལ་ཞེན་ཁ་ལོག་ཅིང་ཤ་གསེང་ནས་འདར་རྒྱུ་ཡོང་།

2

ང་ཚོ་སྨན་ཁང་ནས་བུད་དེ། ཕྱིར་ཡུལ་ལ་ཆས་པ་ཡིན། ལམ་བར་ཀུན་ཏུ་ང་ཚོ་ཨ་མར་ཅི་ཞིག་འབྱུང་ངམ་ཞེས་སེམས་ཁྲལ་དང་སྐྲག་སྐྲག་ལ་བསྡད་ན་ཡང་། ཕྱི་དྲོའི་མཚམས་སུ་བདེ་བླག་གིས་རང་ཁྱིམ་དུ་འབྱོར། ཨ་མ་རང་གི་ཁྱིམ་དང་ཚ་ཐབ་དྲོན་མོ་ཐོག་འབྱོར་བར་བློ་བདེ་ལ་བབས་པ་ལོས་ཡིན། ཕྱི་ཉིན་ནས་སྣང་བ་ཅུང་ཇེ་དྭངས་སུ་གྱུར་བའི་རྟགས་སུ། མགོ་ཕར་འཁོར་ཚུར་འཁོར་རེ་བྱེད་ཅིང་། མིག་གིས་རིག་རིག་གིས་རྩིབ་ཀྱི་བུ་ཕྲུག་ཚོར་ལྟ་ཞིང་། རྣ་བ་བླག་སྟེ་ང་ཚོས་ཁ་བརྡ་ཅི་བྱ་ལ་ཉན། ང་ཚོས་ཟ་མ་ཅི་ཞིག་བཟའ་འདོད་དྲིས་ན། ཨ་མས་སྐད་མགོ་ཅུང་མཐོ་རུ་བཏེགས་ཏེ“ང་ལ་སྲན་ཉོག་ཅིག་བསྐོལ་དང་། ངས་ཟ་འདོད”ཅེས་བཤད། སྲན་ཉོག་ནི་ཨ་མ་ཆུང་དུས་ནས་དགའ་བའི་ཟས་ཤིག་སྟེ། སྐྱུར་ཁུ་དང་ཚ་སྒོག  ལ་ཅོ་གསུམ་ནང་ལ་བཏབ་སྟེ་ལྕེ་ཐོག་ཏུ་བླངས་ཚེ། ས་བདག་རྒྱལ་པོའི་ཟས་ཕུད་ལས་ཀྱང་འཕགས་པའི་བྲོ་བ་ཁྱད་པར་བ་ཞིག་གིས་དབང་བོ་སྣ་ལྔ་སིམ་པར་བྱས་པས། འདི་ལོངས་སུ་སྤྱོད་པའི་མི་ནི་བསོད་ནམས་ཆེ་ཞིང་ལས་ཅན་ཞིག་ཏུ་བརྩི། ཨ་མ་མལ་སར་ལྷུང་བ་ནས་ཤ་སོགས་ཟ་མ་གཞན་ལ་ཡི་ག་འཆིས་ན་ཡང་། མནའ་མ་དང་། ཨ་ཅེ་བཅས་ལ་སྲན་ཉོག་སྐབས་སྐབས་སུ་བསྐོལ་དུ་འཇུག་ལ། ཡི་ག་རེ་ཕྱེས་ཚེ་སྲན་ཉོག་སླ་བ་དཀར་ཡོལ་ཆུང་ཆུང་གཉིས་ཙམ་རེ་བཟའ། སྨན་ཁང་དུ་སྡོད་པའི་སྐབས་ཀྱང་བཟའ་འདོད་ཀྱི་རེ་བ་འདོན་མོད། མཁར་གྲོང་འདི་ནས་ཞིང་གྲོང་ལྟར་འདོད་ཐོག་ཏུ་ཡོང་དཀའ་བས། ཨ་མས་སེམས་ནས་རེ་ཡོད་པ་སྨྲོས་ཅི་དགོས། སྲན་ཉོག་ཕོ་བར་ལྗིད་ཅེས་གྲགས་ན་ཡང་། ཨ་མའི་རེ་བ་མི་སྐོང་སེམས་ཀྱིས་ག་ལ་བཟོད། ཨ་མའི་ཁོག་ལ་ཟས་ཁམ་འགའ་སོང་ན་བུ་ཕྲུག་ང་ཚོ་དབང་མེད་དུ་སེམས་འགུལ་ལ། བློ་བདེ་ལ་འབབ་ཏུ་འཇུག འོན་ཀྱང་གློ་གཅོང་གི་ནད་འདིས་ཨ་མ་ཏལ་ཅིག་ལ་བདེ་བར་བཏང་ན། སྐད་ཅིག་ཙམ་གྱི་རྗེས་སུ་སླར་ཡང་ལུས་སེམས་དུམ་བུར་གཏོང་བའི་ན་ཟུག་བཟོད་གླགས་མེད་པ་ཞིག་གིས་མ་རྒན་ཡོངས་སུ་གནོན་པར་བྱས། ཨ་མས་བསྟེན་པའི་སྨན་འདི་དག་སྨན་ནུས་བཙན་ཆེ་ལ་གནོད་པ་མང་བ་སྟེ། མིག་གི་དབང་བོ་རབ་རིབ་སྒྲིབ་པ་དང་། ཟས་འཇུ་དཀའ་ལ། ལུས་དུབ་ཅིང་གཉིད་འཐིབས་ཡོང་ཞེས་གསལ་བཤད་དུ་བཀོད་འདུག་པ་བལྟས་པ་ཙམ་གྱིས་ལོ་ན་མཐོ་བ་ཚོས་ཐེག་དཀའ་བ་ཞིག་ཡིན་པ་ཤེས་ཐུབ་མོད། སྨན་པས་གློ་གཅོང་གི་སྨན་སྣ་ལྔ་བོ་དེ་དག་གཏན་ནས་འཆད་དུ་འཇུག་མི་རུང་ལ།ནད་པས་ཟ་མ་བཟའ་བར་གནོད་ན་ཉུང་འཕྲི་བྱས་ཏེ་ལྡུད་དགོས་ཞེས་གདམས་མྱོང་བས་ང་ཚོས་ཀྱང་སྨན་པའི་གདམས་པ་ལྟར་བྱས་མོད། ཨ་མས་སྨན་ལྡུད་གྲབས་བྱེད་པ་མཐོང་བ་ན། སྐབས་རེར“ངས་ངོ་མས་མི་ལྕོག་གི མ་འཐུང་ན་ཨེ་ཆོག”ཅེས་ཞུ་བ་འཐེན་ལ། སྐབས་རེར་ནད་འཚིག་ཟོས་ཏེ“བླུད་འདོད་ན་རེམ་མར་ཁ་རོག་གེར་བླུད་དང་།ངའི་རིག་སར་འཁྱེར་ཡོང་དགོས་དོན་ཅི”ཞེས་བསྡིགས་ཀྱིན་ནད་པར་སྨན་ལྡུད་ན་ཁ་རོག་གེར་མགོ་སྐོར་གྱིན་ལྡུག་དགོས་ཟེར། ཨ་མ་ནད་གདོན་གྱིས་ཡོངས་སུ་བཅིངས་ན་ཡང་།རྣམ་རིག་ཤེས་པ་གསལ་བ་ལོ་གྲངས་རྒན་པ་ཞིག་ལ་མི་མཚུངས།བཤང་གཅི་འདོར་དགོས་ཚེ་མྱུར་དུ་གན་གྱི་ཨ་ཅེ་ཚོ་ལ་ལེན་དུ་བཅུག་སྟེ། མལ་སའི་ནང་དུ་ཅི་ནུས་ཀྱིས་འཛག་པར་མི་བྱེད། ནངས་མོ་ཡང་ཁ་ངོ་བཀྲུ་བཤལ་བྱས་རྗེས་གཞི་ནས་ཟ་མ་ཁ་ལ་རེག་མགོ་རྩོམ། སྐབས་རེར་ཨ་ཅེ་ཆེ་བ་ལ“ཤིང་བཟོ་ཁང་བ་ལས་སུ་ཡོང་ཡོད་ན། ཁྱོད་ཀྱིས་དེ་ཚོར་ཟ་སྐོལ་འཐུང་སྐོལ་མི་བྱེད་པར་འདིར་ཡོང་ནས་འདུག་རྐྱང་བྱེད་ན་ག་ལ་རུང་། ཁྱོད་ཡུལ་ལ་སོང་།”ཞེས་ཟེར་ལ། ཨ་ཅེ་ཆུང་བར་གཏད་དེ“མཛོ་མོ་གཉིས་ཀ་བཞོ་ནི་བཙལ་ཡོད་དམ། བཙལ་མེད་ན་བཞོ་རུ་སོང་། ནུ་མ་སྐེམ་མི་རུང།”ཞེས་བཤད་པ་དང་། “ལན་ཆགས་ངའི་རྐྱེན་གྱིས་ཁྱོད་ཚོར་དལ་འགོར་བྱས་   སོང་།”ཟེར་བཞིན་ནོངས་སྐྱེས་སྐབས། ང་ཚོས་མོ་ལ། “ཁྱོད་ལ་བདག་མི་བྱེད་ན་སུ་ལ་བདག་བྱེད། འཁོར་བ་མི་ཚེ་གང་བོར་ལས་ཀྱང་རྫོགས་རྒྱུ་ཞིག་གང་ན་ཡོད། ཁྱེད་ཀྱིས་འདང་དེ་འདྲ་མ་རྒྱག”ཅེས་སེམས་གསོ་ཅི་ནུས་ཀྱིས་བྱས་མོད། མོས“ངའི་ལས་སྣང་དག་རྒྱུ་མེད་པ་འདི་ཅི་ཉེས”ཞེས་ཡང་ཡང་བཟློ། ཡིན་ཡང་རང་གི་དོན་དུ་སེམས་སྡུག་གིས་ཟ་མ་བཟའ་རྒྱུ་ཡང་ཡིད་ལ་མི་འགྲོ་བའི་བུ་དང་བུ་མོ་མཐོང་ཚེ། ངག་འཇམ་པོས“སོང་ལ། རྒྱགས་རེ་ཟོ་དང་། ཁྱོད་ཚོས་ཟོས་ན་ཨ་མས་བཟའ་བ་དང་ཁྱད་མེད”ཅེས་བཤད་ཀྱིན་གམ་གྱི་མི་ཟས་ཐུན་ལ་རོལ་དུ་བཙན་གྱིས་མངགས་ཤིང་། ད་དུང“རང་གིས་རང་ལ་ཁིས་གི་འཇུག་མི་ཉན”ཞེས་ནན་ནན་གྱིས་བརྗོད། ན་ཟུག་དང་སྨན་ཤུགས་ཀྱི་དབང་གིས་ཨ་མའི་མིག་ལྕིབས་འོད་མ་ཕོག་པའི་འདབ་མ་རྙིད་པ་བཞིན་མར་འཐེན་ཅིང་། མཆུ་འདབ་ཀྱང་འགུལ་ཚེགས་ཆེ་བས། སྐོར་རྒྱག་ཏུ་ཡོང་བའི་གཉེན་ཉེ་དག་གི་ཅི་འདྲ་གང་དྲག་གི་དྲི་བ་ལ་ཨ་ལན་ཐུང་ཐུང་རེ་སྟེར་བ་ལས། ཡར་མར་གྱི་ཁ་བརྡ་མི་བྱེད་པར་ཉབ་ཉོབ་དབ་དིབ་གཉིད་མ་སད་ལྟར་འདུག་པས། གཉེན་ཉེ་དག་སྔས་འགྲམ་ནས་ཡུད་ཙམ་ལ་བསྡད་རྗེས་དབུགས་རིང་རེ་ཕྱུངས་བཞིན་ཕྱིར་ལོག་འགྲོ། ནད་བབས་ཇེ་ལྕི་རུ་མ་སོང་བའི་སྔོན་གྱི་ཉིན་དེ་དག་ལ། ཨ་མ་གཡས་གཡོན་གཉིས་ནས་མི་ཡིས་སྐྱོར་གྱིན་ཉི་འོད་འཐེན་པའི་ཁང་བའི་བྱ་འདབ་འོག་ཏུ་ཡོང་སྟེ་མགོ་བཀྲུས་ཏེ་ལན་བུ་སླས་པ་དང་། རྐང་བ་བཀྲུས་ཤིང་སེན་མོ་གཏོག་སྟེ། ཉི་མའི་ནང་དུ་ཡུད་ཙམ་ལ་འདུག་ཐུབ་མོད། ད་ནི་ཉིན་མཚན་གཉི་གར་མལ་དུ་ལྷུང་བས། ཉི་མའི་འོག་ཏུ་ཡོང་ནས་ལུས་ངལ་ཏལ་ཙམ་གསོ་བའི་སྐལ་བ་དེ་ཙམ་ཡང་མ་རྒན་ལ་ཉག་ཕྲ་བར་གྱུར། ཕར་ཚུར་འཕག་འཚག་དང་ལྟག་སྣུར་སྔུན་བསྲིངས་སོགས་ཀྱང་མིའི་རོགས་ལ་བརྟེན་དགོས། ནད་ཀྱིས་མ་བཟུང་གོང་བརྒྱད་ཅུ་ལོ་ཡིས་མནན་ཀྱང་ནམ་རྒྱུན་རུ་བར་དང་། མ་ཎི་ཁང་། སྡེ་མཐའི་མཆོད་རྟེན་ཁ། སྒོའི་ཕྱི་ནང་སོགས་སུ་ལྕོག་ལྕོག་གོམ་པ་ཡང་ལེན་གྱི་བགྲེས་མོ་འདི་གློ་བུར་དུ་འདི་ལྟར་རྐང་བ་ས་ལ་རེག་པའི་གོ་སྐབས་ཟད་པར་གྱུར། མོ་དང་ན་མཉམ་གྱི་བགྲེས་མོ་དག་སྔར་བཞིན་མཆོད་མཇལ་ཕྱག་བསྐོར་དང་། ཟས་ཞིམ་པོ་ཁ་ལ་རེག་བཞིན་དགོད་སྒྲ་དང་ལབ་གླེང་ལ་རོལ་ཚུལ་དྲན་ན་མོ་རང་ཡིད་སྨོན་ཤོར་བཞིན་ཡ་ཆུང་སྨྲུག་པས་མི་ཁེངས་རང་དབང་ཅི། མལ་དུ་འབྱར་བའི་ཨ་མས། ཉིན་མོར་དཀར་སེང་སེང་གི་སྒེའུ་ཁུང་ལ་མིག་གིས་ཤུགས་ཀྱིས་ལྟ་བཞིན“ས་ནམ་ཞིག་ལ་རུབ་རྒྱུ་ཡིན་ནམ”ཞེས་བཤད་ལ། མུན་རུབ་ནས་ནམ་ཕྱེད་ཀྱི་མཚམས་ལ་བསླེབས་མ་ཁད་ལ། སླར་ཡང“ནམ་ནམ་ཞིག་ལ་གསལ་ལམ”ཞེས་ངག་འདར་འདར་གྱིས་སྨྲ། ཉིན་ཞག་རེ་རེ་ལོ་དང་ཟླ་བ་བཞིན་སྐྱེལ་བའི་ན་ཟུག་དེ་ཆུ་བྲན་མེ་སྲེག་ལས་ཀྱང་རྩུབ་ན་ཡང་། ངེད་བུ་ཕྲུག་བདུན་པོ་མཐའ་འཁོར་དུ་རྐང་ལག་ཀྲབ་ཀྲབ། ཤུགས་རིང་མཆི་མ་འདོན་པ་ལས་ཐབས་གཞན་ཅི། མལ་གྱི་མ་རྒན་ལ་ལྟ་བཞིན་འགྱོད་པ་རི་རབ་ལས་ལྕིད་ཆེ་བ་ཞིག་བུ་ཕྲུག་སོ་སོར་འཁོར་ཡོང་། གལ་ཏེ་ང་ཚོས་སྔོན་ཞིག་ནས་མ་རྒན་གྱི་ལུས་རིད་པ་དང་ཕུང་བོ་ཇེ་ཞན་དུ་སོང་བ་མིག་གིས་མཐོང་། སེམས་ཀྱིས་ཚོར་ཡོད་ཚེ་ནད་གདོན་གྱི་མིག་ལམ་ནས་ཨ་མ་ཐར་ཡོད་ཀྱང་སྲིད་ལ། གལ་ཏེ་མོའི་བྲང་ཁོག་ན་ཞིང་གཉིད་དེ་འདྲ་མི་བདེ་བ་དེ་ཐང་རིབ་ཀྱིས་ན་བ་རེད། ངར་སྐྱོན་མེད་ཅེས་པའི་མ་རྒན་གྱི་ཁ་ལ་མི་ཉན་པར་སྨན་ཁང་དུ་དུས་ཐོག་ཏུ་བཙན་གྱིས་ཁྲིད་ཡོད་ཚེ། མོ་ནད་གདོན་གྱི་སྤར་ཁྱིམ་ནས་ཤོར་ཡོད་ཀྱང་སྲིད། གལ་ཏེ་ང་ཚོས་རང་གི་ལག་གི་ཟིན་མེད་བྱ་བ་རེ་ཞིག་ལོགས་སུ་བསྐྱུར། ཨ་མ་ལ་རང་གི་བུ་ཕྲུག་བཞིན་མིག་གིས་འཚོས་སེམས་ཀྱིས་གཉོར་ཡོད་ཚེ། ལུས་ཀྱི་ལྗོན་པ་མྱུར་མོར་སྐེམ་དོན་ཅི་ལ་ཡོད། ཡིན་ཡང་གཟུགས་མེད་ཀྱི་ནད་གདོན་དེ་མིག་མེད་སེམས་མེད་ཀྱི་བུ་ཕྲུག་དབང་རྟུལ་ང་ཚོས་སྣང་མེད་དུ་བཏང་བའི་བར་གླགས་ནས་མི་སུ་ཞིག་གི་ཁ་ཡི་རླངས་པའམ་ཟས་ཀྱི་ལྷག་མར་སྤྲུལ་ཏེ། མ་ཡི་ལུས་ལ་འགོས་ཤིང་། ཁོང་དུ་སོང་སྟེ། གློ་བར་སྡེར་མོ་བཏབ་ཅིང་།མཆུ་ཡིས་བཙུགས་སོང་། ང་ཚོས་ཤེས་དུས། གཞི་ནས་འཕྱིས་འདུག ཤ་རིད་ལུས་སྐེམ་ཟུངས་ཀྱང་ཟད་ལ་ཉེ་བའི་མ་རྒན་ལ་ནད་ཚེར་མ་བཞིན་ཟུག་ཁར། ཟས་ཁོང་དུ་འགྲོ་དཀའ་བ་མཐོང་ན། ང་ཚོ་གཞི་ནས་ཚབ་ཚུབ་དང་སེམས་ཁོང་སྨག་རུམ་གྱིས་བཟུང་བ་ལས་ཐབས་ཅི། ཨ་མ་ལ་སྐོར་རྒྱག་ཏུ་ཡོང་བའི་སྡེ་བའི་ན་མཉམ་བགྲེས་ཁོག་དང་གཉེན་ཉེ་ཚོས“ཨ་མ་ཆེས་སྐྱིད་དུས་ཡིན་མོད། ”ཅེས་ཕངས་སེམས་ཤོར་ལ། “ཁྱོད་ཚོའི་ཨ་མ་སྲ་མོ་རྡོ་འདྲ་བ་ཡིན་མོད། འདི་ལྟར་མལ་སར་ལྷུང་འགྲོ་བ་ཡིད་ལ་མ་ཤར”ཅེས་བཤད་སྐབས་ང་ཚོ་སྙིང་ནས་ཙག་ཤད་རྒྱག་འོང་། བརྒྱད་ཅུའི་ལ་འགོར་བུད་རྗེས་གཞི་ནས་སྐྱིད་ཀྱི་སྣེ་ལ་འཇུས་མ་ཐག་གི་ཨ་མ་དུས་ཡུན་རིང་བོར་འཚོ་དབང་བྲལ་བ་ཤེས་པས། ང་ཚོ་གློ་མཆིན་སྟེང་འོག་སྒྱུར་ལ། འགྱོད་པས་རྡོ་བཞིན་གཅིར་ཡོང་། ༢༠༡༣ལོའི་བོད་ཟླ༣པའི་ཚེས༣ཉིན་གྱི་སྔ་དྲོར། མདང་ནུབ་ལུས་ཀྱི་ཚ་ཅུང་ཙམ་ཞི་བའི་ཨ་མས་སྒོ་ཕྱེས་ནས་ནང་དུ་འཛུལ་ཡོང་བའི་ང་ལ་མགོ་ཀྲོག་ཀྲོག་མིག་རིག་རིག་གིས་ལྟ་བས། ངའི་ཡིད་སེམས་དབང་མེད་དུ་དྭངས་ཆིལ་ལེར་གྱུར། དེ་ནས་ང་ཨ་མའི་ལོགས་སུ་བཏུད་དེ། དགའ་ལྷང་ལྷང་གིས“ཨ་མ། དེ་རིང་ཁྱོད་ལ་ཤ་ཞིག་བཙོ་ན་ཅི་འདྲ་རེད།”ཅེས་ཟེར་བར། ཨ་མས་འཛུམ་ཤིག་ཤིག་གིས“ཡ།དགོང་མོར་ཁྱོད་ཚོས་ཤ་ནུར་ནས་འགྲོ་བ་ཞིག་ཚོས་དང་། ཨ་མས་ཟ་འ”ཟེར། དེ་མུར་ངས་ཨ་མས་ཤ་བཟའ་འདོད་ཆེ་བ་དེ་འཕྲིན་བཟང་གི་ཚུལ་དུ་ཕུ་བོ་དང་ཨ་ཅེ་ཚོ་ལ་སྒྲོན་པ་ཡིན། ཨ་ཅེ་འབྲིང་བས“ཨ་མ་སྟག་ཝ(རྡོ་སྦིས་ཡུལ་གྱི་ཁ་སྐད་དེ་གོ་སྙོད་ཀྱི་མིང་)ཚོམ་མ་བཟའ་རྒྱུར་དགའ་བས། ང་དེ་འཕྲོར་སྟག་ཝ་བཏུ་རུ་འགྲོ”ཟེར། སྔོན་ཆད་དཔྱིད་སྔོ་སྐྱེས་པ་དང་། ཨ་མ་གོ་སྙོད་བཏུས་ནས་ཚོམ་མ་བཅའ་རྒྱུར་ཤིན་ཏུ་དགའ། ད་ཡང་དྲོད་བབས་ཏེ། ཆུ་རྐའམ་ཞིང་གཉའ་སོགས་སུ་གོ་སྙོད་སྔ་སེ་སྔོ་སེར་སྐྱེས་འདུག ཉིན་གུང་ཡོལ་རྗེས། ཨ་ཅེ་འབྲིང་བ་དང་སྲུ་མོས་གོ་སྙོད་ཚོམ་མ་སྡེར་མ་གང་ལས་ཚར་ལ། ཅང་མ་འགོར་བར་ཐབ་ནས་ རླངས་པ་འཐུལ་ལི་ལི་ཨ་མའི་མདུན་དུ་འཁྱེར་ཡོང་། ཕུ་བོ་དང་ངེད་གཉིས་ཀྱིས་ཀྱང་ཟ་རོགས་བྱས་ལ། ང་ཚོས་ནན་ནན་བྱས་འོག ཨ་མས་ཚོམ་མ་གསུམ་ཙམ་ཟོས། ཡིན་ཡང་ཕྱི་དྲོར་སྨན་འཐུང་བ་དང་། ཨ་མ་སླར་ཤུགས་མེད་ཉབ་ཉོབ་ཏུ་གྱུར་ལ། ཁ་མི་གྲགས་པར་ཡུན་རིང་སོང་། ཉིན་དེ་གཟའ་པ་སངས་ཡིན། ཕྱི་དྲོ་མ་ཁྱིམ་འདི་ལ་བཅོལ་ཏེ་ཡུལ་ཚོའི་སློབ་ཆུང་འགྲིམ་བཞིན་པའི་ངའི་བུ་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག ཨ་མས་རང་གི་ཚ་བོ་མཐོང་བ་དང་། ང་ལ“ཁྱོད་ཀྱིས་བུ་ཡི་རྐང་བ་ཁྲུས་དང་། འདིའི་ལྷམ་ནང་རློན་པ་ཡིན་ངེས”ཟེར། གཞེས་ནིང་བུ་ཆུང་ཞིང་གྲོང་གི་ཡུལ་ལ་བཅོལ་བ་ནས་ ཚེགས་ཡང་ཆེ་ལ་ལག་ལས་ཀར་མཁས་པའི་ཕུ་བོ་དང་སྲུ་མོ་ལས་གཞན་སེམས་ཞིབ་ཚགས་ཆེ་བའི་ཨ་མ་ཞིག་ཡོད་ཅེས། ངེད་བཟའ་ཟླ་གཉིས་པོ་མགོ་ལོག་ཏུ་བློ་བདེ་སེམས་བདེ་ངང་འདུག་རྐྱང་བྱས་པ་ཡིན། ན་ནིང་དགུན་ཁར་ང་མགོ་ལོག་ནས་ཟི་ལིང་དུ་སློབ་སྦྱོང་དུ་འགྲོ་སྐབས་ཆུང་མ་ངེད་གཉིས་ལམ་བར་དུ་ཡུལ་ལ་བུད་ཅིང་། ཨ་མ་ཟི་ལིང་དུ་འཁྲིད་རྩིས་བྱས་མོད། ཨ་མས“ང་ད་དུང་མི་འགྲོ  རྟ་ལོ(ངའི་བུ་ཡི་མིང)ལ་གནང་བ་བཏང་རྗེས་ངེད་གཉིས་འགྲོགས་ནས་ཡོང”ཟེར། “ངས་ཁྱོད་ཁོ་ལ་སྒུག་དགོས་དོན་མེད། སྔ་མོར་ཟི་ལིང་དུ་འགྲོ་ལ་ངལ་གསོ་བྱ”ཡུལ་ལ་ཡོང་ཁར་ངས་ཨ་མ་ལ་ཁ་པར་བཏང་ཟིན་ལ། མོ་ཡང་རེབ་འདིར་ང་ཚོ་དང་ལྷན་དུ་ཟི་ལིང་དུ་འགྲོ་རྒྱུ་བྱས་ཡོད་པས་དེ་ལྟར་བཤད་མོད། ཨ་མས“ངས་ཁོ་སློབ་གྲྭ་གྲོལ་ནས་ཡོང་སྐབས་རེར། ལྷམ་སྟན་བརྗེ་རྒྱུ་དང་ལྷམ་ཉི་མར་ལྡེ་རོགས་སོགས་བྱས་ན་ཡང་དགེ་བ་ཡིན་ནི་རེད”ཟེར་བཞིན་ཐེངས་དེར་ཅིས་ཀྱང་འགྲོ་ཁ་མི་ཉན། ཡིན་ན་ཡང་ཉིན་དེའི་ཕྱི་དྲོའི“ཁྱོད་ཀྱིས་བུ་ཡི་རྐང་བ་ཁྲུས་དང་།”ཟེར་བའི་ཞེ་རྩ་འཁོལ་བའི་སྐད་ཆ་དེ་ངའི་རྣ་ནང་དུ་ལྷུང་བ་ཆེས་མཐའ་འཇུག་ཡིན་པ་སུ་ཡིས་ཤེས། མུན་རུབ་སྟེ་ནམ་ཕྱེད་ཡོལ་བ་དང་། ཨ་མར་ལུ་རྒྱུ་ཇེ་མང་དང་དབུགས་འཚང་བ་འདྲོགས་བསླངས་པའི་རྟ་བཞིན་བྲེལ་མྱུར་ཆེ་བས། ན་ཟུག་གིས་མ་བཟོད་པས་སྐབས་སྐབས་སུ་མལ་དུ་ཤུགས་ཀྱིས་འཕག་སྟེ། འཁུན་སྒྲ་རྣ་རུ་ལྷུང་མཁན་གྱི་སྙིང་དུམ་བུར་གཏུབ་པ་ཞིག་འབྱིན་ཡོང་། ཨ་མས“རེམ་མ་རེམ་མར་ངའི་སྡུག་འདི་དག་སོང་ན་ཅི་མ་རུང་། ང་འགྲོ་རན་སོང”ཞེས་ཞུ་བ་འཐེན་པ་ལྟར་བཟློ། རིམ་གྱིས་མའི་ལུས་སྟོད་ཡོངས་སུ་འཁྱག་རྔུལ་ལངས་ཏེ། མགོ་དང་རྒྱབ་གཞུང་ཡོངས་སུ་བརླན་གཤེར་གཤེར་འབྱར་བག་ཏུ་གྱུར་འདུག  རྣམ་ཀུན་དང་མི་འདྲ་བར། སྐྲངས་སོང་བའི་རྐང་ལག་ཚང་མར་ཚ་མེད་པར་དྲོད་ཡལ་བའི་ཆུ་བཞིན་འཁྱགས། ཨ་མ་ན་ཟུག་གིས་རྔུལ་བག་འཛག་པའི་ལུས་སྟོད་ལྷེམ་ལྷེམ་དུ་འདར་ཞིང་། སྔངས་སྐད་ཀྱིས་མཐའ་ན་གདོང་མཆུ་མས་བརླན་པའི་བུ་དང་བུ་མོ་ང་ཚོར། “ཨ་མའི་གཅེས་ཕྲུག་ཚོ”ཞེས་འབོད་པ་དང་། “ཨ་མ་སོང་ཤུལ་དུ་ཡང་། ཁྱིམ་འདི་མར་ཁུ་བཞིན་འཁྱིལ་ངེས”ཟེར། ཕུ་བོ་འབྲིང་བས་འཁྱེར་ཡོང་བའི་སྐྱེ་བདུན་རིལ་བུ་འཐུང་བ་དང་། ཨ་མ་ཡར་དགྱེ་ཞིང་ལག་ཡས་ཤིག་ཐོད་པར་སྦྱོར་བཞིན“དཀོན་མཆོག་གསུམ་པོས་མཁྱེན”ཞེས་གསོལ་བ་བཏབ་རྗེས། རིམ་གྱིས་རིམ་གྱིས་དབུགས་ཀྱི་རྒྱུ་བ་ཇེ་གཉོམ་དང་ཇེ་དལ་དུ་གྱུར། ཨ་མ་མིག་གི་མཐོང་ལམ་ནས་འདི་ལྟར་དགོང་ཕྱི་དྲོའི་ཉི་མས་འོད་ཞགས་བསྡུ་བསྡུ་བཞིན་གྲགས་མེད་ངང་རིའི་ཕག་ལ་ཡལ་བ་ན། དབེན་འཇགས་སེར་ལྷུང་བའི་ཁང་མིག་ནང་ཏལ་ཅིག་ལ་ང་ཚོ་རྨི་ལམ་དུ་འཁྱམ་པ་བཞིན་ཡིད་ཀྱིས་རློམ་དཀའ་ཞིང་། ཆར་སྨུག་གིས་བཟུང་བའི་རི་ལུང་ལ་འཐོར་བའི་ཁྱུ་བྲལ་ལུ་གུ་སྐོར་ཞིག་ལྟར་མགོ་བོ་འཐོམས་པར་གྱུར། མངོན་སུམ་མིག་གི་མཐོང་ལམ་ནས། མ་རྒན་འདི་ལྟར་བྲེལ་མྱུར་གྱིས་སྟོང་བའི་དབྱིངས་སུ་ཡལ་ན། ཚེ་མི་རྟག་ནམ་མཁའི་གློག་དང་འདྲ་ཟེར་བའི་ཆོས་ཉིད་སླ་མོ་འདི་ཙམ་གྱིས་ཤ་རུས་ཁྲག་འབྲེལ་དང་།སེམས་དང་རྣམ་ཤེས་བརྒྱུས་པ་ཚོ་སོ་སོ་ཕྲལ་བར་གཏོང་བའི་ན་ཟུག་ཅི་ལྟར་བཟོད། ད་ནི་འཇིག་རྟེན་འདི་ན་ཨ་མ་ཞེས་འབོད་ས་དང་རེ་ས་ཞིག་མེད་པས། དགུང་ཉི་མ་ནུབ་པའི་འཁྱག་གྲང་ཞིག་ངའི་རྒྱབ་བརྟོལ་ནས་གློ་མཆིན་གྱི་བར་གསེང་དུ་རྒྱུགས་ཤིང་། རི་བརྟན་པོ་སྙིལ་བའི་ཁེར་བསྐྱུར་གྱི་སྟོང་བ་ཞིག་ང་ལ་སྐྱེས།

3

   ཉིན་དེའི་ཞོགས་པ། ལུས་ལ་ཕོག་པའི་ཉི་མའི་འོད་ལ་དྲོད་དེ་འདྲ་མི་འདུག  དྲོད་འཇམ་སྔོ་ལྗང་གི་དཔྱིད་ཀྱི་དུས་ནི་ཡུལ་གྲུ་འདིར་སྔ་མོ་ནས་བསླེབས་ན་ཡང་། རི་སྒང་འདབས་ཀྱི་ས་སྟོང་འདི་ན་རྒྱུ་བའི་བསེར་བུ་གྲང་མོ་དེས་ང་ཚོ་དབང་མེད་དུ་སུག་སུག་འདར་བར་བྱས། ཉིན་ཕྱེད་ལ་ཉེ་སྐབས། སྨད་ཕྱོགས་ཀྱི་རི་སྐེད་ན་འཐིབས་པའི་སྨུག་པ་རིམ་གྱིས་དྭངས་འགོ་བརྩམས། ཉེ་ས་ནས་རི་བྱིའུ་གཅིག་གཉིས་ཤིག་གི་ཀྱུར་སྒྲ་ཡང་རྣ་ལམ་དུ་འཐར་འཐོར་དུ་རྒྱུ་ཡོང་ལ། ཉིན་ངོས་ནས་ལུག་ཁྱུ་གཅིག་འབའ་སྒྲ་དང་བཅས་དུར་སའི་ཕྱོགས་སུ་འཁོར་ཡོང་། ཉི་འོད་ཇེ་དྲོད་དུ་སོང་བ་དང་། སྐབས་རེར་བུང་བ་འགའ་ཡང་ལུས་འགྲམ་དུ་འཕུར་ཞིང་ལྡིང་། འབའ་སྒྲ་དང་། བྱ་སྐད། བུང་བའི་གཤོག་སྒྲ་བཅས་ཀྱིས་དབེན་སྟོང་ཡིན་པའི་རི་ཐང་འདིའི་མཐོངས་སུ་ཁུ་སུམ་སྟོང་འཇགས་སྔ་ན་མེད་པ་ཅིག་བསྐྱིལ་ཡོང་། ལོ་བདུན་གྱི་སྔོན་ལ། ངའི་ཕ་རྒན་གྱི་བེམ་པོ་དུར་ས་འདི་ནས་བྱ་ལ་གཡེང་མྱོང་། དེ་རིང་ངའི་མ་རྒན་གྱི་ཕུང་བོ་ཡང་འདི་རུ་བྱ་ལ་གཡེང་དགོས། དུར་ས་འདི་ངའི་ཕ་མེས་ཡང་མེས་དག་གི་མི་ཚེའི་མཇུག་མཐའི་ལོག་གནས་ཡིན་ཏེ། སྡེ་བ་འདིའི་ཚེ་ཡི་ཕྲེང་ཐག་ཟད་པའི་བགྲེས་ཁོག་མ་ལུས་པའི་འཇིག་སོང་བའི་སྒྱུ་ལུས་གཡར་པོ་བྱ་ལ་མཆོད་སའི་ས་གཙང་ཞིག་ཡིན། གྲང་རླུང་གི་རྒྱུ་བའི་ཁྲོད། ང་དང་ཕུ་བོ་གཉིས། གཅེན་མོ་འབྲིང་བའི་བཟའ་ཟླ། དུར་ལས་ཀྱི་རོགས་ལ་ཡོང་བའི་ཉེ་དུ་དང་ཕུ་བོ་འབྲིང་བའི་གྲོགས་པོ་བཅས་མི་བརྒྱད་པོས་སྐར་མར་ཡོང་བའི་སྡེ་བའི་སྐྱེས་པ་རྣམས་ཕྱིར་ལོག་རྗེས་གསོལ་བ་སྨོན་ལམ་འདེབ་ཀྱིན་བྲེལ་སྒུག་བྱེད་མཐར། གཞི་ནས་བྱ་རྒོད་གཅིག་བྱང་ཕྱོགས་དན་དིག་གི་ཕྱོགས་ནས་སྔོན་མ་བྱས་ཏེ་དུར་སའི་མཁའ་དབྱིངས་སུ་འཕུར་ཡོང་། བྱ་མཐོང་བ་དང་།ང་ཚོ་དེར་ཡོད་ཚང་མའི་མིག་ནས་མཆི་མའི་འོད་ཞགས་ཤིག་ངང་གིས་འཚེར། བྱ་དེ་རིམ་གྱིས་དམའ་ནས་དམའ་རུ་འཕུར་ཞིང་། དེ་ནས་གཤོག་པ་འཇུམ་གྱིན་གཞུ་ལས་ཤོར་བའི་མདའ་ཡི་མྱུར་གྱིས་རི་ངོས་ཀྱི་ཐེམ་ཐོག་དེ་ལ་བབས། ཡུད་ཙམ་ནས་བྱ་དེ་རི་ངོས་ནས་ལྡིང་གིན་ལྡིང་གིན་ཚ་གསུར་གྱི་འགྲམ་ལ་ཡོང་། ཕོ་ཉ་ལྟ་བུའི་བྱ་དེའི་རྗེས་སུ་སྔ་གཞུག་ཏུ་བྱང་ཕྱོགས་དན་དིག་དང་ནུབ་ཕྱོགས་རྒན་གྱའི་བྲག་དཀར་ཕྱོགས་ནས་བྱ་བཅུ་ལྷག་འཕུར་ཡོང་ལ། གཅིག་རྗེས་གཅིག་མཐུད་དེ་དུར་སའི་རི་ངོས་སུ་བབས་བྱུང་། ཐང་དཀར་ཐང་ནག་རྣམས་བེམ་པོ་ལ་གཤོག་པ་རྡེབ་ཀྱིན་འཁོར་ཡོང་། ངའི་མ་ལོའི་ཤ་ཁྲག་གི་ཕུང་བོ་འདི་ལྟར་སྟེང་ཕྱོགས་ལྷ་ཡུལ་ནས་དྲངས་པའི་ལྷ་བྱ་དག་ལ་གསོལ་སྟོན་དུ་ཕུལ་བ་དང་། ང་ཚོས་སེམས་ཁོང་ནས་ཁྲག་ཁུ་མ་ལུས་པ་བྱ་རྒོད་ཚོས་གཙང་བཞེས་གནོང་རོགས་ཞེས་སྨོན་ལམ་ཡང་ཡང་བཏབ། བྱ་རྒོད་པོས་གཙང་བཞེས་གནང་སྟེ། ཕྱིར་མཁའ་དབྱིངས་སུ་ལྡིང་བ་དང་། ངའི་མ་ལོ་སྟེ། རི་ཁུག་གི་བགྲེས་མོ་སྐྲ་དཀར་ཞིག་འཇིག་རྟེན་གྱི་ཡོད་ཚད་ལག་ནས་ལྷོད་དེ།གཙང་མ་གཙང་དག་གིས་དག་ཞིང་དུ་ཆས་པ་ཚོར། བྱ་རྒོད་པོའི་གཤོག་ཁུད་ན་ངའི་ཨ་མའི་རྣམ་ཤེས་ཕྲ་མོ་རུམ་ཡོད་དམ། མཐོངས་ནས་མཐོངས་སུ་འཕགས་པའི་བྱ་དག་ལ་ལྟ་བཞིན་ང་ཚོ་ཀ་ར་རྡོག་པོ་གཅིག་ཙམ་ཐོབ་ན་གཅིག་པུས་བཟའ་མི་ཕོད་པའི་སྐྱེད་ཡུམ་དྲིན་ཆེན་འདི་ལ་གྱེས་ཕྱག་ཞུས། བུ་ཆུང་ངས་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་རུ་སྐྱེས་ཤིང་། གནས་ཡུལ་འགྲིམ་པ་ནས་དུས་ཀྱི་གོད་ཆག་གིས་སྨག་རུམ་མགོ་ལ་འཐིབས་མྱོང་བའི་སྡུག་མྱངས་དྲིན་ཆེན་འདི་ལ་གྱེས་ཕྱག་ཞུས། ངས་ན་མཉམ་གྱི་གྲས་ན་དུང་གི་ཟླ་བ་བཞིན་གསལ་ལ། ལག་ནས་མེ་ཏོག་བཞད་ཅིང་གཞས་གདངས་བཞུར་བའི་བཞིན་བཟང་ཁོང་ཡངས་འདི་ལ་གྱེས་བྲལ་ཞུ་དགོས་བྱུང་། ཨ་མ་འགྲོ་ཁར། རི་ཁུག་འདི་ལ་ཆུ་ཕྲན་བུ་ཞིག་གི་རླབས་སྒྲ་མ་གཡོས་ལ། རླུང་ཆུང་ཆུང་ཞིག་གི་གཡོ་འགུལ་ཡང་མ་བྱུང་།མི་ཡུལ་འདིར་མི་ཞིག་ཚོས་ཟིན་པའི་སིལ་ཏོག་བཞིན་ཐང་ལ་ཟགས་ཚེ། གྲགས་འགུལ་ཅི་ཡང་སློང་མི་ཐུབ་སྟེ། ཟང་ཟིང་འཁོར་བའི་འུར་ཟིང་དང་རུ་བར་གྱི་ས་རྡུལ་གཉིས་འགྲན་པ་བཞིན་མུ་མཐུད་དུ་འཕྱོ་ངེས་ལ། སོས་མི་དལ་ཟིན་མེད་འཁོར་བའི་བྱ་གཞག་དང་། སེམས་མི་དལ་འདུ་འཛི་ཡོ་ལང་གིས་མ་མེད་དྲན་གདུང་སྐབས་སྐབས་སུ་སེལ་སྲིད་མོད། སྐོར་ལམ་ནས་སྐྲ་དཀར་ལོ་ལོན་ཞིག་མཐོང་ན་ཨ་མ་དབང་མེད་དུ་མིག་ལམ་དུ་འཆར་ངེས་ལ། བྱེས་པ་གང་རྒྱང་ནས་ལོག་སྟེ། ཤིང་གི་སྒོ་ཆེན་རྙིང་བ་ཕྱེས་ནས་འགྲོ་ཚེ། མཆི་མ་མི་འཆོར་རང་དབང་ཅི། ངས་མགོ་བཏེགས་ཏེ་སྔོ་བསངས་ཀྱི་མཁའ་དབྱིངས་སུ་ལྟ་བཞིན་དེ་ལྟར་ཨ་མ་ལ་གྱེས་ཕྱག་ཞུ་རྗེས་ཕུ་བོ་ཁོ་ཚོར་འགྲོགས་བཞིན་དུར་ས་ནས་མར་བབས།

ངེད་ཅག་མི་བརྒྱད་པོ་སྡེ་བའི་ནང་ཐོན་མ་ཐག  ངོ་མཚར་བ་ཞིག་ནི། མཁའ་དབྱིངས་ནས་བསིལ་ཆར་བབས་བྱུང་། ཟླ་འགའི་རིང་ལ་ཐན་སྐམ་དུ་ལུས་པའི་ས་འདིར་གློ་བུར་དུ་ཆར་བ་ཞིག་བབས་པ་ལ་ཚང་མ་དབང་མེད་དུ་ཡ་མཚར་སྐྱེས། ལྷག་པའི་སེམས་དང་འདས་པོ་ལ་ཆོས་ཀྱི་འཁོར་ལོ་སྐོར་བའི་དད་པས་གནམ་རྒན་མའི་སེམས་སྒུལ་བ་ཡིན་ནམ། བསིལ་ཆར་འདིས་སྐྱོ་གདུང་གིས་རྨས་པའི་སེམས་པ་དག་ལ་བྱིལ་བྱིལ་ཞིག་བྱས། ཕྱི་ཉིན་སྐྱ་རེངས་འཆར་ལ་ཁད་ལ། དུང་སྐད་ཐོས་ནས་སྨྱུང་གནས་ཀྱི་ཁ་འཕུད་དུ་ཡོང་བའི་སྡེ་བའི་མ་སྲུ་ཚོ་གཞིས་ཁྱིམ་དེའི་སྒོ་དྲུང་དུ་འབྱོར་བ་དང་། སླར་ཡང་ཁངས་ཆར་ལྷབ་ལྷུབ་ཏུ་བབས་བྱུང་། གནམ་ལངས་པ་ན། སྒང་རྒྱུད་ཚང་མ་དཀར་བོང་བོང་དུ་མངོན། ཨ་མ་བྱ་ལ་གཡེང་བའི་ཕྱི་ཉིན་སྤྲིན་བཅུད་བབས་པ་འདི་ཆར་ཆུ་མོད་པའི་རྟགས་དང་རྟེན་འབྲེལ་ལེགས་པ་ལོས་ཡིན། སྡེ་བའི་ནང་གི་རྒན་པོ་ལ་ལས“བསམ་པ་དཀར་པོ་མི་རང་ག་བ་ཞིག་མ་རེད། གཤིས་དྲང་སེམས་རྩ་དཀར་ན་འདི་འདྲ་རེད།(ངའི་ཨ་མ་བསྟན)”ཟེར་བ་དང་། “ཚང་མར་སྡུག་ལ་མ་གཏད་པར་ཡག་པ་ཞིག་འཁྱོངས་སོང་བས།(ང་ཚོའི་ས་ཆ་འདི་རུ་ཤི་བོའི་སྐར་མའི་ཉིན་ལ་ཁངས་སམ་ཆར་བ་བབས་ཚེ། སྐར་མར་འགྲོ་བའི་མི་རྣམས་སྡུག་ལ་གཏོད་པ་མ་ཟད། བྱ་ཡང་འཁོར་དཀའ་བས་མི་ལེགས་པ་ཞིག་ཏུ་བརྩི)ངོ་མ་ལས་ཅན་རེད་ཡ།”ཟེར། ངས་ཀྱང་སྡེ་མིའི་ཚོའི་བསྔགས་སྨོན་ཁྲོད་དུ། ཨ་མ་བཞུད་སའི་བཤུལ་ལམ་ཀུན་ཏུ་བགེགས་དང་བར་ཆད་མེད་པའི་སྐྱབས་འཇུག་སྙིང་ནས་ཞུས་ཤིང་། ད་ནི་དོན་མེད་སྡུག་གི་མཆི་མ་བཞུར་བ་དང་དབུགས་རིང་འཐེན་ན་ཅི་ཡང་མི་ཡོང་བས། ཚེ་ཐོག་འདི་རུ་གྲགས་མེད་མིང་མེད་དུ་འཚོ་དགོས་ཀྱང་ཨ་མ་ལྟ་བུའི་མི་ཚེར་གཏམ་བཟང་འཇོག་པའི་གཞུང་དྲང་ཞེ་སེམས་དཀར་བའི་མི་ཞིག་ཏུ་འཁྱོངས་རྒྱུར་འབད་ན་ལེགས་སྙམ།

༢༠༡༣ལོའི་སྤྱི་ཟླ༡༡བའི་ཚེས༡༤ཉིན་གྱི་དགོང་མོར་དག་བཅོས་བྱས་ཚར།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། 

照片 064_副本སདབདསབསབ.jpg

ཀླུ་འབུམ་ཚེ་རིང་། སྨྱུག་མིང་ལ་རྡོ་འབུམ་དུ་འབོད། 1973ལོར་མཚོ་སྔོན་རྡོ་སྦིས་སུ་སྐྱེས། རྩོམ་རིག་བརྩམས་ཆོས་བརྒྱ་ལྷག《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》《མི་རིགས་རྩོམ་རིག》སོགས་ཞིང་ཆེན་ཕྱི་ནང་གི་བོད་ཡིག་དང་རྒྱ་ཡིག་གི་དུས་དེབ་དང་ཚགས་པར་སྟེང་བཀོད། སྔ་ཕྱིར་སྒྲུང་གཏམ་བསྡུས་དེབ《དངུལ་གྱི་རྣ་ལོང》དང་ལྷུག་རྩོམ་བསྡུས་དེབ《རིའི་ཕ་རོལ་ཏུ་ཤོར་བའི་སེམས་པ》པར་དུ་བསྐྲུན། ལྷུག་རྩོམ་བསྡུས་དེབ《རིའི་ཕ་རོལ་ཏུ་ཤོར་བའི་སེམས་པ》གཞན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ་འབྲོང་རྩོམ་རིག་དེབ་ཕྲེང་དུ་བཀོད། སྒྲུང་གཏམ་བསྡུས་དེབ《ཉ་གང་ལ་ཉེ་བའི་ཟླ་བ》བོད་ཡིག་རྩོམ་རིག་དུས་དེབ《སྦྲང་ཆར》གྱི་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བཀོད། ད་ལྟ་མགོ་ལོག་ཏུ་བྱ་བ་སྒྲུབ་མུས་སུ་ཡོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།