ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་སའི་མགྱོགས་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བན་ཤུལ་བསོད་བྷ།(ལན་གྲུ)

 

དབྱར་ས་ནི་ཨ་སྔོན་གྱི་ཁ་ཞེང་ཕྱོགས་སུ་བརྒྱངས་པའི་རྨི་ལམ་ཞིམ་པོ་དེ་ཡིན་ནམ། དབྱར་ས་ནི་སྤྲིན་དཀར་གྱི་ཁོར་མ་ལྷོད་ཀྱིས་འཁྱུད་པའི་ཚོར་བ་ནེམ་པོ་དེ་ཡིན་ནམ། དབྱར་ས་ནི་འབའ་དབྱངས་རླུང་ལ་བསྲེས་ཤིང་རྫི་གླུ་བྲག་ཅར་འཁོར་བའི་སྣང་བ་བསོད་མོ་དེ་ཡིན་ནམ། ཕྱིར་དྲན་གྱི་ཁུད་པར་བསྙལ་བའི་དབྱར་སའི་སྒེག་ཉམས་ཀྱི་ལོངས་སྤྱོད་རེ་རེ། མི་ལོ་ག་ཙམ་གྱི་སེམས་ངལ་ཀློང་ན་ཅི་འདྲའི་སྙིང་དུ་སྡུག་ཨང་།

སྨུག་པས་རི་ལུང་དཀྲིས་ཤིང་ཆར་བས་མེ་ཏོག་བརླན། ཉི་འོད་མིག་ལ་ཚ་ཞིང་རྒོད་པོའི་གྲིབ་སོ་འཁོར། ད་དུང་དྲན་པའི་ནེའུ་གསིང་དུ་ལྟེམས་མེར་འཁྱིལ་བའི་ན་ཆུ་གོར་གོར། ཅི་འདྲའི་གཡེར་བག་དང་གསོན་ཉམས་ཀྱིས་བྲན་པའི་བསྡུས་གཟུགས་མང་བོ་ཞིག ཁེར་རྐྱང་གི་སྐྱོ་ཡུས་སུ་སྦྱར་ནས་ལོ་ཟླ་ག་ཙམ་འགྱངས། རྒྱང་བཞུད་ཀྱི་འཁྲི་ཤིང་དུ་བཏགས་ནས་དྲན་པ་ཅི་ཙམ་བསྒོམས། བང་རིམ་བཞིན་ཆགས་པའི་ལོ་ཟླའི་ཕྱིར་དྲན་གྱི་ཁུག་འགོ་རེ་རེ་ན། རྩྭ་རྩེའི་ཟིལ་བ་ལས་དྭངས་བའི་མཐར་ཐུག་གི་མཛེས་པ་ཡོད་ན། དབྱར་ས་ནི་བདག་གི་བྱིས་དུས་ཀྱི་རྩེད་ར་གྲུ་བཞི་དེ་ཡིན།

 

འཆར་ཀའི་ཉི་ཟེར་གྱིས་དྲངས་པའི་ཞོགས་པའི་འགྲུལ་བཞུད་ཀྱི་ལམ་ཁ་ཡངས་པོ་རུ། མངོན་ཆུང་གིས་འཛུམ་པའི་ཐ་སྙད་ཁྲི་མ་འབུམ། འཆར་ཡན་གྱིས་དཀྲོལ་ནས་རྡོག་པའི་མདུན་རྒྱབ་གང་རུང་དུ་སིལ་སིལ་འབབ། དྲན་པ་དང་རེ་སྙེག་ཁུར་བའི་སེམས་ཀྱི་ལོག་ཕེབས། སྤྲིན་དཀར་གྱི་འགྱུ་བག་ནང་བཞིན་ཁྱེད་ཕྱོགས་སུ་འཕྱུར་ནས་ཡོང་། ལུག་རྟིང་གི་འབའ་གཞས་ནང་བཞིན་ཁྱེད་ཕྱོགས་སུ་མཆེད་ནས་ཡོང་།

མཇལ་འཛོམས་ཀྱི་ཁ་ཆད་བཏབ་ནས་ལོ་ཟླ་ཅི་ཙམ་འཛད་ཀྱང་། ཁེར་རྐྱང་གི་སྐྱོ་ངལ་འབོག་པའི་སེམས་པ་གཉོམ་པོ་དེར། ཚོད་ཚོད་ལ་སྨྲེང་ཤ་འཁྱུད་འོངས་དུས། རྨི་ལམ་ལྟར་མཛེས་སྡུག་གིས་སྨིན་པའི་ལོ་ཟླ་ཞིག་དྲན་བཞིན་ཡོད། ཏག་ཏག་ཁྱེད་ཀྱི་པང་དུ་འབྱོར་ཉིན་ནས། ང་ལ་དྲན་གདུང་གཞན་ཞིག་གི་བཟི་ཁ་བསྐྱུར་ནས་འདུག

 

རི་གསུམ་གྱི་རྩེ་ལ་འགོས་ནས་ཀི་རེ་བཏབ་ཀྱང་། ལྷ་ཚོགས་ཀྱི་དྲན་པའི་ཐུགས་ཀར་བསྙབ་དཀའ། སྨེང་ཤུར་ཤུར་གྱི་སེམས་པས་མིག་ཆུ་བསྐྱིལ་ཏེ་རི་ཆུའི་ངོ་གདོང་ལ་ཡང་ཡང་ཅེར།སྐབས་འདིར། གླུ་སིང་སིང་གིས་རྫ་ལུང་སྐྱོམ་པའི་ལུག་རྫི་བུ་མོ་ཞིག་མཐོང་སྲིད་དམ། རྔམ་ཟིལ་ཟིལ་གྱི་ངུར་སྒྲ་འཕྱུར་བའི་གཡག་རོག་ཞོལ་ཆེན་དེ་རིག་སྲིད་དམ།ད་དུང་མཁུར་ཚོས་ལ་དམར་མདངས་ཆགས་པའི་བྱིས་པ་སྣབས་ལུག་ཚོ།ཡོད་ཚད་མེ་ཏོག་བཞིན་གནས་གང་ཞིག་ཏུ་སྒེག་ཉམས་ཀྱིས་བཞད་ཡོད་དམ།

དུས་ཀྱི་རླུང་ཡན་གྱིས་གཏོར་བའི་སྤྲིན་པ་ཐར་ཐོར། མཚན་གྱི་འཐོར་རླུང་གིས་གཞིབས་པའི་སྒོ་ཁྱིའི་ཟུག་སྐད། གྲམ་གཞུང་གི་ཆུ་འབུ་ཤི་རོ་བཞིན། ནམ་ཞིག་གད་སྙིགས་སྣ་ཚོགས་ཀྱི་ཁུད་པར་གཅུད་དེ་རུལ་ཞིང་མྱགས་དགོས་པ་ཡིན་ནམ། ནམ་ཞིག་མིག་ཆུ་དང་ལྷ་སྒྲུང་ལ་དབང་བའི་སྐམ་ཁྲོག་ཁྲོག་གི་ཐ་སྙད་ཟད་པོ་འགའ་ཡིན་ནམ།

 

དབྱར་གཞུང་གི་ཕ་སའི་ལུང་བ། ཚ་ལམ་ལམ་གྱི་ལུང་གྲོག་སྐོམ་པས་གཟེངས་དུས། བདག་ལ་སྤྲིན་དཀར་གྱི་ཞྭ་མོ་གསོལ་ནས་མེ་ཏོག་གི་མགུལ་རྒྱན་མཁོ་ཨང་། བདག་ནི་བྱམས་དུངས་ཀྱི་ལོ་ཟླས་བཙས་པའི་ཆུང་གྲོགས་ཚོའི་མེ་ཏོག་འཐུ་རོགས་ཡིན།བདག་ལ་བརྗོད་མི་ཚར་བའི་བེའུ་དང་ལུག་ཆུང་གི་གཏམ་རྒྱུད་མང་།

ཨ་སྔོན་དང་སྤྲིན་དཀར་གྱིས་བདག་གི་དབྱར་གཞུང་བསྲུང་ནུས་ན། རོལ་དབྱངས་དང་འཇའ་གུར་ལྟ་བུའི་བགོ་སྐལ་མེད་ཀྱང་རུང་། སྔོ་ཡུག་ཡུག་གི་ནམ་མཁའི་བྲང་ཞེང་བསྐྱེད་ནས་སྤྲིན་པ་བྱེའུ་མགོ་ཙམ་རིག་དུས། གྲེ་ངག་ལྷོད་པོས་ཁྱེད་ཀྱི་པང་དུ་མགྲིན་གླུ་སྐྱོར་ཆོགམགྲིན་གླུ་ཡང་ཡང་སྐྱོར་ཆོག

 

མེ་ཏོག་དང་བསྡེབས་ནས་སྐྱེས་པའི་ལོ་ཟླ། དངུལ་སྐྱོགས་ཀྱིས་བཅུས་པའི་ཆུ་ལེན་མའི་ཞལ་རས་བཞིན། འཕྲེད་གླིང་གི་དབྱངས་སུ་སིམ་པའི་འཛུམ་མདངས་ལ་དེ་འདྲའི་མིག་ཚ་ཡང་།འཁྲེང་ཞེན་གྱི་ཕྱིར་མིག་གློད་པའི་སྐལ་བ་ཡོད་དམ་ཅི།

དབྱར་གཞུང་གི་ཕ་ས་ཨང་། ས་སྲོད་ཀྱི་མཛེས་སྡུག་སྦྲུམ་པའི་བདག་གི་དྲན་ངོགས་སུ། ན་ཆུང་གི་རྐང་རྗེས་མང་བོ་ཞིག་ཅི་ནས་ཀྱང་ཡལ་ཐུབ་མི་འདུག ལོ་རྒྱུས་ཀྱི་བྱུང་བ་མང་བོ་ཞིག་ཅི་བྱས་ཀྱང་བསུབ་ཐབས་ག་ལ་ཡོད།

༢༠༡༦ལོའི་ཟླ༦པའི་ཚེས༡༧ལ་བྲིས།

༢༠༡༦ལོའི་ཟླ༡༡པའི་ཚེས༣ལ་བཅོས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།