ཀྲུང་གོ་བོད་ཀྱི་དྲ་བ།

​གོ་རེ་ཐལ་གོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁུ་བྱུག་སྔོན་མོ།   སྤེལ་དུས། : 2016-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁུ་བྱུག་སྔོན་མོ།(རྨ་ལྷོ)

640560325672831652.jpg

ཆུང་དུས་སུ། ངས་གོར་དྲི་འཐུལ་ལེར་ཡོད་པའི་གོ་རེ་ཐལ་གོར་ཟ་ཐེངས་རེ་རེར། ཨ་མས་རྒྱུན་དུ་ང་ལ་བལྟས་ནས་གོ་རེ་ཚིག་རོ་ཟོས་ན་སྒོར་མོ་མང་པོ་རྙེད་འོང་གསུངས་ལ། ངས་ཀྱང་ཨ་མའི་གསུང་བརྩིས་ཏེ་གོ་རེ་ཚིག་རོ་ཡང་སེན་ཏོག་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་ཚང་མ་ཟོས་པ་ཡིན། ཡིན་ནའང་། སྐབས་དེ་དག་ཏུ་ངས་སྒོར་མོ་མང་པོ་ཞིག་གཏན་ནས་རྙེད་མ་མྱོང་ལ། ཨ་མའི་གསུང་དེར་ཡིད་ཆེས་དྲག་པའི་བྱིས་བློ་ཡང་དེ་བཞིན་འགྱུར་མ་མྱོང་།

ཆུང་དུས་ཀྱི་འཚོ་བ་རིམ་བཞིན་ཕར་འདས་ཏེ། ང་རང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་བརྒྱུད་བྱས་རྗེས་ད་གཟོད་ངས་ཨ་མའི་གསུང་དེའི་ནང་དོན་གསལ་ལེར་རྟོགས་སོང་། དེ་ནི་མ་གཞི་ནས་ཐབས་ཤེས་ཤིག་རེད་ལ་སློབ་གསོ་ཞིག་ཀྱང་རེད། དེ་ནི་འཚོ་བའི་རིན་ཐང་ཞིག་རེད་ལ་གནས་ལུགས་ཤིག་ཀྱང་རེད། དེ་ལྟར་ཕྱིར་རྟོག་བྱས་ན་ཆུང་དུས་ཨ་མས་ང་ལ་གསུངས་པའི་སྐད་ཆ་དག་གི་ཁྲོད་ན་དེ་དང་དེ་འདྲ་བ་ཧ་ཅང་མང་པོ་འདུག

ལོ་ངོ་མང་པོ་ཞིག་གི་རིང་ལ་བྱ་བའི་དབང་གིས་ང་རང་ཕ་ཡུལ་དང་ཐག་རིང་བའི་གྲོང་ཁྱེར་ཞིག་ནས་སྡོད་དགོས་བྱུང་ཞིང་། གྲོང་ཁྱེར་ནས་ལོ་ངོ་མང་པོ་ཞིག་མིག་རྡེབ་དབང་ཙམ་གྱི་རིང་ལ་ཕར་འདས་སོང་། ལོ་ངོ་དེ་དག་གི་རིང་ལ་ཨ་མས་ང་ལ་གོ་རེ་ཐལ་གོར་བསྲེགས་ཏེ་ཡང་ཡང་བསྐུར་འོང་ལ། ངས་ཀྱང་རྒྱུན་དུ་ཨ་མས་ང་ལ་གོ་རེ་ཐལ་གོར་བསྐུར་པར་རེ་སྒུག་བྱས་ཤིང་། ཆུང་དུས་དང་འདྲ་བར་གོ་རེ་ཐལ་གོར་གྱི་ཕྱི་ཤུན་ཚིག་རོ་དག་ཀྱང་སེན་ཏོག་ཙམ་ཡང་མ་བསྐྱུར་པར་ཚང་མ་ཟོས་པ་ཡིན། ཆུང་དུས་ཀྱི་བག་ཆགས་ཤིག་ཡིན་ནམ། གོ་རེ་ཐལ་གོར་གྱི་ཕྱི་ཤུན་ཚིག་རོ་དག་ཀྱང་ཧ་ཅང་ཞིམ་པོ་ཞིག་རེད། ལས་སྣོན་བྱས་པའི་གྲོང་ཁྱེར་གྱི་གོ་རེ་སྣ་ཚོགས་དང་བསྡུར་ན་གོ་རེ་ཐལ་གོར་ནི་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བར་མ་ཟད། ཅི་ཙམ་མང་པོ་ཟོས་ཀྱང་འགྲས་རྒྱུ་ཞིག་གཏན་ནས་མི་འདུག་སྟེ། ཕྱི་རྒྱལ་དུ་གནས་པའི་ཡུལ་གྱར་བོད་པ་དག་གིས་ནམ་རྒྱུན་རང་གི་ཕ་ཡུལ་གྱི་གོ་རེ་ཐལ་གོར་གཙོ་བྱས་རྩམ་པ་དང་རྫ་ཆུ་སོགས་དྲན་པའི་གདུང་བ་དེ་ནི་ཡུལ་གྱར་གྱི་གདུང་བ་མང་པོའི་ནང་ནས་ཆེས་ཐུ་བའི་གདུང་བ་ཡིན་པར་བསྙད་པ་ཡང་དངོས་གནས་ཅིས་མ་བདེན།

དེ་ལྟ་ནའང་། ཉེ་བའི་ལོ་གཉིས་གསུམ་གྱི་གོང་ནས་བཟུང་ང་ལ་ཨ་མས་བསྲེགས་པའི་གོ་རེ་ཐལ་གོར་དེ་ཟ་རྒྱུའི་སྐལ་བ་ཆད་སོང་། དེའི་རྒྱུ་མཚན་ནི། གཅིག་ནས་ཨ་མའི་ལོ་ན་བགྲེས་པོར་གྱུར་བས་གོ་རེ་ཐལ་གོར་བསྲེག་མི་ཐུབ་པ་དང་། གཉིས་ནས་ངའི་ཕ་ཡུལ་རི་གྲོང་དེར་ཡང་གྲོང་ཁྱེར་ན་བཀོལ་བའི་གོ་རེ་ལས་བཟོ་བྱེད་སྤྱད་ཀྱི་ཡོ་བྱད་དག་དར་ཡོད་པ་དང་། ངེད་ཚང་གི་སྲུ་མོས་ཀྱང་དེ་བཀོལ་བཞིན་ཡོད་ཟེར་པས་རེད། ཡོ་བྱད་དེ་བཀོལ་ན་སྟབས་བདེ་ཞིང་། ལས་ཚེགས་མེད་པའི་ཁར་གོ་རེའི་ཕྱི་ཤུན་ཅུང་ཙམ་ཡང་མི་འཚིག་པ་སོགས་ཀྱི་ཁྱད་ཆོས་མང་པོ་ཞིག་འདུག་པ་དང་། ཡང་གཅིག་བཤད་ན་ད་ལྟ་སྔོན་ཆད་ཀྱི་གོ་རེ་ཐལ་གོར་དེ་འདྲ་བསྲེགས་ཤེས་མཁན་ཕྱི་རབས་པའི་ཁྲོད་ན་ཧ་ཅང་ཉུང་བ་དང་། གལ་ཏེ་དེ་ལྟར་བསྲེགས་མཁན་ཞིག་ཡོད་རུང་དེ་ནི་རྗེས་ལུས་ཀྱི་ལས་དང་དངོས་པོ་ཞིག་ཏུ་བརྩི་བར་འདུག་སྐད། དེ་དང་དེ་འདྲ་བར་ངའི་ཕ་ཡུལ་རི་གྲོང་གི་འཚོ་བའི་ཕྱོགས་མང་པོ་ཞིག་ནས་འགྱུར་ལྡོག་ཆེ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་བཤད་མ་དགོས།

དེ་ཡང་ཡིན་ཏེ། འཛམ་གླིང་ཧྲིལ་བོར་འདི་འདྲའི་འགྱུར་ལྡོག་ཆེ་ཞིག་བྱུང་ས་ན་ངའི་ཕ་ཡུལ་རི་གྲོང་ཆུང་ཆུང་དེ་ལ་ཡང་འགྱུར་ལྡོག་ལོས་ཡོད། དེ་ནི་བསྒྱུར་དུ་མི་བཏུབ་པའི་ཆོས་ཉིད་ཅིག་རེད། ཡིན་ནའང་། འགྱུར་ལྡོག་ཡོད་ཚད་ནི་འཕེལ་རྒྱས་སུ་བརྩི་རུང་ངམ། འགྱུར་ལྡོག་མ་བྱུང་ཚེ་རྗེས་ལུས་ཡིན་ནམ། འཕེལ་རྒྱས་དང་རྗེས་ལུས་ཀྱི་ཚད་གཞི་ནི་དོན་དུ་ཅི་ཞིག་ཡིན་ནམ། དྲི་བ་འདི་དག་གིས་ནམ་རྒྱུན་ང་ལ་ཀུ་རེ་ཡང་ཡང་རྩེས་འོངས།

ལོ་འདིར་ཉིན་མང་པོ་ཞིག་ལ་ལས་ཁུངས་ཀྱིས་ང་ཚོར་གནང་བ་བཏང་བྱུང་བས། དུས་ཚོད་དེ་བེད་སྤྱད་ནས་ང་ལོ་ངོ་འགའ་ཞིག་ལ་ཡོང་མ་མྱོང་བའི་ཕ་ཡུལ་དུ་འཁོར་ཞག་ཏུ་ཡོང་བ་ཡིན། ཕ་ཡུལ་ལ་ཡོང་བའི་ཉིན་དེ་དག་གི་རིང་ལ་ངས་ཕ་ཡུལ་གྱི་བྱ་དངོས་དང་སྣང་ཚུལ་མང་པོ་ཞིག་ལ་ཞིབ་ཏུ་བལྟས་ཤིང་མཉམ་བཞག་པ་ཡིན།

རེད་དེ། ཕ་ཡུལ་ནི་སྔོན་ཆད་ཀྱི་ཕ་ཡུལ་དེ་གཏན་ནས་མ་རེད། ང་ལ་མིག་འཁྲུལ་བྱུང་སོང་བ་མིན་ན་འཚོ་བ་དང་གོམས་སྲོལ། མི་གཤིས་དང་བསམ་བློ་སོགས་མང་པོ་ཞིག་འགྱུར་འདུག་པར་མ་ཟད། ཁོར་ཡུག་དང་ནམ་ཟླ། མཁའ་དབུགས་སོགས་ཀྱང་འགྱུར་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་སོང་།

ཕ་ཡུལ་དུ། ངའི་བྱིས་དུས་ཀྱི་ས་རྡོའི་རྩེད་ར་དང་ཐེ་གེའི་སྒོ་ཕྱུགས། མེ་ཏོག་གི་མགུལ་རྒྱན་སོགས་ཅི་ཡང་མི་འདུག་ལ། འཕར་རྡོ་དང་འབལ་རེས། བཞའ་མ་བཞའ་རེས་ཀྱི་རྩེད་མོ་སོགས་ཀྱང་ཅི་ཡང་མི་འདུག  ངའི་གཞོན་དུས་ཀྱི་གླུ་ལེན་གར་རྩེད་དང་རྟ་རྒྱུགས་འཇུ་རེས་སོགས་ཅི་ཡང་མི་འདུག་ལ། གླིང་བུའི་རྒྱང་འབུད་དང་མདའ་འཕེན་བཏགས་ས་སོགས་ཀྱང་ཅི་ཡང་མི་འདུག  དེ་བཞིན་དུ་ནམ་ཞིག་ངའི་རྒས་དུས་ཀྱི་དད་པའི་ཆོས་རྟེན་དང་འཆི་རྗེས་ཀྱི་དུར་ཁྲོད་གཙང་མ་སོགས་ཀྱང་འགྱུར་རྒྱུ་མ་ཡིན་ནམ་སྙམ་པའི་སེམས་ཁྲལ་ལྕི་མོ་ཞིག་ཡ་ཁོག་ནས་ཐོལ་གྱིས་སྐྱེས།

དེ་ལྟ་དེ་ལྟར་ཕ་ཡུལ་ནི་ངའི་བསམ་ཡན་གྱི་ཁྲོད་ནས་མཇུག་མཐར་བལྟས་བལྟས་རིག་རིག་ལ་གཞན་ཞིག་ཏུ་གྱུར་སོང་། ཕ་ཡུལ་གྱི་པང་དུ་ང་ནི་བྱེ་ཐང་ན་ལུས་པའི་རྔེའུ་ཞིག་དང་འདྲ་བར་སྐྱ་བསེད་བསེད་ཀྱི་རླུང་འཚུབ་ཅིག་གི་ཁྲོད་ནས་ཁ་ཕྱོགས་དང་མདུན་ལམ་མ་མཐོང་བར་ཡུན་རིང་འཁྱམ་ཞིང་། དེའི་མཚུངས་སུ་སྨུག་རྒྱུ་ཡེར་ཡེར་ཞིག་ཀྱང་མཐོང་ལམ་མག་མོག་གི་ཀློང་ནས་རེས་གསལ་རེས་ཡིབ་ཀྱིས་ཡང་ཡང་མངོན་བྱུང་།

ངས་སྔོན་ཆད་རང་གི་སྙན་ངག་ཅིག་ཏུ།

“ཕ་ཡུལ་ནི་ལུས་པོའི་རྒྱབ་བསྙེས་སའི།

འབོལ་གདན་མཉེན་མོ་སྟེ།

ཕ་ཡུལ་དུ་སླེབས་ཚེ།

སེམས་ཀྱི་ཡུལ་ལྗོངས་ཀྱང་ཡངས་ཤིང་ཆེ།


སླར་ཡང་ཕ་ཡུལ་དུ་ལོག་པ་ནི།

ཆུང་དུས་སུ་ཨ་མས་རུམ་དུ་བཟུང་བ་དང་འདྲ་སྟེ།

གཉིད་འགུག་གི་གླུ་གཞས་ཁྲོད་ནས།

མཐའ་མེད་པའི་བརྩེ་བ་ཞིག་ག་ལེར་ཚོར།


སླར་ཡང་ཕ་ཡུལ་དུ་ལོག་དུས།

དྭངས་གཙང་གི་རླུང་བུས་མ་ཎི་བཟློ་ཞིང་།

ནོར་གནག་གི་རྭ་རྩེས་ཡི་གེ་འབྲི་བའང་།

བཤད་སྒྲོས་ཙམ་མིན་པ་གཞི་ནས་རྟོགས།


སླར་ཡང་ཕ་ཡུལ་དུ་སླེབས་དུས།

སུ་ཞིག་གིས་གྲོ་ནས་ཀྱི་སྙེ་རླབས་ཁྲོད་ནས།

ཆུང་དུས་ཀྱི་ས་རྡོའི་རྩེད་ར་དྲན་ཏེ།

ད་དུང་ཡང་ཐེ་གེའི་སྒོ་ཕྱུགས་འཚོ་བར་ཞེན།


སླར་ཡང་ཕ་ཡུལ་དུ་སླེབས་ཚེ།

ནས་ཆང་རྒྱ་མ་གང་ལས།

འཚོ་བའི་བྲོ་བ་མངར་མོ་གསལ་ལེར་མྱངས།”ཞེས་བྲིས་མྱོང་ཞིང་། དེ་ནི་ང་སྔོན་ཆད་ཕ་ཡུལ་ལ་སླེབས་དུས་ཤིག་ལ་བྲིས་པ་ཞིག་སྟེ། ལོ་ངོ་མང་པོ་ཞིག་འགོར་རྗེས་ཀྱི་ད་ལྟ་ངས་ཕ་ཡུལ་ནས་ཚོར་བ་དེ་དག་གཏན་ནས་མྱོང་ཐབས་མི་འདུག  མྱོང་ཐབས་མི་འདུག

ཉིན་དེ་དག་གི་རིང་ལ། ངས་ངེད་ཚང་ནས་ངའི་ཚ་བོ་དང་ཚ་མོའི་སྟེང་ནས་ང་ཆུང་དུས་ཀྱི་གོ་རེ་ཚིག་རོ་སོགས་དང་འབྲེལ་བའི་གཏམ་རྒྱུད་དག་གི་འཚོ་བའི་ཟུར་ཙམ་ཡང་གཏན་ནས་རྙེད་མ་བྱུང་། གལ་ཏེ་རྙེད་པའི་དབང་དུ་བཏང་ཡང་། དེ་ནི་དེ་འདྲའི་དྭངས་གཙང་དང་རྣམ་དག  བབ་ཆགས་ཤིག་ཡིན་མི་སྲིད། ད་ལྟ་ཁོ་ཚོ་བཟའ་རྒྱུར་དགའ་བ་ནི་ཐུམ་སྒྲིལ་བྱས་པའི་ཞོར་ཟས་ཀྱི་རིགས་སྣ་ཚོགས་རེད་ལ། ད་ལྟ་ཁོ་ཚོ་བཏུང་རྒྱུར་དགའ་བ་ཡང་ལས་སྣོན་བྱས་པའི་འགྱིག་སྣོད་ནང་གི་འོ་མ་དང་ཁ་ལ་མངར་བའི་སིལ་ཁུ་སྣ་ཚོགས་ཡིན་པས། གོར་སྐྱ་དང་ཇ་རྐྱང་ནི་མིག་ལའང་འགྲོ་ཡི་མེད་པའི་ཚོད་དུ་གྱུར་འདུག

ང་ཕྱིར་གྲོང་ཁྱེར་དུ་ཡོང་ཁར། ངས་དགུང་ལོ་བདུན་བཅུ་བརྒལ་ལ་ཉེ་བའི་ཨ་མ་ལ་མི་ནུས་བཞིན་དུ་ཨུ་ཚུགས་ཀྱིས་གོ་རེ་ཐལ་གོར་ཞིག་བསྲེག་ཏུ་བཅུག་ཅིང་། ས་སྲོད་ཅིག་ལ་གོ་རེ་ཐལ་གོར་དེ་དང་ལྗིད་ཏིག་ཏིག་གི་སྐྱོ་ཤས་གཉིས་འཁྱེར་ནས་ཕྱིར་གྲོང་ཁྱེར་དུ་ལོག་མགོ་བརྩམས།

2016.8.26ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།