ཀྲུང་གོ་བོད་ཀྱི་དྲ་བ།

ཤྭ་འོད་དྲག་པའི་ལོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟག་རིག་འབྲུག་ཐར། (མཚོ་ལྷོ)

55.jpg

མི་སྡོད་དུས་ཚིགས་ཀྱི་རེས་མོས་འཁོར་བསྐྱོད་ལྟར་དུ་ལོ་རེའི་དབྱར་ཁར་སྤྲིན་གྱི་འདུ་འགོད་འཁྲིགས་པ་ལས་དྲག་ཆར་འབབ་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཏེ་ད་ལོར་བསྟུད་མར་ཆར་ཞོད་ཆེན་པོ་བབས་ནས་ཤ་འོད་དྲག་པོ་བརྒྱུགས་པ་འདིས་མི་ཟོག་ཀུན་ལ་འཇིགས་ཡེར་བའི་སྦྱོར་བ་བརྩམས་པ་རེད། གནམ་གཤིས་བརྟག་དཔྱད་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན་རང་རྒྱལ་གྱི་ཞིང་ཆེན་ཉེར་དྲུག་གི་མི་གྲངས3600ལ་གནོད་སྐྱོན་བཟོས་ཤིང་། 1998ལོའི་ཚུན་གྱི་ཤ་འོད་ཆེས་དྲག་པའི་ལོ་ཡིན་པ་གཏན་འཁེལ་བྱས་པས། གནམ་གཤིས་འགྱུར་ལྡོག་གི་ཟིན་བྲིས་ངོས་སུ2016ལོའི་ཤ་འོད་རྒྱུག་ཚད་ནི་རང་ག་བ་ཞིག་མིན་པ་ར་སྤྲོད་བྱས་པ་རེད།

ལྷག་པར་ད་ལོའི་དབྱར་ཁར་ཆར་བའི་འབབ་རྒྱུན་ཧ་ཅང་རིང་སྟབས་རང་རྒྱལ་གྱི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན་བསྟུད་མར་ཉིན་གཉིས་རིང་ཆར་བ་རྨིད2ཙམ་ཡར་འཕགས་ཁར་ས་དེ་གའི་མི་ཕྱུགས་གཉིས་ཀར་གནོད་སྐྱོན་དྲག་པོ་ཐེབས་པར་མ་ཟད། སྡོད་ཁང་ཡང་ཇི་སྙེད་ཅིག་བལྟས་བལྟས་རིག་རིག་ལ་ཆུས་བསྣུབས་པ་རེད། དེའི་མཚུངས་སུ་ཞིང་ཆེན་སོ་སོའི་ཁུལ་དང་རྫོང་། གྲོང་རྡལ་དང་ཤང་སོགས་ཀྱི་རི་སུལ་ལུང་གྲོག་ཏུ་སྔོན་བྱུང་མ་མྱོང་བའི་ཚད་རིམ་མི་འདྲ་བའི་ཤྭ་འོད་དྲག་པོ་རྒྱུག་པས་གཞིས་ཆགས་བདེ་སྐྱིད་ཀྱི་དྲོད་ཁོལ་འཛོམས་པའི་སྡོད་ཁང་མང་པོ་དང་ཞིང་ས་གཤིན་པོ། ཐགས་སུ་བཀྲ་བའི་མཛེས་སྡུག་ལྗོན་ཚལ། སྤང་ཐང་དུ་སྐར་ཚོགས་ཤར་འདྲའི་སྒོ་ཕྱུགས་གྲངས་མེད། འགྲིམ་འགྲུལ་རྒྱུ་ལམ་གལ་ཆེན་དུ་གྲུབ་པའི་གཞུང་ལམ་མང་པོ་དང་འཕྲེད་དུ་དཔྱངས་པའི་ཟམ་ཆེན་དུ་མ་སོགས་བྱིན་ཆགས་ཕྱི་སྣོད་ཀྱི་བཀོད་པ་ལེགས་པོ་སྲིན་པོའི་གདུག་རྩུབ་འདྲེ་ནག་གི་རང་བཞིན་མངའ་བའི་ཤྭ་འོད་ཀྱི་མཆེ་བར་ནས་རེ་རེ་བཞིན་འཕྲོ་རིམ་འཕྲོར་ཁྱུར་མིད་དུ་བཏང་སྟེ་རྐང་གཉིས་མི་དང་དུད་འགྲོ་ཕྱུགས་སོགས་ལ་བཟོད་མེད་གཟེར་བྲེང་བྲེང་གི་ན་ཟུག་དྲག་པོའམ་མི་ཐེག་སྡུག་བསྔལ་འབའ་ཞིག་བྱིན་རྐྱེན། ཚན་རིག་གི་རྒྱུ་ལམ་བུལ་བོ་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་དང་དྲ་ལམ་བཅས་ན་གསར་འགྱུར་ཚ་ཤོས་སུ་གྱུར་ཡོད། དེ་ལས་ཀྱང་འཇིགས་སུ་རུང་བ་ནི་ཤྭ་འོད་ཀྱི་རླབས་ཤུགས་དྲག་པོས་ཀྲོང་ངེར་འགྱིང་བའི་ཐོག་ཁང་རེ་རེ་སྟ་རེས་གཏུབ་པའི་སྡོང་རྒན་བཞིན་ཐོལ་གྱིས་བསྒྱེལ་བ་དང་། ཐོག་ཁང་གི་གྲུ་ཁ་གང་རུང་དུ་མཐར་མཇུག་གི་བསྐྱར་གསོན་ལ་ཨག་སྐད་ཕྲ་མོ་བྲག་ཅར་བསྐྱིལ་བ། ལན་ཀན་ལ་འབྱར་ནས་དྲག་ཆར་གྱི་སྡེར་འོག་ཏུ་ཤི་གསོན་གྱི་རབ་ཁར་འགྲེང་བའི་ཨམ་གཙིགས་སྡོམ་མཁན། ད་དུང་ཆུ་ལོག་གི་རླབས་གཉེར་བར་ན་ཡམ་ཡོམ་སྐྱོམ་པའི་གྲངས་མེད་ཀྱི་དུད་འགྲོ་སྒོ་ཕྱུགས། ལམ་ཕྲན་ཨ་ཀྱོག་པ་ཀྱོག་དེད་དེ་སྲང་ལམ་གྱི་བཞི་མདོ་རུ་བྱུར་བུར་སྤུངས་པའི་འཕྲུལ་འཁོར་མང་པོའི་ཕེག་སྒྲ་སྣ་ཚོགས། གྱང་གོག་དང་རྡོ་བརྩིགས། སྤང་ཐང་དང་ནགས་རི་སྔོན་མོ་ཁ་ཤོ་སྣ་རལ་དུ་བཏང་བ་སོགས་སྐྱི་གཡའ་བའི་ཆག་འཇིག་འབེལ་བོ་གཅིག་མཇུག་གཉིས་མཐུད་དུ་བྱུང་བ་ཨ་ཙ་མ།

ཡིད་ཆེས་དཀོན་པའི་རླུང་བརྙན་འཕྲིན་གྱི་གནམ་གཤིས་སྔོན་བརྡའི་ལེ་ཚན་དུ་དྲག་ཆར་འབབ་རྒྱུ་ཡིན་ཚུལ་དང་ཆར་ཆུ་ཇེ་མང་ལ་འགྲོ་ཚུལ་གྱི་གསར་འགྱུར་རླུང་ལྟར་བརྒྱུད་སྒྲོག་བྱེད་གིན་ཡོད་མོད། དེ་ནི་དམངས་ཁྲོད་གཏམ་རྒྱུད་ཅིག་དང་ངོ་བོ་གཉིས་སུ་མ་མཆིས་ཏེ། གནའ་སྔ་མོ་ཞིག་ལ། རྫུན་སྨྲ་བར་དགའ་བའི་རྫི་བོ་ཞིག་གིས་ཡུལ་གྲོགས་རྣམས་ལ་ཐེངས་དང་པོར་སྤྱང་ཀི་ཐོན་ཐལ་ཞེས་རྫུན་ལབ་ནས།  མང་ཚོགས་རྣམས་ཀྱིས་ལག་སྣེ་རུ་སྒྲུབ་བཞིན་པའི་སོ་ནམ་གྱི་ལས་ཀ་མཚམས་བཞག་སྟེ་འཇོར་དང་ལྕགས་ཁེམ་སོགས་ཐོགས་ཏེ་སྤྱང་ཀི་བདའ་འདེད་ལ་གྲབས་བཤམས་པར་ཁོ་ཚོ་ཡུན་རིང་ལ་སྒུག་ཀྱང་སྤྱང་ཀི་སླེབས་རྒྱུ་མ་བྱུང་བས། མ་གཞི་རྫི་བོས་ཤོབ་གཏམ་པ་ཤེས། ཕྱི་ཉིན་རི་མགོར་དངོས་སུ་སྤྱང་ཀི་ཐོན་པས་རྫུན་སྨྲ་བར་དགའ་བའི་རྫི་བོས་སྤྱང་ཀི་ཐོན་ཐལ་ཞེས་ཀི་འབོད་ཨག་འབོད་ལན་མང་བྱས་ཀྱང་། རྫུན་གཏམ་ལ་དགའ་བའི་རྫི་བོས་ཡང་བསྐྱར་ཤོབ་གཏམ་བཞིན་པར་སྙམ་ནས་ཁོ་ལ་ཁ་ཡ་མ་བྱས་པར་ཞིང་བ་ཚོས་མུ་མཐུད་དུ་སོ་ནམ་གྱི་ལས་ལ་བྲེལ། རེབ་འདིར་སྤྱང་ཀི་དངོས་སུ་སླེབས་ནས་རྫུན་ལབ་པར་དགའ་བའི་རྫི་བོ་ཚང་གི་ལུག་ཁྱུར་སྤྱང་ཀི་མཆོངས་ནས་ལུག་མང་པོའི་ཚེ་སྲོག་ཤོར་བ་རེད། དེ་བཞིན་དེའི་རང་བཞིན་དུ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཀྱང་གནམ་གཤིས་སྔོན་བརྡའི་གནས་ཚུལ་ལ་གཞིགས་ཏེ་ཤྭ་འོད་ཆེན་པོ་རྒྱུག་པར་སྔོན་འགོག་དང་སྟ་གོན་གང་ལེགས་བྱས་ཀྱང་གཏམ་རྒྱུད་འདིའི་བྱུང་རིམ་ལྟར་དུ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཚབས་ཆེན་བྱུང་བ་རེད།

སའི་གོ་ལ་ནི་མིའི་རིགས་ཀྱི་ཁྱིམ་གཞི་ཡིན་ལ།རང་བྱུང་ཁམས་ཆེན་མོ་ནི་ང་ཚོའི་འདས་མ་ད་གསུམ་གང་ལའང་ཆུང་བ་ཁྱིམ་ཚང་དང་ཆེ་བ་རྒྱལ་ཁབ་ལ་མཚོན་ན་སྐྱེ་རྒ་ན་འཆིའི་སྐྱིད་སྡུག་གི་འཚོ་བའི་རྟེན་གཞི་ཡིན་སྟབས།  མི་གྲངས་འཕར་བ་དང་། ཐོན་ཁུངས་འཛད་པ་སོགས་ཀྱི་དབང་གིས་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཐེབས་གིན་ཡོད།

ད་ལོའི་ཆར་ཞོད་ཆེན་པོས་ང་ཚོ་འགྲོ་བ་མི་ལ་ཉེན་ཁའི་སྔོན་བརྡ་གསལ་ཐིང་ཐིང་ཞིག་ཡང་བསྐྱར་བཏང་སྟེ། མགོ་ནག་མིས་མ་ཡུམ་གོ་ལ་ཧྲིལ་བོར་གཅེས་སྐྱོང་དང་སྲུང་སྐྱོང་མ་བྱས་པར་ཆོས་ཉིད་དང་མི་མཐུན་པའི་གཏོར་བརླག་ཚབས་ཆེན་བཟོས་དང་བཟོ་བཞིན་པ་འདིས་ང་ཚོ་ལ་འཁོན་ལན་སློག་པ་ལྟ་བུའི་རང་བྱུང་གི་ཆག་འཇིག་སྐྱི་གཡའ་བ་འབྱུང་བའི་ཚུལ་ལ་ལྟོས། ལྷག་པར་དུ་དུས་རབས་ཉི་ཤུ་བའི་དུས་མཇུག་ནས་བཟུང་ཁོར་ཡུག་འབག་བཙོག་བྱེད་པའི་ཚད་རིམ་ཇེ་མཐོར་སོང་སྟེ་སའི་གོ་ལའི་ཕྱི་སྣོད་ཀྱི་བཀོད་པར་གནོད་སྐྱོན་ཚབས་ཆེན་བཟོས་ཤིང་གནམ་གཤིས་དྲོ་འགྱུར་རམ་ནམ་ཟླ་རིམ་བཞིན་ཇེ་དྲོ་རུ་འགྱུར་བཞིན་པ་དང་། རླུང་འཚུབ་པ། ཆར་ཆུ་མི་འབབ་པ། བ་ཚྭ་ཅན་དུ་འགྱུར་བ་སོགས་ཤུགས་རྐྱེན་ངན་པས་མཁའ་དབུགས་དྭངས་མོར་བཙོག་སྐྱོན་བཟོ་བ་ཇེ་ཐུར་ཕྱིན་ཏེ་དྭངས་གསལ་ཆུའི་ཐོན་ཁུངས་འཛད་པ་དང་རློན་ནེམ་ནེམ་གྱི་ས་གཤིས་བཟང་པོ་ཉམས་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གིས་བཟོད་གླགས་བྲལ་བའི་ཟུག་རྔུ་མྱོང་བཞིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན་གཙིགས་འཛིན་བྱས་ནས་ཁོར་ཡུག་གི་གནད་དོན་ཐག་བཅད་དེ་སའི་གོ་ལའི་གནམ་གཤིས་དྲོ་གྲང་རྒྱུན་ལྡན་ཅན་དུ་གཏོང་བར་འབད་པ་བྱེད་དགོས་སྙམ། སྡོམ་རྩིས་བྱས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་ཁྲོད་ལོ་རེར་ཁོར་ཡུག་གནད་དོན་གྱིས་འགྲོ་བ་མིའི་རིགས་ཤི་ཚད་ནི་བཞི་ཆའི་གཅིག་ལ་འཕར་ཞིང་། སའི་གོ་ལ་སྤྱིའི་ཤི་ཚད་གཞན་ལས་ལྡབ234ཡིན་ཚུལ་ལབ།

མིག་སྔའི་ཁེ་ཕན་ཁོ་ནར་དམིགས་ཏེ་རྫ་རི་ལུང་རིའི་སྙིང་ཁོང་བྲུས་ནས་གསེར་དངུལ་ཟངས་ཀྱི་གཏེར་ཁ་སྔོག་པ་དང་། དུས་ཡུན་ཐུང་ངུར་སྟོབས་འབྱོར་རྒྱས་པར་དབྱར་རྩྭ་དགུན་འབུ་ལྟ་བུའི་སྔོ་སྨན་གྱི་རིགས་བརྐོ་བ། གཡུ་ལོའི་བཀོད་པའི་ནགས་ལྗོན་སྟུག་པོ་འཕྲུལ་གྱི་སོ་ཁར་ཚལ་བར་གཏུབ་ནས་ཁྱིམ་ཆས་ཅ་ལག་ཤིང་ཆ་བཟོ་བ། ཕྱུགས་ཟོག་འཚོ་ཚད་ཚད་ལས་བརྒལ་ཏེ་གནག་ཕྱུགས་རི་དྭགས་རྨིག་པ་ཅན་གྱིས་རྩྭ་ས་རྨིག་པས་བརྫིས་ནས་སྤང་དང་སྔོ་ཁེབ་ལ་གནོད་པ་བྱེད་པ་དང་། སྤང་ཐང་སྔོན་མོའི་ཚེ་སྲོག་ཤོར་བས་རླུང་ཤུགས་བསྐྱེད་དེ་བྱེ་མར་འགྱུར་བ། བཟོ་གྲྭ་མང་པོའི་ཐོན་སྐྱེད་བྱ་རིམ་གྱི་ཁྲོད་དུ་བཙོག་ཆུ་ཕྱིར་འཕོས་པའི་སྙིགས་རྫས་དུག་ཆུ་ནག་པོས་ཡན་ལག་བརྒྱད་ལྡན་གྱི་ཆུ་མོའི་བཞིན་མདངས་སྣོག་པ་སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྒྲིག་སྲོལ་རྩིས་མེད་དུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་གྱི་འདུ་ཤེས་རྩ་བ་ནས་ཉམས་རྒུད་དུ་གྱུར་བ་མཚོན་ཐུབ།

ང་ཚོས་ཕྱིར་དྲན་ཞིག་བྱས་ཚེ་ཕ་མེས་ཡང་མེས་ཀྱི་རིང་དུ་སའི་གོ་ལ་འདི་ལྗང་མདོག་གི་འཇིག་རྟེན་འབའ་ཞིག་ཏུ་གྲུབ་ཅིང་། དེ་རུ་འཚོ་སྡོད་བྱེད་པའི་རི་དྭགས་གཅན་གཟན་དག་ནི་རང་བྱུང་གི་རྩྭ་ཐང་དང་ནགས་ལྗོན་གྱི་པང་དུ་འཚེ་མེད་ཞི་བདེའི་ངང་བག་ཕེབས་སུ་འཚོ་ཡོད་པ་ནི་རི་མོ་མཁན་གྱི་པིར་རྩེ་ལས་འཁྲུངས་པའི་མཛེས་སྡུག་གི་ཞིང་བཀོད་ཅིག་དང་གཉིས་སུ་མ་མཆིས་ཤིང་། རྟིང་སོར་ལོ་ངོ་ཉི་ཤུ་འདས་པའི་རྗེས་སུ་ལྗང་མདོག་གི་ནགས་ཚལ་ཐ་ཐོར་དུ་གྱུར་བ་དང་། ཉིན21ཙམ་ལ་ཆར་བ་བབས་ཚེ་ད་གཟོད་ཆུ་ལོག་ཐེངས་ཤིག་འབྱུང་བར་བཞེད་ཅིང་། སྐབས་དེ་དུས་མྱུར་བ་མྱུར་དུ་ཕྱུགས་བསྐྱུར་རྩྭ་འདེབས་དང་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་ཚེ་ལྗང་མདོག་གི་འཇིག་རྟེན་ཞིག་སླར་གསོ་བྱ་བར་དུས་ཚོད་རིང་པོ་ཞིག་མི་དགོས་པར་དགོངས། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་དུས་ཡུན་རིང་པོ་སྤྱད་དེ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་རབས་དང་རིམ་པ་སྤེལ་ཏེ་སྲུང་སྐྱོབ་བྱས་ན་ཡང་། ཡར་སྔོན་གྱི་ལྗོན་ཚལ་སྟུག་པོས་ཁེབས་པའི་རྣམ་པ་བཟང་པོ་ཞིག་ཁྱོན་ནས་ཡོང་དཀར་བར་གྱུར་སྟབས། མིའི་རིགས་ཀྱི་མ་འོངས་པའི་འཚོ་བར་ཁག་ཐེག་ཀྱང་བྱེད་དཀའ་ཚོད་འདུག  དེར་བརྟེན་དེང་རབས་ཀྱི་ཚན་རིག་ལག་རྩལ་ཇི་འདྲ་དར་ཡང་ང་ཚོ་རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་ཐག་ཇེ་ཉེར་བཏང་སྟེ་ཤྭ་འོད་ཀྱི་འཇིགས་པ་ལྟ་བུའི་རང་བྱུང་གི་ཆག་སྒོ་སྣ་ཚོགས་ཡང་བསྐྱར་མི་འབྱུང་བར་རང་ནུས་གང་ཡོད་བཏོན་ཏེ་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་ཐད་ཀྱི་བྱེད་སྒོ་སྣ་ཚོགས་འཕྲོ་རིམ་འཕྲོར་སྤེལ་བ་ནི་བྱོལ་མེད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་གྲུབ་ཡོད་དོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།