ཀྲུང་གོ་བོད་ཀྱི་དྲ་བ།

རང་ཁྱིམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇུ་སྐལ་བཟང་།

རང་ཁྱིམ་ནི་ཁང་པ་དང་སྦྲ་གུར་གྱི་སྡེ་ཚན་དེ་ཚོ་ཡིན་ལ། དེ་ཚོ་ཡང་མིན། རང་ཁྱིམ་ནི་ཅ་ལག་དང་ཡོ་བྱད་ཀྱི་ཚོགས་པ་དེ་ཚོ་ཡིན་ལ།དེ་ཚོ་ཡང་མིན། རང་ཁྱིམ་ནི་མི་ཡི་ས་བཅད་ཆུང་ངུར་བཅད་པའི་མཐར་ཐུག་ཅིག་དང་། རང་མོས་སྒོས་འཛུགས་སྒྲུབ་བྱས་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་ཡིན་ཞིང་། ཁྱིམ་ཚང་གྲངས་མེད་ཀྱི་ནང་ནས་གདམ་ང་མ་བྱས་པར་ཁྱོད་ལ་ལས་དབང་གིས་ཐོབ་པའི་བགོ་སྐལ་ཞིག་ཡིན།དེ་ནི་དགའ་སྐྱོ་མཆུ་སྒྲོས་ཀྱིས་བཏུས་ཏེ་སྡོང་མགོ་རུ་གོར་གོར་དུ་བརྩིགས་པ་ཞིག་ཡིན་ལ། སྐྱོ་ངལ་སྤར་སེན་གྱིས་བྲད་དེ་རི་འདབས་སུ་ཀོང་ཀོང་དུ་བྲུས་པ་ཞིག་ཡིན་ཞིང་།མི་རབས་ནས་མི་རབས་བར་མཇུག་མི་སྒྲིལ་པའི་བཟོ་བཀོད་ཆུང་ཆུང་ཞིག་ཡིན།

རང་ཁྱིམ་ནི་རྒྱ་མཚོའི་ཀློང་ན་སྐྱོད་པའི་གཡོར་གྲུ་དཀར་པོ་ཞིག་ཡིན་ལ། ནམ་མཁའི་དབྱིངས་སུ་འཚེར་བའི་སྐར་ཕྲན་འོད་ཅན་ཞིག་ཡིན། ཡང་ན་དེ་ནི་རང་དབང་དང་འདྲ་མཉམ་གྱིས་བསྒྲེངས་བའི་དར་ཆ་ཞིག་གམ།དར་ཆ་དེའི་འོག་གི་དམ་བཅའ་དང་བསྒྲགས་གཏམ་ཞིག་ཡིན།

རང་ཁྱིམ་ནི་ཕྱི་ནས་བལྟས་ཚེ། སྔོ་རྒྱང་རྒྱང་དུ་འཕྱུར་བའི་དུ་བའི་འབོད་པ་ཞིག་ཡིན་ཞིང་།ནང་དུ་སླེབས་ཚེ་རློན་ཐོལ་ཐོལ་དུ་ལངས་བའི་དྲོད་རླངས་ཀྱི་དགའ་བསུ་ཞིག་ཡིན། འོན་ཀྱང་དེ་ཡང་མཐར་གཏུགས་ན་རང་ཁྱིམ་ནི་སེམས་པ་ལྷོད་ལ་ཕབ་སྟེ་གཉིད་སའི་ཁྲི་ཆུང་ཆུང་ཞིག་ཡིན།

མི་ཡུལ་ན་ཆེས་བྱམས་བརྩེ་ལྡན་པའི་དབུ་སྐྲ་དཀར་པོ་ཅན་ཞིག་གིས་འདི་ག་ནས་ཁྱོད་ཀྱི་གོམ་སྒྲ་ལ་ཞིབ་ཉན་བྱེད་བཞིན་བསྒུག་ཡོད། ས་སྟེང་ན་ཆེས་སྙིང་དུ་སྡུག་པའི་མིག་འབྲས་དྭངས་མོ་ཞིག་འདི་ག་ནས་ཁྱོད་ལ་སྔོན་བསུ་བྱེད་པར་རྒྱུག་འོང་ལ།འཇིག་རྟེན་ན་ཆེས་ཡི་གར་འོང་བའི་འཛུམ་དཀར་གསར་བ་ཞིག་འདི་ག་ནས་ཁྱོད་ལ་སྒོ་གླེགས་ཕྱེ་བར་འོང་།

ཁྱོད་ཀྱིས་ངལ་དུབ་དང་སུན་སྣང་རྒྱབ་གང་འཁྱེར་ཡོང་སྟེ་རང་ཁྱིམ་གྱི་སྒོ་དྲུང་དུ་ལྗིད་ལྟིག་གེར་དབོ་ཆོག་ལ། གླེང་བརྗོད་དང་འཁང་རུམ་གང་འཁྱེར་ཡོང་སྟེ་རང་ཁྱིམ་གྱི་གྲུ་ག་རུ་རྡུལ་ཉུལ་ལེར་བྱོ་ཆོག་ཆོག་ཡིན་ཏེ། ཁྱོད་ནི་རང་ཁྱིམ་གྱི་ཆེས་དྲོ་སའི་སྒྱེད་རྩ་རུ་དཀྱིལ་ཀྲུང་དུ་སྡོད་པའམ་ཆེས་བདེ་སའི་འབོལ་ཁྲི་རུ་བྱམས་འདུག་ཅིག་བྱས་ཏེ། གསོལ་ཇ་ཚ་མོ་ཕོར་བ་གང་འཐུང་བའི་ཞར་ལ་དེ་རིང་གི་བྱུང་བ་ཐམས་ཅད་ལྷག་མེད་དུ་ཐེངས་ཤིག་བརྗོད་ཚེ། མིག་ཟུར་གྱིས་བགོས་པའི་མནོལ་གྲུབ་ཡོད་ཚད་རང་ཤུགས་ཀྱིས་སངས་ཏེ་འགྲོ་ཞིང་། ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་ཡོད་ཚད་རང་ཤུགས་ཀྱིས་སོས་ཏེ་འགྲོ།

རང་ཁྱིམ་སྟེ།འདི་ཉིད་ཁོ་ནར་སྐ་རག་དང་ངོ་གནོང་ལྷན་ཅིག་བཀྲོལ་ཏེ་ལུས་སེམས་བདེ་འཇགས་སེ་ཆེ་འདུག་བྱས་ཆོག་ལ།རྫུ་བག་དང་ལྷམ་ཀོག་མཉམ་དུ་ཕུད་དེ་རྐང་རུལ་བཀྲུས་ནས་གློ་ཉལ་ཡང་བྱས་ཆོག ཡོད་ན་ཚོན་པོ་གཞན་ལ་མི་སྟེར་བར་འདི་ནས་ཟ་ཆོག མེད་ན་སྐྱོ་མ་མི་ཡིས་མི་མཐོང་བར་འདི་ནས་ལྡག་ཆོག

རང་ཁྱིམ་སྟེ། འདི་ཉིད་ཁོ་ནར་ཁྱོད་ཀྱི་སྐད་ཆ་ལ་ཟིན་བྲིས་འདེབས་མཁན་མེད་པས། ཐ་སྙད་ལ་སྒྲོས་ཉམས་འདོད་མི་དགོས་པར་གང་དྲན་ཐོལ་བྱུང་དུ་སྨྲ་ཆོག་ལ།ལུས་ན་སར་རེག་པ་དང་། སེམས་ན་སར་ཤོད་པའི་དཔེ་ལྟར།ཡུལ་གཉན་པོ་དང་མི་ཆེན་པོ་ནང་དུ་འདུ་བའི་རང་གཞན་སུ་ལའང་འཁང་ཚིག་དང་ལེ་འདེད་བྱུང་རྒྱལ་དུ་བྱེད་ཆོག་ཅིང་། ཐ་ན་ཕྱི་ཡུལ་དེ་ནང་ལ་བསྔོག་ཀྱང་མི་ཆོག་པ་མེད་ལ། དགོས་དབང་གིས་མིག་ཆུ་ཤམ་ཤམ་དུ་གཏོང་ཆོག་པ་དང་། ཀྱལ་ཀ་དང་གཡེར་བག་སོགས་ཀྱང་གང་འདོད་དུ་བྱེད་ཆོག

རང་ཁྱིམ་སྟེ།འདི་ཉིད་ཁོ་ནར་འགྲོ་གྲོན་དང་ཡོང་འབབ་ལ་འཛིན་ཡིག་མི་དགོས་པས། ཁྱོད་ཀྱིས་འདོད་ན་ཉོ་བའམ།མ་འདོད་ན་མ་ཉོས་ཀྱང་ཆོག་སྟེ། གསོག་འདོད་ན་གསོག་ཅིང་། བརླག་འདོད་ན་བརླག་ཀྱང་ཆོག

ཡང་ན་རང་ཁྱིམ་ནི་ཁྱོད་ལ་དབང་བའི་ཤོག་དཀར་ཐ་གང་སྟེ།དེ་ལ་ཁྱོད་ཀྱིས་ཅི་ཞིག་འབྲི་བའམ་ཅི་ཞིག་འགོད་པའམ། གང་ལྟར་བསུབ་ཀྱང་ཆོག་སྟེ། ཁ་བྱང་གཏན་ཁེལ་མེད་ཅིང་ཐོབ་སྐར་རྒྱག་མཁན་ཡང་མེད།

འདི་ཉིད་མེད་ན་ཁྱོད་ནི་ནམ་ཡང་འདྲ་འབག་གྱོན་མཁན་ཞིག་ཡིན་ཞིང་། འདི་ཉིད་མེད་ན་ཁྱོད་ནི་གཏན་དུ་ལྕགས་སྒྲོག་ཏུ་ཚུད་པའི་བཙོན་མ་ཞིག་ཡིན།དེས་ན། འདི་ནི་ཁྱོད་ཀྱིས་མི་ཡུལ་འདི་རུ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཞིང་། འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ལགས།

ཀྱེ་མ། འདི་ན་ཁྱོད་ཀྱི་དགའ་སྐྱོ་ཡོད། ཆགས་སྡང་ཡོད། དགོད་སྒྲ་ཡོད། མིག་ཆུ་ཡོད། འདི་ན་ཁྱོད་ཀྱི་རྨི་ལམ་ཡོད། བསམ་གཞིག་ཡོད། རྔུལ་ཆུ་ཡོད། རྗེས་ཤུལ་ཡོད། ད་དུང་མཚན་མོའི་གཉིད་ཀྱི་སྔུར་སྒྲ་དང་། ཉིན་མོའི་གཟུགས་ཀྱི་གྲིབ་མའང་ཡོད། བཙལ་བཙལ་བའི་མཐར་ཁྱོད་ཀྱིས་འདི་ལས་གཞན་ཞིག་མ་རྙེད། དཔྱད་དཔྱད་པའི་མཐར་ཁྱོད་ཀྱིས་འདི་ལས་ཅི་ཡང་མ་རྟོགས། སོང་སོང་བའི་མཐར་ཁྱོད་ནི་འདི་ལས་གང་དུའང་མ་ཕྱིན། འདི་ནི་ཁྱོད་ཀྱིས་མི་ཡུལ་འདི་རུ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཞིང་། འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་འཐོབ་པའི་བདེ་སྐྱིད་ལགས།

ཁྱོད་ཀྱིས་ད་དུང་འདི་ནས་ཚེ་སྲོག་ཆུང་ཆུང་ཚོ་གཤོག་འོག་ཏུ་དྲོད་ཁོལ་གྱིས་སྙོར་དགོས་པས།རང་ཁྱིམ་ནི་ཁྱོད་ཀྱི་འདབ་ཆགས་དག་གི་ཚང་མལ་ཡིན། ཁྱོད་ཀྱིས་ད་དུང་འདི་ནས་དུངས་སེམས་འཇམ་པོ་ཞིག་ལ་མཛའ་མཐུན་གྱིས་བྱབ་བྱབ་བྱེད་དགོས་པས། རང་ཁྱིམ་ནི་ཁྱོད་ཀྱི་གཟན་གཟན་དག་གི་ཁུང་བུ་ཡིན། ཁྱོད་ཀྱིས་ད་དུང་འདི་ནས་རི་འཁྱར་དུ་ཕྱིན་པའི་སེམས་པ་ལྡོམ་པོ་ཞིག་ལ་རྒྱང་རིང་གི་གཡབ་མོ་བྱེད་དགོས་པས། རང་ཁྱིམ་ནི་ཁྱོད་ཀྱི་རི་དྭགས་ཚོ་ཡི་གནས་མལ་ཡིན། ཁྱོད་ཀྱིས་ད་དུང་འདི་ནས་ནར་མ་སོན་པའི་ལས་དབང་ཉམ་ཐག་ཅིག་ལ་ཡང་ཡང་འབོད་སྐུལ་གཏོང་དགོས་པས།རང་ཁྱིམ་ནི་ཁྱོད་ཀྱི་བྱ་བའི་ལས་གནས་ཀྱང་ཡིན།

འོ་ན། ཁྱོད་ལ་འཇིག་རྟེན་ཁམས་ཀྱི་རྙེད་པ་ཆུང་ཆུང་འདི་གཏན་དུ་འཐོབ་པའི་རྟེན་འབྲེལ་ཞུ་ཞིང་། ཆེས་མཐའ་མཇུག་གི་རང་དབང་ཕྲན་བུ་འདི་དང་ཡུན་རིང་མི་འབྲལ་བའི་སྨོན་ལམ་ཞིག་ཀྱང་འདེབས་སོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།