ཀྲུང་གོ་བོད་ཀྱི་དྲ་བ།

འགྲུལ་བཞུད་དང་རྟོག་འགྱུ།(ཞར་བཀོད་གཅིག)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་། དགྲ་ལྷ་བཀྲ་ཤིས།

ཞོགས་པའི་ཉི་རྩེ་འཕྲོ་དུས།གོམས་སྲོལ་དུ་གྱུར་པའི་འཚོ་བ་སྣ་ཚོགས་བསྐྱར་ཟློས་བྱེད་དགོས་ནའང་།ངས་དེ་རིང་དེ་འདྲ་མ་བྱས་པར་མལ་ལས་ལངས་མ་ཐག ཁ་ལག་གཙང་མ་ཞིག་བཀྲུས་ཏེ་རྩྭ་ཐང་གི་ཕྱོགས་སུ་སོང་བ་ཡིན།

མདུན་ཕྱོགས་ནི་རྩྭ་ཐང་ཆེན་པོ་ཞིག་ཡིན་ལ་རྩྭ་ཐང་ཆེན་པོའི་ཕ་རོལ་ན་ནགས་ཚལ་གྱིས་ཁེབས་པའི་རི་བོ་ཡོད་པ་དང་།རི་བོའི་འདབས་རོལ་ན་ཆུ་ཕྲན་མང་པོ་ལྷང་ལྷུང་བཞུར་བཞིན་ཡོད།བསིལ་འཇམ་གྱི་རླུང་བུ་དང་འགྲོགས་ནས་ང་རང་དལ་མོར་སྐྱོད་དུས།སྣང་བ་ཞིག་ལ་ང་རང་འཇིག་རྟེན་འདིར་ཐོག་དང་པོར་ཡོང་བ་དང་འདྲ་ལ།རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་མིག་ལམ་དུ་ཐོག་དང་པོར་མངོན་པ་དང་ཡང་མཚུངས།ཅིའི་ཕྱིར་ཟེར་ན།ཆུང་དུས་ནས་ཉེ་འཁོར་གྱི་ཡོད་ཚད་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁ་ཕྱོགས་གཅིག་ལ་འགྲོ་ཞིང་།ཡང་ན་རྐང་པ་རང་རང་ལ་ཐོགས་ཡོད་ཀྱང་ལམ་གཅིག་གི་ཐོག་ཏུ་འགྲོ་དགོས་པ་སྒྲིགས་སྲོལ་ལྟ་བུ་ཞིག་ཏུ་ཆགས་ནས་ཡོད་པས།རང་རང་གི་ངོས་འཛིན་ལ་དོ་སྣང་མ་བྱས་པས་རེད་འདོད་དེ།ངའི་དྲན་པའི་ཡུལ་ན་རྩྭ་ཐང་དང་རི་བོའི་བག་ཆགས་རབ་རིབ་ཏུ་གྱུར་འདུག

དགའ་འོས་པ་ཞིག་ལ།མྱོང་སྣང་དངོས་ཀྱི་ཁྲོད་ནས་དེ་རིང་ང་འདི་ལྟར་ཕར་ལ་བསྐྱོད་པར་ཧ་ཅང་དགའ་སྤྲོ་སྐྱེས་ཤིང་།རྩྭ་ཐང་གི་རྒྱ་ཁྱོན་བཞིན་ངའི་སེམས་པ་ཡང་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ཏེ་འདས་སོང་གི་ནག་ནོག་མ་ལུས་སྐད་ཅིག་ལ་སངས་པར་གྱུར་པ་དང་།དུས་རྒྱུན་དུ་གནོན་ཤུགས་རྡོ་འདྲ་བ་ཡོད་ཀྱང་།འཚོ་བའི་སྒྲིགས་སྲོལ་ལས་བརྒལ་ཏེ་འདི་རུ་འོངས་པ་ན་བདེ་སྐྱིད་ཧ་ལས་པ་ཞིག་བྱུང་བར་མཚར་སྣང་ཡང་ཡང་སྐྱེས།

དེ་ལྟར་ཡིད་དུ་འོང་བའི་མི་ཏོག་སྣ་ཚོགས་ཀྱི་དྲི་བསུང་ཡང་སྣོམ་བཞིན་ང་གཞི་ནས་རི་འདབས་ཀྱི་ཆུ་ཕྲན་ཡོད་སར་སླེབས་བྱུང་། ཆུ་ཕྲན་རེ་རེ་ཉི་འོད་ཀྱི་ཁྲོད་ན་དྭངས་ཤིང་གཙང་བས་མིག་དབང་རབ་ཏུ་འཕྲོག་པར་གྱུར།མི་སུས་འཐུང་ཡང་ལུས་པོ་ལ་ཕན་ཐོགས་ཆེ་བར་ཐེ་ཚོམ་གཏན་ནས་མི་འདུག ང་ཚོ་མི་རེ་རེའི་ཕྱི་ནང་གཉིས་ཀ་ཡང་ཉི་འོད་ཀྱི་ཁྲོད་ནས་དེ་འདྲའི་ལྷད་མིད་དང་དྭངས་གཙང་ཞིག་ཡིན་ཚེ།ས་ཆ་གང་ནས་བསྡད་ཀྱང་ལམ་གང་ལ་སོང་ཡང་ཤིན་ཏུ་འཕྲོད་པར་སྙམ།

ང་ཁ་སྦུབ་ཏུ་བསྡད་ནས་ཆུ་ཕྲན་ལ་ཧུབ་འགའ་བྱས་ཏེ་རིམ་བཞིན་ནགས་རིའི་སྟེང་དུ་འགོས། སྦོམ་ཞིང་རིང་བའི་ལྗོན་ཤིང་ནི་བགྲང་གིས་མི་ལང་བས་བར་གསེང་ནས་འགྲོ་བ་དཀའ་བར་སྣང་།ལྗོན་ཤིང་མང་པོའི་རྩེ་མོ་ན་བྱ་བྱེའུ་སྣ་ཚོགས་འགྱུར་ཁུགས་སྟོང་གིས་གྲགས་ཤིང་ཡར་མར་ལ་འཕུར་ཏེ་འགྲོ་ཚུལ་དེར་བལྟས་ན།སྦོམ་ཞིང་རིང་བའི་ལྗོན་ཤིང་དག་གིས་དུས་ནམ་ཡང་རི་བོ་འདིའི་བརྟན་བརླིང་བསྲུངས་པས་བྱ་བྱེའུ་ཚོགས་ནི་དགའ་བདེའི་དཔལ་ལ་ཅི་དགར་རོལ་བ་དང་འདྲ། ངའི་སེམས་སུ་ང་ཚོ་ཡང་ལྗོན་ཤིང་འདི་དག་དང་མཚུངས་པར་ཕ་ས་ལ་སྲུང་སྐྱོབ་བྱེད་ཐུབ་ན་ཅི་མ་རུང་སྙམ་ཞིང་།བྱ་བྱེའུ་ཚོགས་དང་འདྲ་བར་ཕ་ཡུལ་གྱི་ནམ་མཁའ་ནས་རང་དབང་གིས་འཕུར་ཐུབ་ན།དེ་ལས་ལྷག་པའི་བདེ་སྐྱིད་ཅིག་གང་ན་ཡོད་འདོད་ཞོར་ཕྱིར་རང་ཁྱིམ་གྱི་ཕྱོགས་སུ་གོམ་པ་སྤོས་པ་ཡིན།

ཕྱིར་ལོག་པའི་ལམ་བར་དུ།ངས་མིག་རྒྱང་ཆེ་རུ་བསྐྱེད་དེ་སང་ཉིན་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་དྭངས་པ་དང་།ཉི་འོད་དྲོ་ཞིང་འཇམ་པ།ས་གཞི་ཡངས་ཤིང་ཆེ་བའི་ཁྲོད་ནས།རང་ཉིད་རྟ་རྒོད་བཞིན་ཤར་ལྷོ་ནུབ་བྱང་གང་ལའང་གང་དགར་རྒྱུག་ཐུབ་པར་བློས་བསླངས་ཡང་ཡང་བྱས་སོ།།

2016.7.21


དྭངས་གཙང་གི་མེ་ལོང་འཚོལ་བ།


ཐོག་མ་ནས།ང་ཚོས་རང་ཉིད་ལ་ལམ་ཞིག་བཏོད་ཡོད།དེ་ནི་རྒྱང་རིང་རྒྱང་རིང་ཞིག་མིན་ལ་ལྐོག་གྱུར་ལྐོག་གྱུར་ཞིག་ཀྱང་གཏན་ནས་མིན་པར།སེམས་སུ་བཞེངས་པའི་འོད་ཀྱི་ཞིང་ཁམས་ཤིག་ཡིན།དུས་ནམ་ཡང་།དེས་ང་ཚོ་ལ་གཤོག་པ་བསྩལ་ཡོད་པས།མདུན་ཕྱོགས་ནས།རབ་རིབ་མག་མོག་གི་མུན་པ་ཇི་ལྟར་འཚང་ཡང་།ང་ཚོའི་ཁ་ཕྱོགས་ལ་ནོར་བ་མེད་པ་དང་མཛེས་སྡུག་གིས་ཁེངས་པའི་ཡུལ་ལྗོངས་མང་པོ་མིག་ལམ་དུ་ག་ལེར་ག་ལེར་མངོན་ནས་འོང་།

ཆེས་སྙན་པའི་གླུ་དབྱངས་ཤིག་ལྷོད་ཀྱིས་གྲག་དུས་དང་ཆེས་མཛེས་པའི་ཞབས་བྲོ་ཞིག་ཉམས་ཀྱིས་འཁྲབ་དུས།ཇ་ཆང་ལ་གང་དགར་རོལ་ན་ཆོག་མོད།མི་མངོན་པའི་དབྱིངས་ན་ཟང་ཟིང་གིས་བྲེལ་བའི་སེམས་ཀྱི་འཇིག་རྟེན་སྣ་ཚོགས་ཀྱིས་ང་ཚོ་སུ་ལའང་ན་ཟུག་སྟེར་ངེས།དེ་བས།ནང་གི་བདེ་སྐྱིད་ནི་བདེ་སྐྱིད་ངོ་མ་ཡིན་ལ།ཕྱི་ཡི་བདེ་བ་ནི་རྣམ་པ་དང་སྣང་ཚུལ་ཙམ་རེད།འཚོལ་སྙེག་གི་ཀློང་ནས།རང་ཉིད་ཀྱིས་དྭངས་གཙང་གིས་འཆར་བའི་མེ་ལོང་ཞིག་ཪྙེད་རྒྱུ་ཧ་ཅང་གལ་ཆེ་ལ།མེ་ལོང་དེས་རང་ཉིད་ལ་ནམ་ཡང་བདེ་བ་སྟེར་རྒྱུ་དེ་བས་ཀྱང་གལ་ཆེའོ།།

འཚོ་བའི་ཁྲོད་ནས།ཅི་ཞིག་ལ་ལྷད་མེད་ཀྱི་བརྩེ་བ་དང་ཡིད་ཆེས་ཟེར་བ་ཤེས་དགོས་ཤིང་།ཅི་ཞིག་ལ་གཡོ་སྒྱུ་ཡི་སྤྲེལ་ལད་དང་བཅོས་མ་ཟེར་བ་ཡང་ཤེས་དགོས།གལ་ཏེ།དེ་འདྲ་མ་བྱས་ཚེ།ཁྲ་ཁྲ་རིག་རིག་གིས་རང་ཉིད་ཀྱི་གྲིབ་གཟུགས་མ་གཏོགས། རང་ཉིད་ངོ་མ་བོར་འགྲོ་བར་ཐེ་ཚོམ་གཏན་ནས་མེད་ལ་ཡིད་དུ་མི་འོང་བའི་མི་ཚེའི་ཟློས་གར་འཁྲབ་པར་ཡང་གདོན་མི་ཟ།རྒྱུ་མཚན་འདིའི་དབང་གིས།དྭངས་གཙང་གི་འབོད་པས་རང་ཚུགས་བརྟན་པོ་ཞིག་ཡོད་པར་བྱས་ཏེ་ཀུན་ལ་ཕན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་བླ་ན་མེད་པའི་བྱ་བ་ཞིག་ཡིན།

འཆར་ཡན་གྱི་ཀློང་ནས།ང་ཚོ་སུས་ཀྱང་སྣང་བཪྙན་ཡོད་ཚད་ལ་མཛེས་སྡུག་གིས་ཁེངས་པར་བྱས་ནའང་།མངོན་སུམ་ནམ་ཡང་དེ་ལས་ལྡོག་སྟེ་འགྲོ་བ་ཆོས་ཉིད་ཅིག་ཡིན་པ་འདྲ་ཡང་།དོན་དངོས་སུ།གོམ་སྒྲ་རེ་རེ་ནི་ང་ཚོས་རང་ཉིད་ལ་བྲིས་པའི་ངོ་མཚར་གྱི་ལོ་ཟླ་ཡིན་ཞིང་།རྔུལ་ཆུ་རེ་རེ་ནི་ང་ཚོས་རང་ཉིད་ལ་བཞག་པའི་རིན་ཐང་གི་དྲན་ཤིང་ཡིན།ནམ་ཡང་འོད་སྣང་ལ་ཕྱོགས་པའི་མིག་ཟུང་དེ་དག ང་ཚོའི་བླ་སྲོག་ཏུ་འགྱུར་དགོས་ལ།མཚར་སྡུག་གིས་མཚར་སྡུག་བཟུང་སྟེ།རྨི་ལམ་གྱིས་རྨི་ལམ་བསྐྲུན་ཏེ།སང་ཉིན་ང་ཚོ་ལ་ངེས་པར་དབང་དགོས་སོ།།

2016.7.15

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།