དགེ་རྒན་ལགས། ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་།

8888.jpg

དགེ་རྒན་ལགས། ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་།

——སྐབས་སོ་གཉིས་པའི་དགེ་རྒན་དུས་ཆེན་ལ་ཕུལ་བ།

གཅན་རྣམ་ཐར།


ལོ་གཅིག་གི་དགེ་རྒན་གྱི་དུས་ཆེན་ཉིན་མོ་འདིར། དགེ་རྒན་ཞིག་གི་མིང་བྱང་ཐོད་ལ་བཟུང་ཡོད་པའི་དགེ་རྒན་ཞིག་གིས་རྒྱལ་ཡོངས་ཀྱི་དགེ་རྒན་ཡོངས་ལ་བཀྲ་ཤིས་སྨོན་འདུན་གྱི་ཁ་གཡང་ཞིག་འབོད་དགོས་བྱུང་། དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བཞེངས་སྐྲུན་བྱེད་མཁན་དང་། དགེ་རྒན་ནི་བ་གླང་མི་ཁྱུར་འཇུག་མཁན། དགེ་རྒན་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས། དགེ་རྒན་ནི་དཔེ་ཁྲིད་མི་སྐྱོང་བྱེད་མཁན་དང་། དགེ་རྒན་ནི་རང་དཔེ་གཞན་སྟོན་བྱེད་མཁན། དགེ་རྒན་ནི་གཙང་མཁས་གཞན་ལ་ཕན་འདོད་བསྒྲུབ་མཁན། དགེ་རྒན་ནི་འོད་དུ་འཚེར་བའི་མར་མེ་ཚེ་འབར་ཡིན་ཞེས་ཀུན་གྱིས་གླེང་དང་གླེང་གིན་འདུག

ཡིན་ཡང་། དུས་རབས་དང་དུས་རབས་ཀྱི་འགྱུར་ལྡོག་དང་གཙུབ་བརྡར་ལས། དགེ་རྒན་གྱི་མཚན་སྙན་དང་དགེ་རྒན་གྱི་ལས་དབང་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཁྱད་པར་བ་ཞིག་བྱུང་དང་འབྱུང་གིན་འདུག་པ་ནི། དགེ་རྒན་ཞེས་པའི་རླབས་ཆེན་གྱི་མིང་བྱང་འདིའི་གཟི་བརྗིད་ཀྱི་ཚན་ཁ་ལོ་རེ་ནས་ལོ་རེར་ཇེ་ཞན་དང་། དགེ་རྒན་ཞེས་པའི་མིང་བྱང་ཁུར་ཡོད་པའི་མི་ཡོད་དོ་ཅོག་ནི་ཀུན་གྱི་སྣང་ངོ་ན་རབ་རིབ་དང་མག་མོག་ཏུ་འགྱུར་བ་དང་བསྟུན། ཉིན་མཚན་དབྱེར་མེད་དུ་སློབ་མའི་ཁ་གཏད་དང་རང་ཁྱིམ་ལྟ་བུའི་སློབ་གྲྭའི་གྲུ་ཟུར་རེ་རེ་ན་རང་དོན་རྒྱབ་སྐྱུར་སྒོས་མི་ཚེ་སློབ་གསོར་བསྟུན་པའི་གྲིབ་གཟུགས་འདིར་སུ་ཞིག་གིས་ཐུགས་ཁུར་དང་ཡིད་སྨོན་སྐྱེས་མྱོང་གིན་ཡོད་དམ།

དགེ་རྒན་ལགས། དེ་རིང་ནི་ང་ཚོའི་ལོ་གཅིག་གི་དུས་ཆེན་གཅིག་པུ་དེ་ཡིན་པས། ང་ཚོས་ཐུགས་སེམས་ལྷོད་ལྷོད་ཀྱི་ངལ་གསོ་སྐྱིད་པོ་ཞིག་གསོས་ན་འགྲིག དེ་རིང་ང་ཚོས་ཀྱང་སེམས་ཁོང་ན་འཕྱོ་བའི་སྐྱོ་བ་ཡོད་ཚད་རྒྱང་དུ་དོར་ཏེ། སྐྱིད་པའི་གླུ་གར་གྱི་རང་སེམས་གསོས་ནས་ཉིན་གཅིག་སྐྱིད་ལ་བསྐུར་ནའང་དེ་ནི་བདེ་སྐྱིད་རེད། ང་ཚོ་ནམ་ཡང་སྤྱི་ཚོགས་དང་མིའི་རིགས་ཀྱི་མིག་ཟུང་ལས་ཆེས་ཉམ་ཆུང་བ་དང་། ཆེས་རྒྱུ་མེད་དབང་མེད་ཀྱི་སྐྱེ་འགྲོ་ཞིག་འབའ་ཞིག་ཡིན་ནའང་། གཅེས་ཕྲུག་ཚོའི་མིག་མདུན་ནས་ང་ཚོ་ནི་ཁོ་ཚོའི་ཕ་མ་གཉིས་པ་ཡིན་པའི་འདུ་ཤེས་སྐྱེས་ཆོག་ཆོག་ཡིན་པ་དང་། ང་ཚོའི་སེམས་ཁོང་ནི་གཡའ་དག་ཅིང་དྲི་མའི་མ་གོས་ལ། ང་ཚོའི་ལས་ཀ་ནི་འོད་སྟོང་འབར་བ་ཞིག་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན། དེར་བརྟེན། ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་སྩོལ་བ་དང་། རང་ཉིད་ཀྱིས་རང་ཉིད་ལ་བརྩི་བཀུར་བྱས་ཏེ། འཇིག་རྟེན་ན་ཆེས་བསྒྲུབ་པར་དཀའ་བའི་རླབས་ཆེན་གྱི་བྱ་གཞག་འདི་བཏང་སྙོམས་སུ་མི་བསྐྱུར་བར། རང་གི་དགེ་ལས་ཤིག་ཡིན་པར་སྙམ་ནས་མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་པའི་བདག་པོ་ཆུང་ཆུང་ཡོད་ཚད་ཀྱི་ཆེད་དུ། ངལ་བ་བརྒྱ་ཕྲག་རྒྱབ་ཏུ་སྐྱུར་ཞིང་། དཀའ་བ་ཡོད་ཚད་གདོང་གིས་བསུས་ཏེ། ཅི་ནུས་གང་ཐུབ་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་གངས་ལྗོངས་འཛུགས་སྐྲུན་བྱེད་པོ་ཆུང་ཆུང་ཚོའི་ཁོག་ཏུ་ཤེས་བྱ་མ་ལུས་ལྡུག་པར་བྱེད་འདོད་ཀྱི་འདུན་པ་ནམ་ཡང་འགོག་མེད་དུ་འཕྱུར་དགོས།

དགེ་རྒན་ལགས། ཁྱེད་ཀྱི་དངོས་གནས་འོ་བརྒྱལ་མྱངས་སོང་། དེ་རིང་ནི་ཁྱེད་ཀྱི་དུས་ཆེན་ཡིན་པས། དེ་རིང་ཁྱེད་ལ་བསྟོད་པའི་མཐེ་བོང་བསྒྲེངས་མཁན་དང་། བསྟོད་པའི་བསྟོད་གླུ་ལེན་མཁན།  དགའ་བའི་མེ་ཏོག་འབུལ་མཁན་སོགས་ཅི་ཡང་མེད་ནའང་། ང་ཚོས་རང་གིས་རང་ལ་བསྟོད་གླུ་དང་ལེགས་སྐྱེས་ཀྱི་ཁ་གཡང་དྲོན་མོ་བོས་ཏེ་སྐྱིད་པའི་སྐྱིད་གླུ་ལེན་ཞོར་དུ་དགའ་བའི་བྲོ་གར་འཁྲབ་ནས། རང་ཉིད་ཀྱི་དུས་ཆེན་ལ་རང་ཉིད་ཀྱིས་རྟེན་འབྲེལ་ཞུ་བ་དང་། རང་ཉིད་ཀྱིས་རང་ཉིད་ལ་དྲི་མ་མེད་པའི་ཁ་བཏགས་ཤིག་གི་ཚབ་ཏུ། དགེ་རྒན་ལགས། ཁྱེད་ཀྱི་འོ་བརྒྱལ་མྱངས་སོང་ཞེས་ཕན་ཚུན་ལ་བཀའ་དྲིན་ཞུ་ནའང་ཅི་ལ་མི་ཆོག

དགེ་རྒན་ལགས། ནམ་ཡང་ཁྱེད་རང་མུན་སེལ་གྱི་སྒྲོན་མེ་ཡིན་ནོ།།

དགེ་རྒན་ལགས། ནམ་ཡང་ཁྱེད་རང་གཅེས་ཕྲུག་ཚོའི་སེམས་ཁོང་གི་སྒྲོན་མེ་ཡིན།

དགེ་རྒན་ལགས། ནམ་ཡང་ལོ་རྒྱུས་ཀྱི་ཁྱེད་རང་བརྗེད་མི་སྲིད་དོ།།

དགེ་རྒན་ལགས། ཁྱེད་ཀྱི་དངོས་གནས་འོ་བརྒྱལ་མྱངས་སོང་། 

དགེ་རྒན་ལགས། ནམ་ཡང་ཡིད་མ་ཕམ། སེམས་མ་སྐྱོ། དཀའ་སྡུག་གི་ས་བོན་རེ་རེའི་ཁྲོད་ན།

སང་ཉིན་ལྗང་མདོག་གི་འབྲས་བུའི་ལོ་ལེགས་འབྱུང་བ་ནི་ང་ཚོའི་གཟི་བརྗིད་དུ་བརྩི་ཆོག


ཁྱེད་ནི་སུ་ཞིག  

——དགེ་རྒན་དུས་ཆེན་ལ།

ཚེ་རིང་རྡོ་རྗེ།


སུ་ཞིག་ནི་མེ་ལྕེ་བཞིན་ཁྱོད་དང་ང་ཡི་འཚོ་ལམ་ན་འབར།

སུ་ཞིག་ནི་ཉི་འོད་བཞིན་ཁྱོད་དང་ང་ཡི་བཞུད་ལམ་ན་འཚེར།

སུ་ཞིག་ནི་ལ་སྒྲོན་བཞིན་ཁྱོད་ཀྱི་དོན་དུ་བཞུ་ཞིང་། ས་སྨྱུག་ལྟར་ང་ཡི་ཆེད་དུ་ཟད། སུ་ཞིག་ནི་འཇིག་རྟེན་འདིའི་སྐྱབས་མགོན་བཞིན་བདེ་སྡུག་གི་སྲབ་ཁ་བསྒྱུར་ཏེ་མ་འོངས་པའི་ལམ་སྣ་འདྲེན། སུ་ཞིག་ནི་གཞན་དོན་དུ་ཤར་བའི་སྐར་མ་འོད་ཆེན་ཏེ་ཀུན་ཡིད་ན་ཆུང་བའི་སྲིན་འབུ་མེ་ཁྱེར་ལགས།

ཁྱེད་ནི་གོ་གནས་དང་སྙན་གྲགས་ཅི་ཡང་མེད་པའི་འགྲུལ་བཞུད་པ་ཞིག  

ཁྱེད་ནི་ཕངས་སེམས་དང་ཕྱོགས་ལྷུང་གང་ཡང་མེད་པའི་ལམ་སྟོན་པ་ཞིག  

རང་སྲོག་སྦར་ནས་གཞན་མདུན་བསུ་བའི་ཁྱོད། རང་ལུས་གཙུབས་ཏེ་གཞན་རྒྱུད་སྐྱོང་བའི་ཁྱོད། ཤེས་རིག་གི་ཆུ་མགོ་དང་བསམ་བློ་ཡི་དེད་དཔོན་ཡིན། རྒྱ་མཚོ་ལྟ་བུའི་ཁྱོད། ནམ་མཁའ་ལྟ་བུའི་ཁྱོད།  རྐྱལ་ན་མཐའ་མི་དཔོག  རྐྱང་ན་མཇུག་མི་རྫོགས།  ཉི་མ་ལྟ་བའི་ཁྱོདབསྟོད་ཚིག་སྐམ་པོ་ཞིག་གི་མཆོད་པ་ལས་ཅི་ཡང་མེད།  

ཁྱེད་ནི་སུ་ཞིག་སྟེ། སྒྲིག་ན་གྲལ་མཇུག་དང་བསྡད་ན་ཁྲོམ་གཞུག་ཐེམས་པའི་མི་བུ་ཞིག ཡོང་ན་ལྟག་སྒོ་མེད་ཅིང་སོང་ན་མདུན་སྒོ་དོག་པའི་དཔའ་བོ་ཞིག ཁྱེད་ནི་སུ་ཞིག་སྟེ། རིག་པའི་མེ་ལྕེ་སྦར་བའི་འབར་རྐང་གཅིག བསམ་བློའི་རྦ་རླབས་འཕྱོ་བའི་ཆུ་ཀླུང་དེ། ཁྱེད་ནི་སུ་ཞིག་སྟེ། རིག་པའི་མ་མ་དང་བསམ་བློའི་ཕ་ལོ་ལགས།  

ཁྱེད་ནི་ཁྲུ་གང་གི་ཁྲིད་སྟེགས་སྟེང་ན་མིའི་རིགས་ཀྱི་རྣམ་ཤེས་སྐྲུན་པའི་བཟོ་བ་ཞིག  ཁྱེད་ནི་མཐོ་གང་གི་ནག་སྤང་མདུན་ན་མི་རབས་ཤིག་གི་མི་གཤིས་སྤེལ་བའི་ཤེས་ལྡན་པ་ཞིག སྐར་མ་ཞེ་ལྔའི་རིང་གི་ཁྱོད། ཚན་རིག་པ་ཡིན་ལ་ལག་རྩལ་བ་ཡང་ཡིན། རིག་གནས་པ་ཡིན་ལ་སློབ་གསོ་བ་ཡང་ཡིན། ཆབ་སྲིད་པ་ཡིན་ལ་དམག་དོན་མཁན་ཡང་ཡིན།……………།   དུས་རབས་ཀྱི་གདོང་ལེན་པ་ཁྱོད། དེ་རིང་གི་འཕེལ་རྒྱས་ཡིན་ལ་སང་ཉིན་གྱི་རེ་གཞག་ཡིན། ཁྱེད་ནི་སྐར་མ་ཞེ་ལྔ་སྟེ།  མི་རབས་ཤིག་གི་སྲོག་ཤིང་ལགས།

སུ་ཞིག་ནི་གོ་གནས་ཁྲི་གང་དང་སྙན་གྲགས་མཐོ་གང་ལས་མེད་པའི་སྐྱེས་བུ་ཡིན།

སུ་ཞིག་ནི་རང་ལུས་རྡུལ་དུ་བརླགས་ཏེ་ཤེས་པ་གཞན་ལ་སྦྱིན་པའི་ས་སྨྱུག་ཡིན།

ཁྱེད་ནི་མ་རིག་མུན་པ་འཇོམས་པའི་འཇིག་རྟེན་གྱི་སྤྱན།

ཁྱེད་ནི་བདེ་བའི་ལམ་དུ་ཁྲིད་པའི་དུས་རབས་ཀྱི་མགོན  

ཁྱེད་ནི་སུ་ཞིག་སྟེ། མི་དམངས་དགེ་རྒན་ལགས།


ངས་རང་གིས་གདམས་ཟིན་པའི་ལམ་བུ་ལ་ལེ་བདའ་བྱེད་དགོས་དོན་མེད།

——སྒྲོག་བཤད་ཀྱི་ཚུལ་དུ།

འབྲུག་ལྗང་།


དགེ་རྒན།  གནམ་འོག་གི་ཆེས་རླབས་ཆེ་ཞིང་ཆེས་གཟི་བརྗིད་ལྡན་པའི་བདེན་ལུགས་སྲུང་མཁན་པ། 

དགེ་རྒན།  མིའི་རིགས་ཀྱི་རྣམ་ཤེས་དང་བླ་སྲོག་ལ་གསོན་ཤུགས་སྩོལ་མཁན་གྱི་ནམ་མཁའི་ནོར་བུ།

དགེ་རྒན།  དུས་རབས་དང་སྤྱི་ཚོགས་ཀྱིས་ཁྱོད་རང་རྗེས་སུ་བསྐྱུར་ཡོད་ཡོད་འདྲ་ཡང་།  ལོ་རྒྱུས་དང་བདེན་དོན་གྱི་མེ་ལོང་ངོས་སུ་ནམ་ཡང་བཀྲག་མདངས་འཚེར་བའི་སྐར་མ་འོད་ཆེན།

དགེ་རྒན།  མི་ཚེའི་སྐྱིད་སྡུག་གི་སྐྱོགས་མཚམས་རེ་རེ་ནས།  གཞན་གྱི་ཆེད་དུ་གླུ་རུ་ལེན་པར་སྤྲོ་བའི་སྨྲ་ལྕེ་རྒོད་པོ། 

དགེ་རྒན།  ལས་བྱའི་བརྩེགས་རིམ་བར་ནས་རྒས་ཤིང་ས་སྨྱུག་གི་རང་གཤིས་བཞིན་རང་ལུས་གཞན་གཏོང་གི་རྒྱལ་སྲས་རྣལ་མ།

དགེ་རྒན།  ལོ་ཟླའི་གཉེར་རིས་བར་ནས་རང་ཉིད་མེ་རུ་བསྲེགས་ནས་གཞན་ལ་འོད་སྣང་བསྒྲོན་མཁན་གྱི་སྐྱ་རེངས་ཐོག་མ།

འོན་ཀྱང་།  དགེ་རྒན་ལགས།  སྤྱི་ཚོགས་ཀྱི་ངོ་གདོང་དང་དཔོན་ཉམས་རིང་ལུགས་པའི་མིག་མདུན་ནས།  ཁྱོད་ཀྱི་མཚན་སྙན་ཇེ་ཆུང་དང་ཁྱོད་ ཀྱི་ཐོབ་སྐར་ཇེ་ཉུང་ལ་འགྲོ་བའི་རྒྱུ་མཚན་དེ་གང་ལ་ཐུག།

གང་ལྟར་ཀྱང།  ངས་རང་ཉིད་ཀྱིས་གདམས་ཟིན་པའི་ལམ་བུ་འདི་ལ་ལེ་བདའ་བྱེད་ཀྱིན་མེད། 

རེད་ཡ།  ངས་ཅིའི་ཕྱིར་དགེ་རྒན་གྱི་ལས་གནས་གདམ་ག་བྱས་པ་ཡིན་ཟེར་ན།  དགེ་རྒན་ལགས།  ལམ་སྟོན་གྱི་སྒྲོན་མེ།  ཁྱོད་ཀྱི་མི་ཚེ་ནི་ ཕན་སེམས་ཅན་དང་གཏོང་ཕོད་ཅན།  ལྷག་བསམ་ཅན་ལགས་པས།   ངའི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་ཡང་དགེ་རྒན་ཚད་ལྡན་ཞིག་བཅའ་འདོད་པ་དེ་ཡིན།  དེ་བས་ངས་རང་གིས་གདམས་ཟིན་པའི་ལམ་བུ་འདི་ལ་ལེ་བདའ་དང་འགྱོད་སེམས།     འཁང་ར་བྱེད་དགོས་དོན་ཅི་ཡང་མེད།   ང་རང་དགེ་རྒན་གྱི་ལས་གནས་ལ་དགའ་བོ་ཡོད།   དགེ་  རྒན་ནི་ལམ་སྟོན་གྱི་སྒྲོན་མེ་དང་འདྲ་བར།  རང་ཉིད་མེ་རུ་བསྒྲོན་བཞིན་གཞན་ལ་འོད་སྣང་རྫོགས་མེད་སྦྱིན།  དགེ་རྒན་ནི་སྦྲང་མ་ཇི་བཞིན།    རང་གིས་དཀའ་སྤྱད་སྡུག་རུས་ཀྱིས་བསགས་པའི་སྦྲང་རྩི་མངར་མོ་གཞན་གྱི་ལོངས་སྤྱོད་དུ་གནངས།  དགེ་རྒན་ནི་ས་སྨྱུག་ཇི་བཞིན།  རང་ཉིད་ཕྱེ་མར་བརྡལ་ནས་གཞན་ལ་ཤེས་རིག་གི་ཚེ་སྲོག་བསྩལ།   དགེ་རྒན་ནི་མི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་པ་ལགས། མི་རྣམས་རྨི་ལམ་གྱི་ཁམས་སུ་སོས་དལ་བག་ཕེབས་རང་རྒྱུ་དུས།  ཆེས་དྭངས་གཙང་དང་ཆེས་ཐོག་མའི་འོད་སྣང་བསྒྲོན་མཁན་གྱི་ལམ་པའམ་སྟོན་པ་དགེ་རྒན་ཁྱོད་མ་ཡིན་ནམ།  འོན་ཀྱང་། ཁྱོད་ལ་བསྟོད་པའི་མཐེབ་བོང་བསྒྲེང་མཁན་ལས་ཁྱིམ་བདག་དང་མི་ངན་དེ་ཚོས་ཁྱོད་ལ་སྐུར་བ་དང་ལྟོ་ལོང་བཏབ་པ་ཇི་འདྲ་མཚར་ ཨང་།  སྐབས་ལ་ལར་སློབ་མའི་བདེན་དགེ་མཛེས་གསུམ་གྱི་ཆེད་དུ།    སློབ་གསོ་འགོ་བ་དང་ཁྱིམ་བདག་སོགས་ལ་དོན་མེད་དུ་འགལ་ཞིང་སྡུག་ལན་ཆགས་ཐོད་ལ་ཁུར་བ་གྲངས་མེད།   སྐབས་ལ་ལར། སློབ་མའི་རྒྱལ་ཁའི་འཛུམ་མདངས་ཀློང་ནས་རྟེན་འབྲེལ་གྱི་མེ་ཏོག་གཏོར་མཁན་གྱི་ཕ་མ་ཇི་བཞིན།  ཁྱོད་ཀྱི་དཀྱེལ་ཡངས་ལྡན་པའི་བྱམས་བརྩེ་ལ་གཏིང་མཐའ་དབེན། 

རེད་ཡ།  གནམ་འོག་གི་སློབ་གསོ་བ་ཚང་མ་ཁྱིམ་གཅིག་གི་མི་ལྟ་བུ་ཡིན་པས།  ངས་ཁྱོད་ཚོར་སྡུག་གཏམ་ཞིག་བརྗོད། 

དུས་ད་ལྟ།  ཕ་སྐད་ལས་བསྲེས་སྐད་སྦྲགས་མའི་ཕུང་གསུམ་པའི་ དུས་ད་ལྟ།  རྒྱུད་སྤུས་ལས་གྲངས་འབོར་གཙོར་འཛིན་པའི་དུས་ད་ལྟ།   ནང་སྙིང་ལས་ཕྱིའི་རྣམ་པ་གཙོར་འཛིན་པའི་དུས་ད་ལྟ།  བདེན་པ་ལས་རྫུན་བཟོ་ཤེད་ཆེ་བའི་དུས་ད་ལྟ།  ང་ཚོ་དགེ་རྒན་ནི་གནམ་འོག་གི་བདེན་ལུགས་སྲུང་མཁན་ཆེས་གཅིག་པུ་ཡིན་པས།  ངས་ནམ་ཡང་དགེ་རྒན་གྱི་ ལས་གནས་བརྟན་སྲུང་བྱེད་རྒྱུ་ཡིན།  ང་ཚོ་དགེ་རྒན་ཚོར་ཡོད་པ་ནི་དྲང་བདེན་དང་གཏོང་ཕོད།    ལྷག་བསམ་བཅས་ཡིན།  འདི་དག་ནི་ང་ཚོའི་རྒྱུ་ནོར་ཡིན།  མི་ཚེའི་བདེ་སྐྱིད་ཡིན། 

འོན་ཀྱང་།  ང་ཚོ་དགེ་རྒན་ཚོ་ལ་སོས་དལ་བག་ཕེབས་ཀྱི་ཁོམ་སྐབས་ཤིག་གང་ན་ཡོད།  ཐོ་རེངས་བྱ་ཕོ་གྲག་པ་ནས་བཟུང་སྟེ་མཚན་མོའི་ཁྱི་རྒན་རྒྱ་བོ་གཉིད་རོགས་བར་དུ་ལྷོད་ལ་འབབ་པའི་བདེ་བ་ཞིག་གང་ན་ཡོད། 

ངས་རང་གིས་གདམས་ཟིན་པའི་ལམ་བུ་ལ་ལེ་བདའ་བྱེད་ཀྱིན་མེད། 

ངས་དགེ་རྒན་གྱི་ལས་གནས་ལ་གདམ་ག་བྱེད་དགོས་དོན་ནི།

ང་ཡི་མི་ཚེ་སློབ་གསོ་ལས་མགོ་བརྩམས་ཤིང་ཕྱིར་སློབ་གསོ་ལས་དོན་ལས་མཇུག་བསྡུ་དགོས།   འདི་ནི་ངའི་དམ་ཚིག་ཡིན། སློབ་གསོས་མི་བུ་སུ་ལའང་བསླུ་བྲིད་གཏོང་མི་སྲིད།  ང་ཚོ་དགེ་རྒན་ཞིག་ཡིན་ན་རང་ཉིད་ཀྱིས་རྙེད་པའི་ལས་གནས་ལ་དགའ་སྤྲོས་འཇུག་དགོས་ཤིང་།   རང་གིས་གདམས་ཟིན་པའི་ལམ་བུ་ལ་ལེ་བདའ་བྱེད་དགོས་ཅི་ཡང་མེད།   ང་ཚོས་རང་ཉིད་ཀྱིས་གདམས་ཟིན་པའི་ལམ་བུ་ལ་ལོ་རྒྱུས་ཀྱི་བདེན་པ་འབྲི།  ང་ཚོས་རང་ཉིད་བཞུད་མྱོང་བའི་རྐང་རྗེས་ལ་མཛད་རྗེས་ཀྱི་རི་མོ་འགོད།                             

བཀྲ་ཤིས་བདེ་ལེགས། 

2015ལོའི་ཟླ10བའི་ཚེས24ཉིན།


ང་ཚོ་འདི་ལྟར་ཟད་ཀྱིན་པ་སུ་ཡིས་ཚོར།

—— དགེ་རྒན་དུས་ཕུལ་ལ་ཕུལ་བ།

ཀྱེ་ཕུར་མཆོག་གསུམ།


ལྷགས་རླུང་གྲི་ལྟར་རྣོ་བའི་མཐོ་སྒང་གི་རི་ཁུག་ཅིག་ན། ཁ་བ་རྡུལ་ལྟར་འཚུབ་པའི་རྒྱང་རིང་གི་ཐང་སྟོང་ཞིག་ན། གཅེས་ཕྲུག་གི་ཡོ་ལང་འཁྲིགས་པའི་ནམ་ཟླ་སྐྱ་བོའི་གོང་ཁ་ན། དཔེ་ཀློག་གི་དབྱངས་རྟ་འཕུར་བའི་ཞོགས་པ་ཞིག་རུམ་ལ་ཉར་ནས།གཞན་དོན་རྐྱང་རྐྱང་གིས་འཚོ་བའི་སེམས་དཔའ་ཁྱུ་གཅིག མྱི་ཁའི་མདུང་མོ་འཚུབ་པའི་ནམ་ཟླ་འདིའི་སོ་ཁ་ན། འཚོ་བའི་བསླུ་བྲིད་ཐེབས་པའི་དུས་རབས་འདིའི་མཆེ་བར་ན།  སེམས་ཚེགས་དང་ལུས་ཚེགས་རྐྱང་རྐྱང་གིས་འཚོ།

སྙིང་ཉེ་བའི་གཅེས་ཕྲུག་དེ་ཚོ། གཡང་དཀར་ལུག་ཁྱུ་ཞིག་ཏུ་དཔེ་བཞག་ན། ང་ཚོ་ནམ་ཡང་ནམ་ཟླ་སོར་རྩེ་ན་འཕྱོ་ཞིང་། དུས་ཚོད་ཚེ་སྲོག་གིས་བསྐྱལ་བའི་ཡ་རབས་ཀྱི་རྫི་བོ་དེ་ཚོ་ཡིན། དབྱར་དགུན་སྟོན་དཔྱིད་མེད་པར། ཉིན་མཚན་དུས་དྲུག་ལ་བསམ་གཞིག་དང་ལག་ལེན་རྒྱུ་སྤུན་དུ་འཐབ་ནས། མི་རབས་ཤིག་ལ་འོད་ཟེར་གྱི་ལམ་ཆེན་བསྐྲུན་པར་སྟ་གོན་བྱེད།སྙིང་ཉེ་བའི་གཅེས་ཕྲུག་དེ་ཚོ། མེ་ཏོག་གི་གང་བུ་ཞིག་ཏུ་དཔེ་བཞག་ན། ང་ཚོ་ནི་ནམ་ཡང་གྲིབ་བསིལ་སྙིང་དབུས་ནས་མཆེད་ཅིང་། དྲོད་ཁོལ་ཟུངས་ཁྲག་དང་བསྡེབས་པའི་ཟླུམ་གཟུགས་ཀྱི་འོད་སྣང་དེ་ཚོ་ཡིན། གཟི་བྱིན་འགྱུར་བ་མེད་པར། དུས་ཚིགས་དབྱེ་བ་མེད་པར། སྔ་དགོང་གང་རུང་ལ་དྲོ་གྲང་རེས་མོས་སུ་འཁོར་ནས། ལྡུམ་ར་ཞིག་ལ་སྐྱེས་སྟོབས་ཀྱི་དཔལ་ཡོན་བསྩལ།དེ་ལྟ་ན་ཡང་། མྱི་ཁ་ནི་ལྷགས་རླུང་གི་རལ་གྲི་ཞིག་དང་འདྲ་བར། བདག་གི་ལུས་ཕུང་ལྗོན་ཤིང་གི་ཡལ་འདབ་དང་ལྷག་བསམ་གྱི་ལོ་མ་རེ་རེ་ཕངས་མེད་དུ་གཞོགས་དུས། ན་ཟུག་གི་ཚོར་བ་ཡོད་ཀྱང་། བཟོད་སྒོམ་གྱི་རིལ་བུ་རེ་རེ་མཆི་མས་མིད་དགོས་བྱུང་། 

ད་དུང་ཡང་། བདག་ནི་རི་ཁའི་ལྷགས་རླུང་ཟས་སུ་འགམ་པའི་དར་ལྕོག་ཁེར་རྐྱང་ངམ། བྲག་ངོས་ཉི་ཤིག་བརྩོན་པས་འཐུ་བའི་གསོམ་སྡོང་ཁེར་སྐྱེས་ཤིག་གི་ཚུལ་གྱིས། སེམས་འདུན་གྱི་འབོད་སྐུལ་ཅིག་གམ། ཤེས་རྟོགས་ཀྱི་གྲིབ་བསིལ་རེ་ཐོབ་ན་སྙམ་གྱིན་ཡོད། 

  བདག་གིས། མཚན་སྙན་གྱི་ཞྭ་མོ་ཞིག་གྱོན་འདོད་མེད་ལ། རྒྱུ་འབྱོར་གྱི་སྐ་རགས་ཤིག་དེ་བས་ཀྱང་བཅིངས་འདོད་མེད། བདེན་དོན་གྱི་ཤམ་ལྭ་ཞིག་གམ། རྣོ་ངར་གྱི་རལ་གྲི་ཞིག་ཐོབ་ན་སྙམ་བྱུང་།འཇིག་རྟེན་འདིའི་ངོ་བོར་གྱུར་བའི། དུས་རབས་འདིའི་ཁྲག་རྩར་འཐིམས་པའི། ན་ཟླ་ཚོའི་རྒྱན་ཆར་གྲུབ་པའི། གཡོ་སྒྱུ། ཚུལ་འཆོས། རྙིང་ཞེན། སྒྱིད་ལུག་གི་ཚོ་ཁག་དེར་སྒྲིབ་གཡོག་རྒྱག་འདོད། མྱི་ཁ། ཕྲག་དོག ཕྱོགས་ཞེན། ངན་སེམས་ཀྱི་དུག་སྡོང་དེ་ཚོ་ལེགས་པར་གཞོག་འདོད། 

ངའི་ནམ་རྒྱུན། སྙིང་ཉེ་བའི་གཅེས་ཕྲུག་དེ་ཚོ་ཡང་སྤྱོད་བཟང་གི་དྲི་ཞིམ་ཆིལ་ལེར་འཐུལ་བའི། ཤེས་རིག་གི་འདབ་གཤོག་ལྷུག་པོར་གྲོལ་བའི། ལེགས་ཉེས་ཀྱི་བླང་དོར་ཐོལ་གྱིས་ཕྱེས་པའི། མདངས་ལྡན་གྱི་པད་མ་རེ་རེ་ཡིན་ན་བསམ། །ད་ལྟ། ནམ་ཟླ་དགུན་ལ་ཉེ་ཡང་། ཤེས་རིག་གི་ལྗང་ལོ་སྔར་ལྟར་རྒྱས་ཆོག་ལ། གོ་རྟོགས་ཀྱི་ཆུ་མོའང་སྔར་ལྟར་བཞུར་ཆོག་པས། ང་ཡང་ཤེས་མེད་ཚོར་མེད་ཀྱིས་རྒས་མི་འདོད། ངས་ད་དུང་མིག་ཟུང་རིག་རིག་གིས་ཅེར་བའི། རྣ་བ་གྲོང་གྲོང་གིས་བླགས་པའི། སེམས་པ་ལྷུང་ལྷུང་དུ་གྱུར་བའི། གཅེས་ཕྲུག་གི་ཟེར་མ་རེ་རེ་སྲིད་པའི་ཡང་རྩེར་བསྐྱལ་དགོས། སྲིད་པའི་ཡང་རྩེ་ན། ང་ཚོས་ནམ་རྒྱུན་སྨོན་པའི་ཤམ་བྷ་ལ་ཡོད། བདེ་བ་ཅན་ཡོད། དག་པའི་ཞིང་ཡོད། ཐ་ན། འཚོ་བ་ཡོད། བགྲོད་ལམ་ཡོད། ཁ་ཟས་ཡོད། འཁོར་བ་ཡོད། ཆུང་མ་དང་བུ་ཕྲུག རྒྱུ་འབྱོར་དང་དབང་ཐང་རེ་རེ་དེ་རུ་ཡོད།

བསམ་ཞིང་བསམ་ན། ང་ཚོ་ནི་ཟམ་པ་རེད། བགྲོད་ལམ་རེད། ཤིང་རྟ་རེད། དུས་རབས་ཤིག་གི་སོར་རྩེ་ན། ང་ཚོ་འདི་ལྟར་ཟད་ཀྱིན་པ་སུ་ཡིས་ཚོར་རམ། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།