ཀྲུང་གོ་བོད་ཀྱི་དྲ་བ།

སྦྲ་ནག་གི་གྱེས་འབོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇུ་སྐལ་བཟང་།


ཨེ་མ། སྦྲ་ནག་ལགས། ཉིན་འདི་དག་རིང་ངའི་བརྩེ་དུངས་ཀྱི་ཆུ་ཁ་ན་རྦ་རླབས་བཞིན་འཕྱོ་བ་སྦྲ་ནག་ཁྱོད་ཡིན་ཅིང་། ངའི་བསམ་གཞིག་གི་རི་རྩེ་ན་སྨུག་སྤྲིན་བཞིན་འཐིབ་པ་སྦྲ་ནག་ཁྱོད་ཡིན་ལ། ངའི་རྨི་ལམ་གྱི་བང་རིམ་ན་ཉི་གྲིབ་ལྟར་གཡོ་བའང་སྦྲ་ནག་ཁྱོད་ཡིན། ངས་ཁྱོད་ཀྱི་བྱུང་བ་འཚོལ་ཕྱིར་ཡ་ཐོག་དང་པོའི་ཁྱུང་སྒོང་གི་སྲུབས་ཀ་ཡང་ཡང་ཉུལ་ཅིང་ལྷ་སྒྲུང་དང་ངག་རྒྱུན་གྱི་མགོ་ཁུངས་སུ་རྒྱང་སྐྱོད་དང་འགྲུལ་བཞུད་ཐེངས་མང་བྱས་ལ། ལོ་རྒྱུས་ཀྱི་ཐེམ་པ་དག་ལ་གཏོལ་མེད་ཀྱི་རྔམ་རྒྱུག་མང་དུ་བྱས། གྲགས་ཚོད་དུ་ཁྱོད་ནི་སྲིད་པའི་མི་བུ་ཆེན་པོའི་སྨྲ་ར་སྤྲུགས་པ་ལས་ཐོར་ཟེར་ཞིང་། གདོད་མའི་དམུ་ཐག་རིང་མོའི་སྐས་གདང་ལས་བབས་ཟེར། ཨ་མ་བྲག་གི་སྲིན་མོའི་དབུ་སྐྲ་ལ་རྒྱུ་བྱས་ནས་བཏགས་ཟེར་ཞིང་། ཕ་ཅིག་བྱང་སེམས་སྤྲེའུའི་ནགས་ཀྱི་སྤྱིལ་བུ་ལ་དཔེ་དྲས་ནས་ཕུབ་ཟེར། གཞན་ཡང་བཙན་པོ་དམག་གི་རྒྱལ་པོའི་རུ་དཔུང་དུས་ཀྱི་མཐར་ཡང་མ་བསྡུས་པ་ཡིན་ཀྱང་ཟེར།

ངས་ཁྱོད་ཀྱི་བྱུང་བ་ཞིབ་པར་སྨྲ་བར་རྔོ་མ་ཐོགས་མོད། གང་ལྟར་ངས་ད་ལྟའི་ཁྱོད་ཉིད་ངོ་ཤེས། ང་ད་ལྟའི་ཁྱོད་ལ་རྒྱུས་ཆེ། ཁྱོད་དང་པོ་མདོ་དབུས་མཐོ་སྒང་གི་སྲུབས་ཀ་དག་ནས་ནགས་ཕྲན་གྱི་འོད་ཁང་བཞིན་བརྡོལ་ཡོང་བ་ནས་བཟུང་རིམ་གྱིས་རི་ཆེན་གྱི་འདབས་དང་མཚོ་ཆེན་གྱི་འགྲམ། ཐང་ཆེན་གྱི་མདོ་དང་ལམ་ཆེན་གྱི་འཁྲིས། གཙང་པོའི་རྒྱུད་དང་མེ་ཏོག་གི་ཚལ་སོགས་སུ་བཅུ་ནས་བརྒྱ་དང་བརྒྱ་ནས་སྟོང་། སྟོང་ནས་ཁྲི་དང་ཁྲི་ནས་འབུམ་དུ་གྱེས་ཏེ། ས་སྒང་གི་གླིང་སྣེ་གསུམ་པ་ན་ཐིག་ལེ་བཞིན་བཀྲ་ཞིང་བྱ་ཚོགས་ལྟར་འཚུབ། ཡིན་ཏེ། ཁྱོད་ཀྱིས་ནོར་ནག་གི་ཞོལ་རྩིད་ལས་ཚེ་སྲོག་རྙེད་པ་ནས་བཟུང་ཁྱོད་རང་མཐོ་སྒང་གི་ཉི་འོད་ཀྱིས་བསྐྱངས་ནས་ནར་སོན། ཟླ་འོད་ཀྱིས་བསྲུངས་ནས་འཚར་ལོངས་བྱུང་། ཁྱོད་ནི་འགྲོ་བ་མིའི་རིགས་ཀྱི་གསར་གཏོད་ཆེན་པོ་ཞིག་སྟེ། ང་ཚོའི་མེས་པོ་གོང་མ་ཚོའི་བློ་གྲོས་ཀྱིས་བཏགས་ཤིང་། ཤེས་རབ་ཀྱིས་བཟོས་ལ། བརྩོན་འགྲུས་ཀྱིས་ཕུབ། མཐོ་སྒང་ས་ཆེན་གྱིས་ཁྱབ་ཚད་ལ་རེ་སྦྲ་སྨུག་པོས་ཞབས་ཀྱིས་བཅགས་ཤིང་། ཁྱོད་ཀྱི་ཞབས་རྗེས་ཀྱིས་ཟིན་ཚད་ལ་བདག་གི་རིགས་རྒྱུད་སྨུག་པོའི་གཏམ་རྒྱུད་ཀྱིས་ཁྱབ་པར་གྱུར།

དེ་ནས་བཟུང་ཁྱོད་དང་བོད་མིའི་ཁྲག་རྒྱུན་གཅིག་ཏུ་འདྲེས་ཤིང་། ཁྱོད་དང་བོད་མིའི་སྐྱིད་སྡུག་ལྷན་དུ་འབྲེལ་ལ། ཁྱོད་དང་བོད་མིའི་ལས་དབང་མཉམ་དུ་བསྡེབས་ཏེ། ཁྱོད་དང་བོད་མི་ཁ་བའི་ལྗོངས་ལ་སྨོན་ལམ་མཉམ་དུ་ཐེབས། དེའི་ཕྱིར་ང་ནི་ཁྱོད་ལ་དགའ་དགའ་སུ་ལའང་མི་དགའ། ཁྱོད་ལ་འཁྲེང་འཁྲེང་སུ་ལའང་མི་འཁྲེང་། ད་ལྟ་བོད་མི་ཚོ་སྔར་ལྟར་སྡོད་བཞིན་ཁྱོད་རང་གང་ཞིག་ཏུ་ཕེབས་འགྲོ་ཟེར་བའི་འཆལ་གཏམ་དེ་དག་ལ་ང་ཡེ་ནས་ཡིད་མི་ཆེས། ཁྱོད་ཀྱིས་གངས་ཅན་ལྗོངས་ལ་སྙན་སྒྲོན་ཙམ་ཡང་མེད་པར་རང་ཐག་བཅད་དེ་བུད་འགྲོ་ ཟེར་བ་ལ་ང་གཏན་ནས་ཡིད་མི་ཆེས།

འོན་ཀྱང་། འོན་ཀྱང་ད་ལྟ་ང་ཡིས་ཁྱོད་རང་མཐོང་བ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་འདི་ཅི་ཡིན། ད་ལྟ་བདག་གིས་ཁྱོད་རང་མཐོང་བ་ཙམ་ཡང་དཀའ་བར་གྱུར་པ་འདི་ཅི་ཡིས་ལན།

སྦྲ་ནག་ལགས། ཁྱོད་ཀྱིས་ཤེས་ཏེ། དེ་སྔོན་ཁྱོད་ནི་ང་ཚོར་མཚོན་ན་རང་ཉིད་སྡོད་སའི་གནས་ཚང་ཡིན་ལ། གཞན་ལ་ངོམ་བྱའི་ཁྱད་ཆོས་ཡིན། ད་དུང་བཟའ་ཁང་ཉལ་ཁང་མགྲོན་ཁང་ཡིན། མཆོད་ཁང་ཚོགས་ཁང་སློབ་ཁང་ཡིན། ད་དུང་ལས་གནས་ཡིན། གར་སྟེགས་ཡིན། འཁོར་བ་ཡིན། འཇིག་རྟེན་ཡིན། དར་ཆ་ཡིན། ཐ་ན་ཚེ་སྲོག་ཡིན། ཡིན་ཏེ་སྔོན་ཆད་ང་ཚོའི་ཕ་མེས་ཀྱི་མགོ་རུས་འཇོག་ས་དང་བུས་ཕྲུག་གི་ལྟེ་ཐག་གཅོད་སའང་སྦྲ་ནག་ཁྱོད་ཀྱི་སྐྱབས་འོག་ཡིན། དགྲ་བྱུང་ན་སྲོག་བསྡོས་ཀྱིས་བསྲུང་བྱ་དང་། གྲོགས་འོང་ན་དགའ་འཛུམ་གྱིས་བསུ་གནས་ཁྱོད་ཡིན་ཅིང་། ལ་ནས་བུད་ཚེ་དང་པོ་བལྟ་ས་ཡིན། ལུང་ནས་འོང་ཚེ་ཐོག་མར་འབོད་ས་ཁྱོད་ཡིན། ཁྱོད་མཐོང་ན་སེམས་རྩ་དྲོད་ལམ་མེར་འགྲོ་ཞིང་། མ་མཐོང་ན་ཡིད་ཁོང་གཅོང་ལྷང་ངེར་ཡོད། ད་དུང་ཁྱོད་ནི་ནག་ཆུང་ནོར་གྱི་འཁྲི་ཡུལ་དང་། གཡང་དཀར་ལུག་གི་འཁོར་ས། འདོ་བ་རྟ་ཡི་མིག་རོགས། མདོར་ན་ཡོད་པས་གཅིག་ཆོག མེད་ན་ཐབས་མེད་ཁྱོད་རང་ཁོ་ན་ཡིན། གཡུ་སྦྲང་མཐིང་ཤོག་གོང་དགུ་ཁྱོད་ཡིན་ལ། སྦྲེའུ་ཙེ་སྐར་མ་སྟོང་ཤར་ཡང་ཁྱོད་ཡིན། ཕྱུག་པོ་ལྷུན་གྲུབ་རྒྱ་མཚོ་ཚང་ཁྱོད་ཡིན་ལ། སྤྲང་པོ་ཨ་སྐྱ་ཚེ་རིས་ཚང་ཁྱོད་ཡིན། བླ་མ་བསྟན་འཛིན་ནོར་བུ་ཚང་ཁྱོད་ཡིན་ལ། དཔོན་པོ་དབང་ཆེན་སྟོབས་ལྡན་ཚང་ཁྱོད་ཡིན། ཨ་ཁུ་ཁོན་ཐར་རྒྱལ་ཚང་དང་ཨ་ནེ་ལྕགས་མོ་ཐར་ཚང་ཡང་ཁྱོད་ཡིན། མཐོ་སྒང་གི་བོད་པར་མཚོན་ན་སྡེ་བ་སྡེ་བ་ཟེར་ཡང་བསྟན་དོན་ཁྱོད་ཡིན། ཕ་ཡུལ་ཕ་ཡུལ་ཟེར་ཡང་འབབ་ས་ཁྱོད་ཡིན་ཏེ། ཁྱོད་ནི་བོད་མི་རིགས་ཀྱི་ཆེས་ཐུན་མོང་མིན་པའི་བྱུང་བ་ཁྱད་པར་བ་ཞིག་གོ དེས་ན་ཁྱོད་ནི་ང་ཚོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ན། ཁྱོད་ཀྱིས་ང་ཚོའི་ཐམས་ཅད་ནས་ཐམས་ཅད་ཁྱེར་ཏེ་ཕེབས་འགྲོ་ཟེར་བ་ཅི་ལ་བདེན།

ཀྱེ་ཀྱེ་སྦྲ་ནག ངས་དྲན་སྣང་གི་རི་ཚོགས་ལས་ཁྱོད་ལ་རྒྱང་ལྟ་བྱས་ཚེ། ཁྱོད་ནི་རྩྭ་ཐང་ན་ཤེའུ་ཐིག་ལྟར་བཀྲ། ལྷས་འདབས་ན་ལྦུ་བ་བཞིན་བརྡོལ། སྤྲིན་ནག་གི་ཕུང་བོ་བཞིན་གཞོང་ན་འཁྱིལ། རི་ནག་གི་ཟེ་བ་བཞིན་སྒང་ན་མངོན། བྲག་ནག་གི་དུམ་བུ་བཞིན་ས་རུ་ཟུག གྲིབ་ནག་གི་ཁུགས་སོ་བཞིན་འཕྲེད་དུ་གཡོ། དཔྱིད་དུས་སོས་རླུང་དར་མའི་གཡེར་བག་ཁྲོད་གཞོན་ནུ་མའི་ཕྲག་ལྟག་ན་རང་སྣང་གིས་འཕྱོ་བའི་སྐྲ་ལེབ་མོའི་མཛེས་སྡུག་བཞིན་མཉེན་ལྕུག་གི་འདར་ཡོམ་ཁྱོད་ཀྱིས་བསྟེན་ཅིང་། དབྱར་དུས་མུ་མཐའ་བྲལ་པའི་སྔོ་ལྗང་གི་རླབས་རྩེ་ན་སྐོར་ཚོ་དང་སྐོར་ཚོ་བྱས་ཏེ་མིག་སྨན་ནག་པོའི་མདངས་ཀྱིས་ཁྱོད་ནི་འཕྱོ། སྟོན་དུས་ཤ་མར་འོ་ཞོའི་བཟི་ཁའི་ཁྲོད་རུས་སྦལ་རྒྱ་བོ་འདམ་དུ་བྱིང་བ་བཞིན་ལྷས་རྩྭ་ཡི་འབོལ་མཉེན་ཁྲོད་ན་ཁྱོད་རང་བསྲན་ཚུགས་ཀྱིས་འགྱིང་། འདབ་དྲུག་ཁ་བ་དཀར་པོའི་མེ་ཏོག་གིས་རི་ལུང་ཀུན་ནས་གཡོགས་པའི་དགུན་གྱི་དུས་ནའང་ཁྱོད་ཉིད་དུ་བ་སྔོན་མོའི་ཐོར་ཚུགས་དང་བཅས་བྱང་ཐང་དུ་བཏབ་པའི་མེ་བཙའ་བཞིན་ཐར་ཐོར་དུ་མཐོང་བ་བདག་གི་སྣང་ངོར་ནོར་བུ་སྨུག་པོའི་ཕྲ་ཚོམ་ལྟར་མཛེས། ཉིན་མོ་ཁྱོད་ཀྱི་མཐོངས་ཀ་ནས་གྱ་གྱུར་འཕྱོ་བའི་དུད་པ་མཐིང་སྔོན་དེས་མཐོ་སྒང་གི་ནམ་མཁའ་ལ་མཛེས་སྡུག་གི་རི་མོ་འབྲི་བ་དེ་ང་ཚོའི་རྟོག་འཆར་དང་ཕུགས་བསམ་ཡིན་ལ། མཚན་མོ་ཁྱོད་ཀྱིས་མར་མེ་ཆུང་ཆུང་ཞིག་དྲོད་ཁོལ་གྱིས་རུམ་སྟེ་ལྷིང་འཇགས་ངང་གཉིད་དུ་ཡུར་བ་དེ་ང་ཚོའི་ཞི་འཇགས་དང་ལྷོད་བག་ཡིན།

འོ་ན་སྦྲ་ནག་ལགས། ད་ནི་མཛེས་སྡུག་གི་ལྗོངས་བཀོད་དང་ཉམས་དགའ་ཡི་ཚོར་བ་དེ་ཚོའང་ཁྱོད་ཉིད་གཅིག་པུས་བསྣམས་ཏེ་ཕེབས་འགྲོ་ཟེར་བ་བདེན་ནམ། གསུང་རོགས་གནོངས་དང་སྦྲ་ནག་ལགས། ཉེ་བར་བཅར་ཚེ། ངས་ཁྱོད་ཀྱི་མཐིང་ནག་གི་ཟབ་བརླིང་དེ་ལས་ཨ་ཁུ་སྒ་བདེ་བེར་ནག་གི་ཟིལ་ཤུགས་ཤིག་མྱངས་འོང་ཞིང་། ཁྱོད་ཀྱི་གནག་སྣུམ་གྱི་མཉེན་ཤ་དེ་ལས་ཨ་ཅེ་འབྲུག་མོའི་སྐྲ་ལོ་ཡི་མཛེས་སྡུག་དང་དྲི་བསུང་དེ་ཚོར་འོང་། ངས་ཁྱོད་ལ་བལྟས་ཀྱིན་བལྟས་ཀྱིན་བྱི་རུ་དམར་པོའི་སྐྲ་རྒྱན་ཅན་གྱི་གཞོན་ནུ་མ་ཞིག་སིལ་ལེར་ལྡེམ་མེར་འཁྱུག་གེར་སྦྲ་སྒོ་ནས་ཕྱིར་བུད་འོང་བ་དྲན་འོང་ཞིང་། རྒྱ་སྟག་ལྟ་བུའི་ཕོ་གསར་ཞིག་གིས་རྟ་ཕོ་སྨུག་སྐྱ་ཤེའུ་ཐིག་ཅན་ཞིག་སྒ་སྲབ་ཤ་ལེར་རྟ་ཕུར་ལ་བཏགས་ནས་ཁྱིམ་དུ་འཛུལ་འགྲོ་བ་རིག་འོང་། ངས་དེ་ལྟར་བསམས་ཀྱིན་ནེའུ་སྐྲ་ནག་པོ་སོག་འདབས་སུ་བསླེབས་པའི་འབྲོག་ཕྲུག་ཆུང་ཆུང་གིས་གིས་སྦྲ་འདབས་ན་ལུ་གུའི་མེ་ཏོག་འཐུ་བཞིན་པ་མངོན་འོང་ཞིང་། སྦྲ་འདབས་ཡར་བཀྱགས་པའི་བསིལ་འོག་ན་བགྲེས་པོ་སྨ་ར་དཀར་པོ་ཅན་ཞིག་གིས་བགྲང་ཕྲེང་འདྲེན་བཞིན་པའང་སྣང་འོང་།

ཀྱེ་མ་ངས་ད་དུང་ཅི་ཡང་དྲན་འོང་བས་ངས་ཅི་ཡང་བསམ་མི་ཕོད་པར་བརྩེ་དུངས་ཤུགས་དྲག་ཏུ་འདྲེས་པའི་བསམ་གཞིག་དེ་དཔྱོད་ཤེས་རྣལ་མའི་རལ་གྲི་ཡིས་དེ་མལ་དེ་ཚིགས་སུ་གཏུབ་དགོས་བྱུང་། གཅིག་ཏུ་ན་ཁྱོད་ཀྱི་སྦྲ་རྩེ་ན་ལྷ་འཁོར། སྦྲ་སྐེད་ན་གཡང་ཆགས། སྦྲ་འགབ་ན་ཕྱུགས་ཉལ། ཀ་རྩེ་ན་བཙན་འཁྱུག ཀ་རྟིང་ན་ཀླུ་འཐིབ། ཡར་སྟོད་ན་བླ་སྤྲུལ་བྱིན་རླབས་ཅན་གྱི་ས་ན་ཌར་དྲིལ་གྱི་ཆོས་སྒྲ་ལྡིར་རེ། གཡས་ཁྱིམ་ཕ་ཁུ་དགྲ་ལྷ་ཅན་གྱི་ས་ན་རྫས་ཞག་གི་རྔམ་པ་ཐིབས་སེ། གཡོན་ཁྱིམ་མ་སྲུ་ཟས་གཡང་ཅན་གྱི་ས་ན་འོ་ཞོ་རྒྱ་མཚོ་ལྟེམས་མེ། ད་དུང་ཤར་གྱི་སྟག་སྐྱ་བོ་ཚེ་འཛིན་སྒྲོལ་མའི་དར་ཅོག ལྷོ་ཡི་གཡུ་འབྲུག་སྔོན་མོ་དྭངས་བསིལ་ཆུ་ཡི་ཟོ་བ། ནུབ་ཀྱི་བྱ་དམར་པོ་ཀོང་ཆུང་མར་ཁུའི་སྒྲོན་མེ། བྱང་གི་རུས་སྦལ་སེར་པོ་ཨ་ག་རྡོ་བའི་ལག་སྐོར། ད་དུང་ས་ཐབ་དང་བསང་ཁྲི། ནས་རྩིག་དང་ཇ་སྒམ། སྟོད་ཁྱིམ་ན་བོའུ་འགེལ། མར་ལོགས་ན་སྲབ་གདང་། གཞན་ཡང་ཁྱོད་ཀྱི་གོང་ཁ་དང་ཟུངས་ཐིག ཁ་ཚུབ་དང་བྱ་བྲང་། ས་འཇུ་དང་ཕུར་ཟུངས། མདོར་ན་ཁྱོད་ཀྱི་ཐ་སྙད་གྲངས་མང་བ་དེ་ཚོ་ལེགས་པར་ཤེས་མཁན་ཡང་ས་སྟེང་འདི་ན་ང་ཚོ་ཁོ་ན་ཡིན་པས། གལ་ཏེ་ཁྱེད་ཉིད་ཕྱིར་འཁོར་མེད་པར་ང་ཚོ་དང་ཁ་གྱེས་ན་ང་ཚོས་ཐ་སྙད་དེ་ཚོ་སུ་ལ་སྨྲ། སུ་ཡིས་མཉན། གལ་ཏེ་ཁྱོད་མེད་ན་ང་ཚོས་འཚོ་གནས་ཀྱི་རྒྱབ་ལྗོངས་གསར་བ་གསར་དུ་འཚོལ་དགོས་པ་ལ་ཁྱོད་ཀྱིས་ཅི་མི་སྙམ་པ་ལགས་ཀྱང་། ཁྱོད་ཀྱིས་རང་ཉིད་ཀྱི་ལོ་ངོ་སྟོང་འགའི་ལོ་རྒྱུས་དེ་ཡང་འདི་ལྟར་རྟབ་རྟབ་པོར་མཇུག་སྒྲིལ་བར་བྱེད་པ་ལ་ཕངས་སེམས་ཤིག་མི་འཆོར་རམ་སྦྲ་ནག་ལགས། དེ་བཞིན་ཁྱོད་ཀྱང་ང་ཚོར་རྒྱུས་མངའ་སྟེ། དེ་སྔོན་བོད་མི་ས་ཡ་དུ་མས་ཁྱོད་ཀྱི་སྐྱབས་འོག་ནས་ཚེ་སྲོག་རྙེད་ཅིང་། བོད་ཕྲུག་ས་ཡ་མང་བོ་ཁྱོད་ཀྱི་རུམ་ནས་འཚར་ལོངས་བྱུང་།

རྒན་པོ་ཚོའི་གསང་གྲོས་ཁྱོད་ཀྱིས་གསན་ཡོད་ལ། གཞོན་ནུ་ཚོས་དུས་འདེབས་པ་ཁྱོད་ཀྱིས་གཟིགས་ཡོད། དེས་ན་དེ་སྔོན་ང་ཚོ་གཅིག་རྒྱུས་གཅིག་ལ་མངའ། གཅིག་རྒྱབ་གཅིག་ལ་བརྟེན། ད་ལྟ་ང་ཚོ་གཅིག་སེམས་གཅིག་ལ་ཐོགས། གཅིག་ཞེ་གཅིག་ལ་འཁྲེང་བཞིན་ད་དུང་བརྩེ་དུངས་ཀྱི་འབྲེལ་ཐག་མུ་ཏིག་དཀར་པོའི་ཕྲེང་བ་དེའང་ཐར་གྱིས་གཏོར་ཏེ་ཨུ་ཚུགས་ཀྱིས་ཕེབས་འགྲོ་དགོས་པ་འདི་ཅི་ནས་ཀྱང་བཟློག་ཏུ་མེད་དམ་སྦྲ་ནག་ལགས། ཡང་ན་དེ་ཡང་མིན་ཏེ། ཁྱོད་ཀྱི་ཀ་བ་ནི་རང་གཤིས་མི་འགྱུར་བའི་རྡོ་རིང་ཡིན་ལ། ཁྱོད་ཀྱི་ནང་ཐིག་ནི་མཛའ་མཐུན་མི་ཤིགས་པའི་ཕྱག་རྒྱ་ཡིན་ཅིང་། ཁྱོད་ཀྱི་ཆོན་ཐག་ནི་རྒྱལ་ཁམས་ཕྱོགས་མེད་ལ་བརྐྱངས་པའི་ཁ་བཏགས་ཡིན། ཁྱོད་རང་གཞི་རྒྱ་མི་ཆེ་བའི་ཉེས་མཚང་ཆེན་པོ་ཁྱོད་ཀྱིས་མི་ཁེབས་ལ། ཁྱོད་ལ་བུ་ག་མང་པས་ཁྱོད་ཀྱི་ཁོག་ཏུ་ལྐོག་གཡོ་ཆེན་པོ་ཤོང་ས་ཡེ་ནས་མེད། ཁྱོད་ཀྱི་སྦྲ་མིག་ཁྲི་སྟོང་ལས་མཁའ་དབུགས་ལ་བཙག་འདོན་ཐེངས་ཤིག་བྱས་ཚེ་ཐ་ཤལ་གྱི་གཏམ་སྤྱོད་དེ་ཚོ་ནང་དུ་འོང་བའི་གོ་སྐབས་ཤིན་ཏུ་ཕྲ། ཁྱོད་སྲབ་མཐུག་འཚམ་པས་མཛའ་བརྩེ་དང་དྲོད་ཁོལ་ཕྱི་རུ་བརྟོལ་ཐུབ་ཅིང་། ཉི་འོད་དང་བརྡ་འཕྲིན་ནང་དུ་འཛུལ་ནུས་པས། ཁྱོད་ཀྱིས་མི་ཚེ་ལ་སུན་སྣང་དང་གསོག་གསོབ་ཀྱི་ཚོར་བ་ནམ་ཡང་སྐྱེད་མི་སྲིད། ཁྱོད་ཀྱི་སྦྲ་མིག་གྲངས་མེད་ལས་བརྡོལ་བའི་དཔའ་བོའི་གཏམ་རྒྱུད་རིང་མོ་དེ་དྲ་བ་ནས་དྲ་བར་སྦྲེལ་ཏེ་ས་ཡི་གོ་ལ་ཧྲིལ་གྱིས་གཡོགས་ཤིང་། ཁྱོད་ཀྱི་བ་སྤུ་གྲངས་མེད་ལས་བབས་པའི་རིགས་དྲུག་རྒྱུད་ལྔའི་འགྲོ་བ་མ་ལུས་གཏན་དུ་བདེ་བའི་སྨོན་ལམ་རིང་མོ་དེ་མཐོ་སྒང་གི་སྒང་གཤོང་རིང་མོ་བརྒྱུད་མཐར་མཐའ་ཡི་རྒྱ་མཚོར་ཡུན་གྱིས་འགྲོ།

དེའི་ཕྱིར་ང་ནི་ཁྱོད་ལ་དགའ་དགའ་སུ་ལའང་མི་དགའ་ཞིང་། ཁྱོད་ལ་འཁྲེང་འཁྲེང་སུའང་མི་འཁྲེང་། འོན་ཀྱང་དུས་རབས་གསར་རྙིང་དབྱེ་བའི་ས་མཚམས་འདི་ནས་ཁྱོད་རང་ཅིས་ཀྱང་འགྲོ་དགོས་ལ། ང་ཡིས་མི་འདོད་བཞིན་དུ་སྐྱེལ་མ་བྱེད་དགོས་པ་འདི་ཅིའི་ཕྱིར། གསུང་རོགས་གནོངས་དང་སྦྲ་ཐག་ལགས། ངས་ལྷ་བསང་དང་པོ་ཁྱོད་ཀྱི་མཐོངས་ཀ་ནས་བཏང་ཡོད་པས་ཁྱོད་ཕེབས་ན་ཡུལ་ལྷ་ཚོའི་འཁུ་འཁྲིག་ཨེ་ཡོང་། ངས་སྲུང་འཁོར་གཉན་པོ་ཁྱོད་ཀྱི་ཟུངས་ཁ་རུ་བཏགས་ཡོད་པས་ཁྱོད་ཕེབས་ན་རྒྱལ་གདོན་གྱི་བྱད་ཁ་ཨེ་འཁོར། ད་དུང་ཁྱོད་ལ་ཕ་མེས་དགུ་བརྒྱུད་ཀྱི་སྲུང་མ་འཁོར་ཡོད། མ་སྲུ་བདུན་ཕྲུག་གི་ཕྱྭ་གཡང་བསྟིམས་ཡོད། ང་ནི་དོགས་ཀྱི། ང་ངོ་མ་དོགས་སོ།ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི། ཁྱོད་ནི་བརྩེ་དུངས་ཡོད་ཚད་ཀྱི་རྨང་ཆགས་ས་དང་མགོ་འཛིན་ས་ཡིན་ལ། རེ་སྨོན་ཡོད་ཚད་ཀྱི་གཞུང་རྟ་སྨིན་ས་དང་ཡལ་འདབ་རྒྱས་ས་ཡིན། ཡིན་ཏེ། ངའི་ལུས་པོ་ཆུང་ཆུང་དེ་དང་པོ་མི་ཡུལ་དུ་རྩུབ་ཧྲག་གེར་ལྷུང་ས་ཁྱོད་ཀྱི་ཐུ་འོག་ཡིན་ལ། རྐང་བ་ཆུང་ཆུང་དེས་དོགས་སྣང་དང་བཅས་འཁོར་བའི་རླབས་རྩེར་དང་པོ་ཚོད་མྱུལ་བྱེད་ས་ཁྱོད་ཀྱི་གུར་ཁང་ཡིན། ད་དུང་སེམས་པ་ཆུང་ཆུང་དེ་སྟིག་སྟིག་ལྡིང་བཞིན་མིག་ཞགས་ཤིག་གི་དྲ་རྒྱར་དང་པོར་ཐོགས་སའང་ཁྱོད་ཀྱི་གུར་ཁང་ཡིན། དེའི་ཕྱིར་བརྩེ་དུངས་ཀྱི་དབང་གིས་ངས་ཁྱོད་རང་གཏོང་མི་འདོད། “རྙིང་ཞེན”དང་བག་ཆགས་ཀྱི་དབང་གིས་ངས་ཁྱོད་ཉིད་གཏན་ནས་གཏོང་མི་འདོད། འོན་ཀྱང་ཁྱོད་ཉིད་འགྲོ་བར་ངེས། འགྲོ་བཞིན་འདུག ཆུང་བ་དག་ཀུམ་མེ་ཀུམ་མེར་འགྲོ་བཞིན་འདུག གཅིག་རྗེས་གཉིས་མཐུད་དུ་ཡལ་བཞིན་འདུག

འོན་ཀྱང…… ཀྱེ་ཀྱེ་སྦྲ་ནག་ལགས། ངས་ཁྱོད་ཀྱི་སྦྲ་འདབས་མེ་ཏོག་གི་ཐང་དུ་བཀོད་ཅིང་། སྦྲ་མཐའ་གནག་ཕྱུགས་ཀྱི་ཁྱུ་ཡིས་བསྐོར་ཏེ་ཁྱོད་ལ་སྤྲོ་བ་བཏེགས་ན་བདེ་སྐྱིད་ ཅིག་ཡིན་པ་མི་མཁྱེན་ནམ། ད་དུང་སྐྱོ་ཉམས་ཀྱིས་གང་དུ་ཕེབས། ངས་ཁྱོད་ཀྱི་སྦྲ་སྟེང་དུ་སྦྲང་ཆར་ཟིལ་བ་གཏིབས་ཤིང་། སྦྲ་འོག་ཞབས་ནས་བསང་དུད་ཀྱི་དྲི་བསུང་བསྐྱིལ་ཏེ་ཁྱོད་ལ་ཁམས་གསོ་ཞུ་ན་བག་དྲོ་ཞིག་ཡིན་པ་མི་མཁྱེན་ནམ། ད་དུང་བྲེལ་སྟབས་ཀྱིས་ཅིའི་ཕྱིར་ཕེབས། ངས་ཕུག་དར་ལ་ཨོཾ་ཡིག་གི་ཆོས་སྒྲ་འུར་འུར་དང་། སྒོ་དར་ན་ཧཱུཾ་ཡིག་གི་སྔགས་སྒྲ་དིར་དིར་ངང་ཁྱོད་ལ་རིམ་གྲོ་སྒྲུབ་ན་བདེ་འཇགས་ཤིག་ཡིན་པ་མི་ཚོར་རམ། ད་དུང་སྔངས་སྐྲག་གིས་ཅི་ལ་ཕེབས། ངས་ལུས་ངག་ཡིད་གསུམ་རྣམ་པར་དག་པས་ཁྱོད་ལ་བཞུགས་གསོལ་ཞུ་ན་ལྷག་བསམ་ཡང་དག་ཅིག་ཡིན་པ་དེ་ཡང་མི་མཁྱེན་ནམ། ད་དུང་བརྩེ་མེད་ཀྱིས་ཕེབས་འགྲོ་བ་ཅི། འོན་ཀྱང་འགྲོ་ཡི་རེད། གང་ལྟར་འགྲོ་ཡི་རེད། བཟློག་ཏུ་མེད་པའི་རྒྱུ་རྐྱེན་ཞིག་གིས་ཅིས་ཀྱང་འགྲོ་ཡི་རེད།

འོན་ཀྱང་ངས་ད་དུང་ཁྱོད་ཉིད་གཏོང་མི་འདོད། ངས་ཆོན་ཆེན་དང་ཆོན་ཆུང་དུ་མས་ཕྱོགས་བཞི་མཚམས་བརྒྱད་ནས་ཁྱོད་ཉིད་ས་ལ་བརྟད་དེ་བསྡད་ན་ཁྱོད་ད་དུང་བྲོས་སྟབས་ཀྱིས་འཆོར་དོན་ཅི་ཡིན། ངས་སྙིང་རྩ་དམར་པོས་ཁྱོད་དམ་དུ་བཅིངས་ཏེ་འཐེན་ན་ཁྱོད་ད་དུང་སྲོག་བསྡོས་ཀྱིས་ཕེབས་འགྲོ་དོན་ཅི་ཡིན། ད་ལྟ་ཁྱོད་སྲོད་ཀའི་ཉི་ཞུར་ཙམ་ལས་མི་མཐོང་ཚེའང་ང་བརྒྱལ་སྟབས་ཀྱིས་ས་ལ་འགྱེལ་ཏེ་ལག་སོར་གྱིས་རྩྭ་རོ་འབལ་བཞིན་ངུ་ངག་གིས་ཁྱོད་ཉིད་འབོད་ན་ད་དུང་གསན་པ་ཙམ་ཡང་མི་གནང་བ་འདི་ཅིའི་ཕྱིར། དངོས་གནས་ཁྱོད་རང་ད་ལྟ་ནས་བཟུང་རྣམ་ཤེས་རྟེན་མེད་ཞིག་ཏུ་གྱུར་ཏེ་མཐོ་སྒང་འདིར་ཡུན་རུང་འཁྱམ་མཐར། སྔོན་གྱི་བྱུང་བ་མང་བོ་ཞིག་དང་འདྲ་བར་གཏམ་རྒྱུད་སྙན་པོ་ཞིག་ཏུ་འགྱུར་འགྲོ་ཟེར་བ་བདེན་ནམ།

འོན་ཀྱང……འོན་ཀྱང་ཁ་དན་ཞིག་ནི་ཅིས་ཀྱང་གནང་རོགས་ཞུ་སྟེ། གལ་ཏེ་མི་ལོ་བརྒྱད་ཅུའི་མས་སྣེ་ནས་ང་གནས་འདིར་ལན་ཅིག་འོང་ན། དེ་དུས་ངས་ཁྱོད་ཀྱི་མིང་ནས་བཟུང་སྟེ་རྒྱང་འབོད་ལན་གསུམ་ཅིས་ཀྱང་བྱ་ཆོག་པར་ཞུ་ཞིང་། དེའི་ཚེ་ངས་ཁྱོད་ཀྱི་མིང་ཡིག་དེ་བོད་ཡིག་གིས་འབྲི་ཤེས་པའི་སྨོན་ལམ་ཞིག་ཀྱང་ཆབས་ཅིག་འདེབས་སོ། །

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།