ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཕ་དང་ངའི་གདམ་ག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོན་སྐོར་དོན་གྲུབ་ཚེ་རིང་།


གླེང་གཞི།

ལོ་དེ་ནས་བཟུང་།ཨ་ཕས་ང་ལ་དུས་རྒྱུན་དུ་ཁྱིམ་མཚེས་ཀྱི་སྡེ་བ་ཞིག་ གླེང་ཡོང་། སྡེ་བ་དེའི་ནང་གི་བུ་མོ་ཞིག་དམིགས་སུ་གླེང་བར་བྱེད།རི་ཆུའི་རྒས་གཉེར་གྱི་ཁུད་དུ་གཅུད་པའི་པའི་སྡེ་བ་དེ་ཡང་ངའི་ཕ་ཡུལ་དང་འདྲ་བར་བྲག་རི་མཐོན་པོ་དང་བྱེ་མའི་གཤོང་བ།ལུང་གྲོག་གཟར་མོ་དང་འདམ་ཆུ་མྱ་མྱགས་ཀྱི་པང་དུ་གཉིད་པའི་རོང་མ་འབྲོག་གི་སྡེ་བ་ཞིག་ཡིན།རོང་མ་འབྲོག་ནི་ཞིང་ཕྱུགས་གཉི་ཀ་གཉེར་བའི་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་ལ་གོ་ཞིང་། འཇམ་པའང་ཟེར། ངའི་ཕ་ཡུལ་གྱི་འབྲོག་པ་དང་རོང་བ།འཇམ་པ་བཅས་གང་ཞིག་ལ་མཚོན་ནའང་།ཁོ་ཚོར་ཐུན་མོང་གི་ལས་ཀ་དང་དམིགས་ཡུལ་ཞིག་ཡོད་པ་ནི་ཕྱུགས་འཚོས་ཏེ་དཔལ་འབྱོར་སྤེལ་བ་མིན་ན་ཞིང་ལས་གཉེར་བའམ་ཞོར་ལས་ལ་འགྲོ་བ།ཚོང་ལས་ཙག་ཙིག་གཉེར་བ་དང་གླ་བྱེད་པ་སོགས་ཡིན་ལ།ལས་ཀ་ཆུང་ངུ་དེ་དག་ཀྱང་རྒྱང་རིང་གི་ཅི་ཞིག་ལ་དམིགས་ནས་གཉེར་བ་མ་ཡིན་པར།ཉིན་ཁ་ཤས་སམ་ཟླ་འགའ་རེ།ཡང་ན་ལོ་རེ་གཉིས་ཀྱི་འགྲོ་སོང་ཙམ་ལ་དམིགས་པ་ཡིན་པས།དུས་ཀྱི་གོམ་སྟབས་ཀྱིས་གཅིར་ཡག་བྱས་འགྲོ་བའི་ཁོ་ཚོའི་གདོང་པ་ནས་རྔུལ་ནག་གི་ཆུ་རྒྱུན་འགྲན་རྩོད་ཀྱི་ཀླུང་ཆེན་དུ་ཞུགས་ཀྱང་།གཟི་ལྡན་ཉི་འོད་ཀྱིས་སྨད་པའི་མར་མེ་ཡི་དཔེ་རུ་ཟད་དོ།།


1

ང་ནི་ད་ལྟའི་བར་ཨ་ཕ་གཙོ་བྱས་པའི་བགྲེས་པོ་རྣམས་ཀྱིས་ཁྱོད་རང་ འཚར་ལོང་བྱུང་རྗེས་ཐག་རིང་ལ་འགྲོ་དགོས་ཞེས་བདམས་པ་ལྟར་འཛིན་རེག་ བྲལ་བའི་རྒྱང་རིང་དེས་ཁྲིད་དེ་ལམ་དུ་ཞུགས་པ་ཡིན་ཞིང་།ངའི་བསམ་པའི་སྣང་ངོ་རུ་ལྷབ་ལྷུབ་གཡོ་བའི་རྒྱང་རིང་དེ།ལན་རེར་ངའི་ཕུགས་འདུན་གྱི་ཡལ་གར་ འབུས་པའི་ལྗང་མདོག་གི་ལོ་མ་ལེབ་མོ་ཞིག་ཡིན་ཞིང་།མཚམས་རེར་ངའི་གོམ་ བགྲོས་ཀྱིས་གཞར་ཡང་གཞལ་མི་ཚར་བའི་སྟོང་བསམ་གྱི་བྱང་ཐང་ཡངས་པོ་ཞིག་ཡིན་སྣང་འཆར།འཕེལ་རྒྱས་ཀྱི་རྒོད་པོ་ས་ཆེན་གྱི་ཁྱོན་དུ་ལྡིང་ཐེངས་གཅིག་གིས།རི་རབ་དང་གཙང་བོའི་གདོང་ལ་གཏམ་རྒྱུད་ཀྱི་མཚལ་རྩི་བྱུགས་ཤིང་།བར་སྣང་དང་སྤྲིན་པའི་བྲང་ལ་བཟོ་བཀོད་ཀྱི་ཀ་ཆེན་བསླངས་མོད།ཉམ་ཆུང་བའི་རི་ཆུའི་གུད་དུ་བསྐུངས་པའི་ཕ་ས་ཞེས་པའི་རི་གྲོང་ཆུང་ཆུང་ལ་ན་བུན་འཐིབས་ཤིང་གྲང་རླུང་ལྡང་གིན་ཡོད་ཅིང་།གཏི་མུག་འཐིབས་ཤིང་རྨི་ལམ་འཁྲུག་གིན་ཡོད། ཡིན་ནའང་།ངས་ཕུགས་འདུན་ཞེས་པའི་རྒྱང་རིང་གི་ས་ཚིགས་ཤིག་སེམས་སུ་ཉར་ནས་ལམ་དུ་བགྲོད་ཀྱིན་ཡོད་ལ།ཨ་ཕ་ཞེས་པའི་རྒྱབ་རི་ཞིག་ལ་དད་འདུན་གྱི་མགོ་བོ་སྔས་ནས་ཁ་དོག་གཅིག་པའི་རྨི་ལམ་དེ་རྨི་བཞིན་ཡོད།ངས་རང་གི་བགྲོད་ལམ་རང་གིས་མི་འཚོལ་བར་ཨ་ཕ་ཞེས་པའི་བགྲེས་པོ་ཞིག་ལ་སྐྱབས་བཅོལ་དོན་ནི་ང་རང་ལ་ནུས་པ་མེད་པས་ཡིན་ནམ།


2

ཟླ་མཚོ་ནི་ཟླ་ལུང་སྡེ་བའི་ཡིན་ཞིང་།རྒྱུན་དུ་ཨ་ཕས་ང་ལ་གླེང་བར་བྱེད་པའི་བུ་མོ་དེ་ནི་མོ་རང་ཡིན། མོ་རང་སློབ་ཆེན་མཐར་ཕྱིན་ནས་ལོ་འགའ་འགོར་ཡོད་པར་མ་ཟད།ལོ་འདི་དག་གི་རིང་ལ་སྡེ་བའི་སྡེ་དཔོན་དང་རྩིས་གཉེར་པ་སོགས་ཀྱི་འགན་ཁུར་ནས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་ཡོད་ལ། ལྷག་པར་དུ་ཞིང་ལས་མཉམ་ལས་ཁང་དང་རང་བྱུང་ཁོར་ཡུག་ལྗོངས་རྒྱུ་སྲུང་ སྐྱོང་ཁུལ་སོགས་ཀྱི་ལས་གཞི་དུ་མ་གོང་རིམ་ལ་ཡར་ཞུ་བྱས་ཏེ་ཟླ་ལུང་སྡེ་བའི་ མཁའ་དབྱིངས་ལ་ཡར་རྒྱས་ཀྱི་ཉི་མ་འཆར་དུ་བཅུག་ཡོད།མོས་རང་གི་ནུས་པར་བརྟེན་ནས་ཟླ་ལུང་སྡེ་བའི་དབུལ་ཁྱིམ་རྣམས་ལ་རོགས་རམ་བྱས་ཤིང་།ཟླ་ལུང་སྡེ་བའི་སྡེ་མི་རྣམས་ལ་གསར་འགྱུར་སྣ་ཚོགས་ལོ་ཙྭ་བྱས།འཕེལ་རྒྱས་སུ་ཕྱིན་པའི་སྡེ་བ་ག་གེ་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ཆ་ཚང་བར་བཤད་དེ་སྡེ་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བཏང་།དེ་ལྟ་ནའང་།ངའི་ཨ་ཕ་གཙོ་བྱས་པའི་རི་གྲོང་གི་ཁྱིམ་བདག་མང་ཆེ་བས་ཟླ་མཚོས་གོང་རིམ་གྱིས་བཀོད་སྒྲིག་བྱས་པའི་ལས་ཀ་ལས་མ་འཇོན་པས་འདི་ལྟར་ཕྱིར་ཕ་ཡུལ་དུ་ལོག་ནས་དཀའ་སྡུག་གི་འཚོ་བ་རོལ་དགོས་སོང་བ་རེད་ཟེར།

ཟླ་མཚོ་སློབ་འབྲིང་འགྲིམ་སྐབས།སློབ་སྦྱོང་ལ་དགའ་ཞིང་སྙིང་སྟོབས་ལྡན་ལ་འཆར་གཞིས་ཕྱུག་པར་མ་ཟད།ཀུན་ལ་འབྲེལ་འདྲིས་ཡོད་པ་ཞིག་ཡིན་པས།མོ་ནི་རྒྱུན་པར་ངའི་ཨ་ཕ་དང་ཁྱིམ་བདག་གཞན་དག་གིས་རང་གི་བྱིས་པར་སློབ་གསོ་གཏོང་སྤྱད་ཅིག་ཏུ་གྱུར་ཡོད།ནམ་ཞིག་ལ་ཟླ་མཚོ་སློབ་ཆེན་ནས་མཐར་ཕྱིན་རྗེས།རང་གི་ཕ་ཡུལ་ལ་གོ་ཆོད་ཅིང་ཕན་འདོགས་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་བཟང་བོ་ཞིག་འཁྱོངས་ངེས་ཤིང་།འཇོར་དང་ལྕགས་ཁེམ་གྱི་ལས་ཀ་རྫོབ་པོ་འདི་གཏན་ནས་བྱེད་མི་དགོས་པའི་མི་ཞིག་ཏུ་འགྱུར་ངེས་པས།ཁྱོད་ཀྱིས་མོའི་འགྲན་ཟླ་བྱེད་ཐུབ་བམ་སོགས་ཀྱི་དྲི་བ་ལྕི་མོ་རེ་བཏོན་ཡོང་།

ཟླ་མཚོས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ལོ་དེ་ནས་བཟུང་།ཨ་ཕས་ངས་གོ་ས་ནས་ཟླ་མཚོའི་མིང་གིས་མ་ནི་ཟློ་ཟློ་བྱེད་ཅིང་།སྡེ་བ་འདི་ཉིད་འཕེལ་རྒྱས་ཀྱི་ལམ་ཁར་བསྐྱོད་དགོས་ན།ཐོག་མར་ང་ཚོའི་སྡེ་བར་ཟླ་མཚོ་འདྲ་བའི་སློབ་ཆེན་པ་ཁ་ཤས་ཅིས་ཀྱང་མཁོ་ཟེར།དེར་མ་ཟད།ཨ་ཕས་ལོ་དེར་ཟླ་མཚོ་ལ་དངོས་སུ་འབྲེལ་བ་བྱས་ནས་མོའི་ཆེད་ལས་སོགས་ཀྱང་བརྩད་བཅད་པར་མ་ཟད། ངས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ལོ་དེར།ཁོས་ང་ལའང་ཟླ་མཚོས་བདམས་པའི་ཆེད་ལས་དེ་གདམ་དགོས་པའི་རེ་བ་བཏོན་བྱུང་།སྐབས་དེར།ངས་རང་གི་སེམས་སུ་རྟོག་བཟོ་བྱས་མྱོང་བ་ནི་ཕ་ས་རི་གྲོང་གི་ཕང་བ་རུ་བཀྲམ་པའི་གནག་ཕྱུགས་དམུན་པོ་འདི་ཚོ་འཚོ་བའི་རྫི་བོ་དག་གིས་ཀྱང་ཐོག་མར་ཕྱུག་པོར་གྱུར་པའི་བཀྲ་ཤིས་ལ་བལྟས་ཏེ།ང་ཚོའི་རི་གྲོང་འདི་ཕྱུག་པོར་འགྱུར་དགོས་ན་ཐོག་མར་བཀྲ་ཤིས་ལྟ་བུའི་རྫི་བོ་ཕུལ་དུ་བྱུང་བ་འགའ་ཅིས་ཀྱང་མཁོ་ཞེས་ཕན་ཚུན་ལ་གྲོས་བསྡུར་བྱས་ཤིང་།དེ་ནས་རང་གི་བུ་ཆུང་ལ་སང་ཉིན་ནས་བཟུང་སྟེ།ཁྱོད་ཀྱིས་ཀྱང་བཀྲ་ཤིས་ལ་སློབ་སྦྱོང་བྱས་ཏེ་ལུག་འཚོས་ཤིག་ཅེས་ཁ་ཕྱོགས་ཤིག་གཏན་འབེབས་གནང་བ་མིན་ནམ་སྙམ།ཡིན་ནའང་།ང་ནི་ཕ་མར་བརྩི་བཀུར་ཆེ་ཞིང་གུས་པ་ལྡན་ལ།ཕ་མའི་བཀའ་དྲིན་ཤེས་མཁན་ཞིག་ཡིན་པས།ཨ་ཕས་བཤད་པ་ནང་བཞིན་ཟླ་མཚོས་བདམས་མྱོང་བའི་ཆེད་ལས་དེ་བདམས་པ་ཡིན།ངའི་ཨ་ཕ་ལྟ་བུའི་ཨ་ཕ་མང་པོ་ཞིག་གིས་སློབ་ཆེན་དུ་རྒྱུགས་འཕྲོད་པའི་རང་གི་བུ་བུ་མོ་དག་ལ་གན་ཚང་གི་ཞི་ལི་དེས་ཆེད་ལས་དེ་བདམས་པས་བྱ་བའི་ལས་གནས་དེར་རྒྱུགས་འཕྲོད་སོང་བས་ཁྱོད་ཀྱིས་ཀྱང་ཆེད་ལས་དེ་འདོམས་ཞེས་སྐུལ་ལ།ང་དང་འདྲ་བའི་སློབ་ཆེན་ལ་རྒྱུགས་འཕྲོད་ཀྱིན་པའི་བོད་ཀྱི་སློབ་མ་དེ་དག་གིས་ཀྱང་བཀྲ་ཤིས་ཀྱིས་ཆེད་ལས་དེ་བདམས་པས་མཇུག་མཐར་ཕ་ཡུལ་དུ་ལོག་ནས་ལུག་རྫི་བྱེད་མ་དགོས་པ་རེད་ལ།གཡང་འཚོས་ཆེད་ལས་དེ་བདམས་པས་མཇུག་མཐར་རྒྱང་རིང་གི་ཞིང་གྲོང་དེར་ཆས་ཤིང་།ཞིང་བ་ཞིག་གི་ཆུང་མར་གྱུར་པས་ཆེད་ལས་དེ་གདམ་མི་རུང་ཟེར།

ཟླ་མཚོས་ལོ་འདི་དག་གི་རིང་ལ་རྒྱང་རིང་གི་ཟླ་ལུང་སྡེ་བའི་བྱིས་པ་ རྣམས་སློབ་གྲྭར་བསྐྱལ་ཅིང་།ཞིང་ཁྱིམ་འགའ་རེ་མཉམ་དུ་སྡེབ་ནས་ཞིང་ཁྱིམ་ འགའ་ཞིག་སྡེ་བའི་ཞིང་ལས་གཉེར་མཁན་དང་།འགའ་ཞིག་སྡེ་བའི་ཕྱུགས་ལས་ གཉེར་མཁན།ཡང་འགའ་ཞིག་ཞོར་ལས་ལ་འགྲོ་མཁན་སོགས་ལས་བགོ་ལྟ་བུ་བྱས་ནས་སྒོར་མོ་བསགས་ཏེ་མཐར་ཞིང་ཁྱིམ་ཡོངས་ཀྱི་ཡོང་འབབ་ཀྱིས་མཉམ་སྒྲིལ་བྱས་ཏེ་མཉམ་ལས་ཀུང་ཟི་ཞེས་པ་ཞིག་གཉེར་ནས་མར་ཕྱུར་དང་ཤ་ཚིལ།འབྲུ་རིགས་དང་སྔོ་ཚོད།ལྭ་བ་དང་རྒྱན་གོས་སོགས་ཀྱི་རིན་གོང་སྟབས་བདེ་བྱས་ཏེ་གཞི་རིམ་གྱི་བོད་རིགས་མང་ཚོགས་ལ་མཁོ་སྤྲོད་བྱས་ཏེ་དཔལ་འབྱོར་གོང་དུ་སྤེལ་བ་ནི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་མོད།ཨ་ཕས་ནམ་རྒྱུན་ང་ལ་ཁ་པར་གཏོང་ཐེངས་རེར།ཟླ་མཚོའི་ལས་ཀ་འདི་ལྟ་བུ་གཏན་ནས་བསྒྲུབ་མི་རུང་ཟེར་ལ།གལ་ཏེ་ཁྱོད་ཀྱང་ཟླ་མཚོ་དང་འདྲ་བར་སློབ་མཐར་ཕྱིན་རྗེས།ཕྱིར་ཕ་ཡུལ་དུ་ལོག་ནས་ཐབས་རྡུགས་ཀྱི་ལས་ཀ་འདི་ལྟ་བུ་བྱ་དགོས་ཚེ།གཅིག་ནས་ཨ་ཕ་ངས་ཐེག་ཐབས་བྲལ་བའི་ངོ་ཚ་ཞིག་ཡིན་པ་དང་།གཉིས་ནས་ཁྱོད་ཀྱིས་སློབ་ཆེན་གྱི་ལོ་ངོ་བཞིའི་རིང་ལ་རང་ཉིད་ཀྱི་ནུས་པ་སྦྱོང་བརྡར་བྱེད་མ་ཐུབ་པ་རེད་ཟེར་གྱི་ཡོད་པར་མ་ཟད།རྒྱབ་རི་འདྲ་བའི་ཨ་ཕས་ནམ་རྒྱུན་ང་རང་སློབ་མཐར་ཕྱིན་རྗེས།སྔུན་ན་བསུ་མཁན་དང་རྗེས་ན་བསྐྱོར་མཁན་ཡོད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་འགྱུར་དགོས་ཟེར་ལ།མི་ཚེའི་སྐྱ་ཡ་ཞིག་བཙལ་ཏེ་ཐོག་ཁང་མཐོན་པོར་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་པ་ལས་ཟླ་མཚོ་ལྟར་ཕ་ཡུལ་གྱི་རྒས་འཁོགས་ལ་ཞེན་པའི་བུ་ཞིག་གཏན་ནས་བྱེད་མི་རུང་ཟེར།


3

མི་ལོ་ཉི་ཤུའི་སྐྱིད་སྡུག་གི་དབུགས་ལྒང་ཤེད་ཀྱིས་གཏེད་ནས་གོམ་ཆུང་གི་རྡོག་སྣེ་རྒྱང་རིང་ལ་ཕྱོགས་པའི་ཕོ་གཞོན་ང་ནི་ནམ་ཡང་སྐུད་སྣེ་ཨ་ཕས་བཟུང་བའི་ཤོག་བྱ་ཞིག་ལྟར་དགུང་སྔོན་པོའི་གནམ་འཕང་མཐོན་པོར་བསྟོད་ཀྱིན་ཡོད་པས།ནམ་ཞིག་གི་ཚེ་ན།ཨ་ཕས་རེ་སྙེག་གི་ཤེད་ཤུགས་བཀོལ་ཐེངས་ཤིག་གིས་ང་རང་ཕྱིར་ཕ་ཡུལ་ཟེར་བའི་ཀྱག་ཀྱོག་གི་གྲོག་མོ་གཏིང་ཟབ་ལ་ལྗན་ལྗིན་གྱི་འདམ་ཆུ་དང་བྱེ་མའི་རི་རྒྱུད་ཀྱི་དབུ་འཕང་དགུང་ལ་ཟུག་པའི་རི་གྲོང་ཆུང་ཆུང་དེའི་བྲག་ཐེམ་ལ་ལོ་མང་བྱེས་པའི་རྒོད་པོ་བཞིན་དུངས་ཞེན་དང་དྲན་གདུང་གིས་དབབ་དབང་མེད་པར་རླུང་གིས་འཁུར་བའི་འགྱིག་ཤོག་རལ་བོ་ཞིག་ལྟར་ཆ་མེད་རྒྱུས་མེད་ཀྱི་རྐུབ་སྟེགས་ཤིག་ལ་བཙོག་དགོས་པ་ཡིན་ནམ།

ཕ་ཡུལ་དུ་འཁོར་ཞག་ལ་ལོག་ཐེངས་རེར།ཕུ་བོས་ཀྱང་ཟླ་ལུང་སྡེ་བའི་ཟླ་འཚོ་ནི་གླེན་མ་ཁ་ནག་ཅིག་རེད་ཟེར་ལ།མོ་རང་ཐོག་ཁང་གྲུ་བཞི་རུ་བསྡད་དེ་ཤེལ་གྱི་ཕོར་བ་སྤྱད་ནས་ཇ་ཚ་བོ་འཐུང་ཞོར་ལས་ཀ་མི་བསྒྲུབས་པར་ས་རྡུལ་གྱི་གཡུལ་སར་ལོག་ནས་ང་ཚོ་རྫི་བོ་ཚོ་དང་ཞིང་པ་ཚོའི་གྲལ་ལ་བཙངས་ནས་རང་སྡུག་རང་གིས་ཉོ་བཞིན་འདུག་ཟེར།ཕུ་བོས་ནམ་རྒྱུན་ང་ལ་སྐད་ཆ་དེ་བཤད་སྐབས།ཁོའི་གདོང་ལ་ཨ་ཕའི་གདོང་གི་ཉམས་འགྱུར་དེ་ལྟ་བུ་ཞིག་མ་བཅོས་རང་ཤུགས་ཀྱིས་མངོན་འདུག་ཅིང་།ངས་བསམས་ན་ད་ལྟ་ལོ་ལྔ་ལ་སོན་པའི་ཕུ་བོའི་བུ་ཆུང་གིས་ཀྱང་རྗེས་ཕྱོགས་ཁོའི་ཨ་ཕར་ལད་མོ་བྱེད་སྲིད་སྙམ། ཁོའི་རྡུལ་དྲེག་གིས་ཁེངས་པའི་གདོང་ལ་དགའ་སྐྱོ་འདྲེས་མའི་ཉམས་ཤིག་མངོན་བཞིན་ཧུར་བརྩོན་བྱས་ནས་སློབ་མཐར་བྱིན་རྗེས།ཐོག་ཁང་མཐོན་པོའི་ནང་སྡོད་པའི་ལས་བྱེད་པ་བཟང་པོ་ཞིག་བྱེད་པ་ལས་ཕྱིར་ཕ་ཡུལ་གྱི་ལུང་གྲོག་འདིར་ལོག་ནས་གླེན་རྟགས་གཏན་ནས་སྟོན་མི་རུང་ཞེས་ཡང་ཡང་སྐུལ།

ངས་འདི་ལྟར་ཕུགས་འདུན་ཞེས་པའི་རྒྱང་རིང་གི་ས་ཚིགས་ཤིག་ལ་ སེམས་ཀྱིས་བློས་བསླངས་བྱས་ནས་ལོ་ཟླ་གྲངས་མེད་ཅིག་བསམ་དབང་དྲན་ དབང་མེད་པར་ཆུ་ལྟར་བཞུད་སོང་ལ།ཨ་ཕས་ཀྱང་ང་ཡི་རྒྱང་རིང་གི་ས་ཚིགས་དེ་ལ་ཉི་མ་ཤར་ཞིང་མེ་ཏོག་བཞད་པར་སྒུག་ནས་ཡུན་རིང་འགོར་ཡོད།ད་ལྟ་ ངས་རྒྱུན་པར་སེམས་ནས་བློས་བསླངས་བྱས་པའི་རྒྱང་རིང་གི་ས་ཚིགས་དེ་ནི་ ཐོག་ཁང་མཐོན་པོ་དང་འགྲུལ་འཁོར་སྣ་ཚོགས།མི་ཚོགས་ཀྱི་རླབས་རྒྱུན་རྒོད་སའི་གནས་དེ་དག་མ་ཡིན་པར་དཀའ་སྡུག་གི་རྨི་ལམ་བསྐྱར་ཟློས་བྱེད་ཅིང་།རྨི་ལམ་གྱི་ན་བུན་གོས་སུ་བཀླུབས་པའི་རྒྱང་རིང་གི་རི་གྲོང་དེ་ཡིན་པར་འདོད་ཅིང་།རི་གྲོང་གི་ཁེར་ཧྲེང་བསྲུངས་པའི་མི་ཚོགས་ཤིག་ལ་ལག་འཇུ་བྱས་ནས་ཁོ་ཚོ་དང་དཔུང་བ་མཉམ་གཤིབ་བྱེད་པ་དེ་རེད་འདོད་ཡོད།འོན་ཀྱང་།དུས་ཚོད་ཀྱི་གཙང་བོའི་ངོགས་སུ་བསྐྱོད་པའི་ང་ཡི་ཕུགས་འདུན་གྱི་གོ་གྲུ་ཆུང་ཆུང་འདི།ཨ་ཕའི་རེ་སྒུག་གི་ནུབ་རླུང་ལྡང་ཐེངས་ཤིག་གིས་ཐོག་ཁང་དང་མི་ཚོགས་རྒོད་སའི་གནས་མཆོག་ཅིག་གི་དབུས་སུ་འཁྱིལ་བའི་མིས་བཟོས་མཚེའུ་ངོགས་ཤིག་ལ་བསྐྱོད་མི་འགྲོ་བའི་གདེང་ཚོད་སུ་ལ་མངའ་འམ།དྲང་མོར་བཤད་ན།ཨ་ཕས་ནམ་རྒྱུན་ཟླ་མཚོའི་གཏམ་རྒྱུད་ང་ལ་བཤད་པ་དེའང་ངའི་ཕུགས་འདུན་གྱི་གོ་གྲུ་ཆུང་ཆུང་འདི་མིས་བཟོས་མཚེའུ་ངོགས་ཤིག་ལ་གཏང་འདོད་པས་མིན་ནམ།འོན་ཏེ།ངའི་ཕུགས་འདུན་གྱི་གོ་གྲུ་ཆུང་ཆུང་འདིའི་ཁ་ཕྱོགས་རླུང་གིས་མ་ཁུར་ན།ངས་ཕོ་ལོ་ཉི་ཤུའི་རི་ལུང་དུ་བཞད་པའི་དམིགས་འདུན་གྱི་མེ་ཏོག་ཕོན་པོ་ཕ་ཡུལ་གྱི་རི་གྲོང་དུ་གཏོར་དགོས།དེ་བས།ངས་ཨ་ཕ་དང་རྒྱང་ཐག་རིང་བའི་ས་མཐའ་ནས།ཟླ་མཚོ་ཞེས་པའི་བུ་མོ་འདིའི་སྙིང་སྟོབས་ལ་ནམ་ཡང་གོང་བཀུར་བྱེད་ཀྱི་ཡོད་པར་མ་ཟད།མི་ཞིག་ལམ་དུ་ཞུགས་ཁར་ཆེས་ཐོག་མར་ཚང་དགོས་པའི་ཆ་རྐྱེན་ནི་དམིགས་འདུན་དང་འཆར་གཞི་གསལ་བོ་ཞིག་ཡོད་དགོས་པའི་གནས་ལུགས་ལ་དད་མོས་བྱེད་ཀྱིན་ཡོད།


4

ཕ་ཡུལ་ནི་ངས་ཕུགས་འདུན་གྱི་ཤོག་བྱ་རྒྱང་ལ་སྤུར་སའི་སྟེགས་བུ་དེ་ ཡིན་ལ།ཨ་ཕ་ནི་ངའི་ཚེ་སྲོག་གི་གས་སྲུབས་སུ་འཛུལ་བའི་སྙིང་སྟོབས་ཀྱི་འབུ་སྡོམ་དེ་ཡིན།བདག་གི་ཚེ་སྲོག་གི་གས་སྲུབས་ནས་དཀའ་སྡུག་གིས་འཕག་འཚག་བྱས་ཏེ་བདག་གི་ཕུགས་འདུན་ལ་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་བསྐྲུན་མཁན་དེ་ཡིན་པས།ངས་ལམ་གྱི་དཀའ་སྡུག་དང་སུན་སྣང་གི་ཁུར་བོས་རྨས་པའི་ནང་སེམས་ཀྱི་རྨ་ཁ་བསྐྱོར་ཞོར།རྒྱབ་རི་འདྲ་བའི་ཨ་ཕ་ལ་ཞུ་ཚིག་ཅིག་འབུལ་འདོད་པ་ནི་ང་རང་སློབ་མཐར་ཕྱིན་རྗེས།མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་ འཛིན་ཡིག།ཡང་ན་རང་གི་ཡིག་ཚགས་ཀྱི་ཤོག་དྲིལ་མང་པོ་ཞིག་བསྣམས་ནས་ གཞན་གྱི་སྒོ་ཁར་འཚང་བའི་མི་ཞིག་བྱེད་མི་འདོད་པར།ཕ་ཡུལ་ཞེས་པའི་ལུང་ གྲོག་སྐམ་པོ་འདིའི་གདོང་ལ་ནེམ་ཤིག་ཤིག་གི་ལྗོན་པ་རྐང་གཅིག་འཛུགས་ མཁན་ཞིག་ཞིག་སྟེ། སློབ་ཆེན་མཐར་ཕྱིན་རྗེས།མུ་མཐུད་དུ་ལག་རྩལ་ཆེད་ལས་ཀྱི་ཕྱོགས་ལ་སློབ་སྦྱོང་བྱས་ནས་རི་གྲོང་འཛུགས་སྐྲུན་གྱི་ལས་ལ་འབད་འདོད།དེ་ལྟ་ནའང་།ཨ་ཕས་ངའི་གདམ་ག་བྱེད་སྟངས་འདི་ཐོས་རྗེས།རེ་ཆད་ཀྱི་མགོ་བོ་དུད་དེ་ཉིན་ཞག་མང་པོ་ཞིག་གི་ལ་ང་ལ་ཁའང་མི་གྲག་པ་ངས་ཚོད་དཔག་བྱ་ཐུབ་མོད།བདག་གི་ཕུགས་འདུན་གྱི་ཡལ་གར་འབུས་པའི་ལོ་མ་ལྗང་ཁུ་འདི་སྨིན་ཐག་ཆོད་རག་བར།ངས་ག་དུས་ཀྱང་ཁ་ཆར་དང་ཙད་ཙག་གིས་གནོད་སྐྱོན་མི་ཡོང་བའི་འགན་འཁུར་དགོས།ཆེས་དང་ཐོག་ང་རང་ཤོག་བྱ་བཞིན་འཕུར་སའི་སྟེགས་བུ་འདི་ལ་དུངས་ཞེན་ཆེ་ཞེས་བརྗོད་ན།དེང་གི་དུས་འདིར་སུ་ཞིག་ཡིད་ཆེས་་སམ།སེམས་ཀྱི་ཁ་དོག་མག་མོག་ཏུ་འགྱུར་བའི་དུས་ཚིགས་ཀྱི་མཚན་ལྗོངས་འདིར། ངས་ཕ་ས་ཞེས་པའི་ཁེར་ཧྲེང་གི་རི་གྲོང་ཞིག་གླེང་ན། ང་ནི་མི་རྙིང་ཞེན་ཅན་ཞིག་རེད་ཅེས་མཚང་འདྲུ་བྱེད་མཁན་བགྲང་གིས་མི་ལང་ནའང་། ངས་ཕུགས་འདུན་ཞེས་པའི་རྒྱང་རིང་གི་ཅི་ཞིག་བློས་གཏོང་བྱེད་དཀའ་སོང་། དངོས་་གནས་དཀའ་སོང་།

ད་ནས་བཟུང་། ངས་རྒྱབ་རི་འདྲ་བའི་ཨ་ཕའི་མདུན་ནས། ཕུགས་འདུན་ཞེས་པའི་རྒྱང་རིང་གི་ལྐོག་གྱུར་རམ་ས་ཚིགས་དེ་ནི་གཞན་གང་དུའང་སྦས་མེད་པར་རང་གི་ལྟེ་ཁྲག་འཕོ་སའི་ལུང་གྲོག་དེའི་འབྱུང་འགྱུར་གྱི་རི་ཁུད་དུ་གཅུད་ཡོད་པ་གསལ་བོར་བརྗོད་དགོས།།

(གསལ་བཤད། ལྷུག་རྩོམ་འདིར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།)


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།