ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་བྱིས་དུས་ག་འདྲ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་སེམས་དཔའ།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

214.jpg

  ཁྲི་སེམས་དཔའ་དངོས་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་། སྒོ་མེ་ཚེ་རིང་བཀྲ་ཤིས་སུ་ཡང་འབོད། ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོའི་སྒོ་མེ་གྲོ་ཞིང་ཁ་རུ་སྐྱེས། ད་ལྟའི་བོད་རང་གི་རྩོམ་རིག་གི་གར་སྟེགས་སུ་མིང་གྲངས་ཤིན་ཏུ་རྒྱས་ཡོད་ཅིང་།      《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད། 《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་དུས་དེབ་མང་པོ་ཞིག་གི་བྱ་འགུལ་ལས་བྱ་དགའ་མི་དམན་པ་རེ་བླངས་མྱོང་། ཁོའི་བརྩམས་ཆོས་དེབ་ལ།འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་ངག་དེབ《དིང་གླིང་ཁེར་འབུད》སོགས་ཡོད། །

ང་ཚོའི་བྱིས་དུས་ག་འདྲ་རེད།

   ——ཡང་ན་སེམས་ཁྲལ་རིགས་ཤིག   

ད་ལྟ་ཡང་བྱིས་དུས་ཀྱི་དོན་བྱ་ཕྲན་ཚེགས་མང་པོ་ཞིག་དྲན་པའི་ཤོག་དཀར་ངོས་སུ་གསལ་ཐིང་ངེར་མངོན་ཡོང་། བྱིས་དུས་ནི་མི་ཞིག་ལ་མཚོན་ན་ནམ་ཡང་བརྗེད་པར་དཀའ་བ་ཞིག་སྟེ། ཕྱིར་དྲན་གྱི་རྟ་རྒོད་མཚམས་རེར་རང་དབང་མེད་པར་བྱིས་དུས་ཀྱི་འཇིག་རྟེན་དུ་ཤོར་འགྲོ། 

ང་རང་འཚར་ལོངས་བྱུང་སའི་ཡུལ་དེར་གྲོ་ཞིང་ཁ་ཟེར་ཞིང་། དུད་ཁྱིམ་བཅུ་ཕྲག་ཙམ་ལས་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ངའི་སྣང་ངོར་ཕ་ཡུལ་གྱི་དབྱར་ཁ་ཤིན་ཏུ་དྲོ་ཞིང་། ཕ་ཡུལ་གྱི་དགུན་ཁ་ཤིན་ཏུ་འཁྱག་པའི་སྣང་བ་ཞིག་སྟེར།  དབྱར་གྱི་དུས་ལ་བྱིས་པ་ཚོ་སློབ་གྲྭ་གྲོལ་མ་ཐག་སྡེ་འདབས་ཀྱི་རྫིང་བུ་ཆུང་ཆུང་དེར་འཛུལ་ནས་ཆུ་རྐྱལ་སྟེག་པའི་ངང་ཚུལ་དེ་ནི་ཁ་སང་སོ་མ་བྱུང་བ་དང་འདྲ།  སྡེ་འདབས་ཀྱི་རྫིང་བུ་དེ་ནི་འདབས་ཀྱི་རྣང་ཞིང་དུ་ཆུ་འདྲེན་པར་བཟོས་པ་ཡིན་མོད།  ང་ཚོ་བྱིས་པ་ཚོས་རྫིང་བུ་དེ་ཆུ་རྐྱལ་སྟེག་སའི་རྩེད་ར་ལྟ་བུ་ཞིག་ཏུ་ངོས་འཛིན་པ་ཡིན།  དེ་ནི་སུ་ཚང་གི་ཡིན་པ་དང་སུས་འཕངས་པ་མི་ཤེས་མོད།  རྫིང་བུའི་ནང་རྒྱུན་པར་སྡོང་དུམ་སྦོམ་པོ་མི་རྒན་གྱི་འདོམ་པ་གང་ཙམ་ཞིག་ཆུ་ཁར་གཡེང་གཡེང་ལ་བསྡད་འདུག  ང་ཚོ་སུ་ཞིག་སྡོང་དུམ་གྱི་འོག་ནས་ཕར་ལ་འཛུལ་ཐུབ་ཚེ་བུ་ངར་བ་ཞིག་ལ་རྩི་བར་བྱེད།  ཁོ་བོ་ནི་ཆུང་དུས་ནས་སྤོབས་པ་ཆུང་ལ་འདྲ་མེད་ཀྱི་རིགས་སུ་གཏོགས་པས།  བྱིས་པ་གཞན་རྣམས་ཀྱི་འཕྱ་དམོད་བྱ་ཡུལ་དུ་གྱུར་ཡོད།  ཉིན་ཞིག་ང་གཅིག་པུ་རྫིང་བུར་འཛུལ་ནས་སྡོང་དུམ་གྱི་འོག་ཏུ་ཕར་ལ་འཛུལ་བར་གྲ་སྒྲིག་དང་དཔའ་ངར་མང་དུ་བསྐྱེད་ཅིང་མཐའ་མར་ཕམ་སོང་།  དེ་ལྟར་ང་ཆུང་དུས་སུ་སྡོང་དུམ་དེའི་འོག་ཏུ་འཛུལ་མ་ནུས་ཀྱང་།  རྫིང་བུ་དེའི་ནང་ནས་ང་ཚོའི་དགའ་བའི་དགོད་སྒྲ་ལ་མཚམས་ཆད་མ་མྱོང་བས།  དེ་ནི་ད་ལྟ་བསམས་ནའང་བྱིས་དུས་ཀྱི་རྩེད་ར་འདང་ཆེན་ཞིག་ཏུ་གྱུར་འདུག་པ་གོར་མ་ཆག

  དབྱར་གྱི་དུས་ལ་ར་རྫིར་འགྲོ་བ་དེ་ཡང་ཤིན་ཏུ་སྐྱིད་པོ་ཞིག་ཡིན་པ་འདྲ་སྟེ། སྡེ་བའི་ནང་གི་བྱིས་པ་མང་ཆེ་བས་རང་རང་ཚང་གི་ར་མ་རྣམས་དེད་དེ་རྒྱབ་རིའི་ཕྱོགས་སུ་འགྲོ་བ་དང་།  ཉི་མ་དྲོ་དུས་ཤིག་ཡིན་ཚེ་ཟངས་དེམ་ནང་དུ་ཇ་བསྐོལ་བ་དང་། མཚམས་རེར་བྱིས་པ་ཚོའི་ཁྲོད་དུ་མི་རྒན་ཞིག་ཀྱང་ཡོད་ཚེ། རྫ་མགོ་ནས་འཐེན་ཐུག་བསྐོལ་ཏེ་འཐུང་ཐུབ་ན་དེ་ལས་སྐྱིད་ཅིག་གང་དུ་ཡོད་ཨང་། ངས་འཐེན་ཐུག་མང་པོ་འཐུང་མྱོང་མོད་ར་རྫིར་སྐྱོད་དུས་ཀྱི་རྫ་མགོའི་འཐེན་ཐུག་དེ་འདྲ་ཞིམ་པོ་ཞིག་གཏན་ནས་འཐུང་མ་མྱོང་།  མཁའ་དབུགས་ཁྲོད་དུ་འཐེན་ཐུག་གི་དྲི་ངད་ལྷུག་པོར་ལྡང་ཞིང་། སྣབས་དང་མཉམ་པོར་འཐུང་བའི་འཐེན་ཐུག་དེ་ལ་བྲོ་བ་ཁྱད་པར་བ་ཞིག་ལྡན་འདུག

     ངས་ད་དུང་བརྗེད་དུ་མེད་པའི་དོན་བྱ་གཞན་ཞིག་ནི་ཕ་གིའི་གྲོང་ཚོའི་འགྲམ་དུ་ཚོད་ར་ཆེན་པོ་ཞིག་ཡོད།  ཉིན་ཞིག་ང་དང་ན་མཉམ་བྱིས་པ་འགའ་ཚོད་ར་དེའི་ནང་དུ་ལབ་སེར་རྐུ་རུ་ཕྱིན་པ་ཡིན། ལབ་སེར་གྱི་སྣེ་ལོར་འཇུས་ནས་ཤུགས་ཀྱིས་འཐེན་སྒང་དུ་རྒྱང་རིང་ནས་མི་ཞིག་འོང་བཞིན་པ་མཐོང་།  བྱིས་པ་རྣམས་ཀྱིས་དེ་མཐོང་བའི་མོད་ལ་ལབ་སེར་བསྐྱུར་ནས་གྱང་ཁར་འགོ་ཅི་ཐུབ་བྱེད་ཀྱིན་འདུག    ང་དེ་ཚོའི་རྗེས་བསྙེགས་ནས་བྲོས་ཤིང་གྱང་ཁར་འགོ་དུས་སྐྲག་ཅིང་འདར་ནས་གཞན་རྣམས་རེ་རེ་བཞིན་མཐོང་ལམ་ནས་ཡལ་ཟིན་ཡང་གྱང་ཁར་འགོ་མ་ཐུབ་པར་ལུས།  ངའི་སྙིང་ལུ་གུ་བཞིན་ལྡིང་ནས་མིག་ཆུ་ཉིལ་ལེར་འགྲོ་དུས་མི་དེ་ཚོད་རའི་ཕྱོགས་སུ་མི་ཡོང་བར་ལམ་གཞན་ཞིག་དེད་ནས་བུད་སོང་།  ཉིན་མོ་དེར་སྐྲག་སྐྲག་ཅིག་ང་རང་ད་རག་བར་སྐྲག་མ་མྱོང་བ་འདྲ་སྟེ།  དོན་དག་དེ་ངས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད།  

  དགུན་ཁའི་དུས་ནི་གྲང་ངར་ཆེ་ནའང་སྤྲོ་སྐྱིད་ལྡན་པའི་དུས་ཚིགས་ཤིག་ཡིན་པ་སྨོས་མ་དགོས། ང་ཚོའི་སྡེ་བའི་འགབ་ཏུ་ལུང་བ་གཏིང་ཞིང་ཟབ་པ་ཞིག་ཡོད་དེ།  དགུན་ཁའི་དུས་ལ་ལུང་བ་དེ་ཆབ་རོམ་གྱིས་གཡོགས་ཏེ་དཀར་བོང་བོང་བྱེད་པས། རྒྱང་ནས་བལྟས་ཀྱང་ཐུན་མིན་གྱི་བཀྲགས་མདངས་ཤིག་འཚེར་བར་བྱེད།  ལྷག་ཏུ་དགུན་ཁའི་ཉི་འོད་འོག་དེ་ལ་འགུག་ཤུགས་ཁྱད་པར་བ་ཞིག་ཡོད་དོ།། བྱིས་པ་རྣམས་མ་བོས་རང་འདུས་ཀྱིས་ལུང་བར་སླེབས་ཏེ་དར་ཤུད་སྟེག་པ་དེ་ནི་ཤིན་ཏུ་སྤྲོ་སྣང་ལྡན་པའི་རོལ་རྩེད་ཅིག་ཡིན་ཏེ།  ང་ཚོ་ལུང་མཐིལ་དུ་འཛོམས་མ་ཐག་རང་རང་ས་ནས་རྡོ་ལེབ་འཇམ་པོ་རེ་བཙལ་རྗེས་ཁག་བགོས་ཏེ་དར་ཤུད་འགྲན་སྡུར་བྱེད་པ་རེད།  སུ་ཞིག་རྒྱལ་རྗེས་ཕ་རོལ་པས་རྒྱབ་ལ་ཁུར་ཏེ་གོམ་པ་བཅུ་ཕྲག་ཙམ་འགྲོ་དགོས་ཤིང་།  དེ་ནས་ཡང་བསྐྱར་འགྲན་སྐོར་གསར་བ་ཞིག་གི་མགོ་རྩོམ་ཞིང་།  དེ་ལྟར་ངས་ཁྱོད་ཁུར་ཁྱོད་ཀྱིས་ང་ཁུར་ནས་ཉིན་ཕྱེད་ཅིག་ཇི་ལྟར་འདས་པ་མི་ཤེས་ནའང།  ཡིད་སེམས་གཉི་གར་ངལ་བའི་དུས་ཤིག་ནམ་ཡང་ཡོད་མ་མྱོང་བ་འདྲ།  དར་ཤུད་མཇུག་རྫོགས་རྗེས་བྱིས་པ་རྣམས་ཀྱི་གདོང་ནི་གྲང་ངར་གྱིས་གཙེས་ཏེ་དམར་པོ་གྱུར་འདུག་མོད། ད་དུང་ལག་པ་ཁ་རླངས་ཀྱིས་སྲོ་བཞིན་ཕར་བདའ་ཚུར་བདའ་བྱེད་པའི་རྣམ་པ་དེ་ནི་ད་དུང་མིག་ལམ་དུ་རི་མོ་བཞིན་ཤར་ཡོང་། 

    བསམས་ཤིང་བསམས་ན།  དགུན་གྱི་དུས་ནི་རོང་གྲོང་གི་གཟའ་ཉི་མ་དང་འདྲ་སྟེ། ལོ་གཅིག་གི་ལས་ཀ་ཕལ་མོ་ཆེ་རྫོགས་ཏེ་ཡུལ་མི་རྣམས་ཁོམ་ལོང་གི་དབང་དུ་ལུས་འདུག་སྟེ། བྱིས་པ་རྣམས་ཀྱང་དགུན་གནང་ལ་འཁེལ་ཡོད་པས་རུ་བར་ཀུན་ཏུ་འུར་གྱིས་ཁེངས་འདུག  ང་ཚོས་ཆེས་རེ་སྒུག་བྱེད་པ་ནི་ཕག་བཤའ་བ་དང་ལོ་གསར་ལ་རོལ་བ་དེ་གཉིས་ཡིན།  ཕག་བཤའ་བ་དེ་ནི་ཁོ་བོར་མཚོན་ན་ཅིས་ཀྱང་གླེང་རིན་ཡོད་པ་ཞིག་ཡིན་ཏེ།  ཕག་བཤའ་བའི་དུས་ལ་ཁྱིམ་ཚང་ཕལ་མོ་ཆེ་སྔ་གཞུག་བྱས་ཏེ་ཉིན་འགའི་ནང་བཤས་ཚར་འགྲོ་བ་རེད།  ཕག་བཤའ་དུས་ཀྱི་སྐྱིད་སྣང་ནི་ཕག་ཤ་ཟ་རྒྱུ་དེ་མ་ཡིན་པར་བྱིས་པ་ཚོར་ལྒང་བུ་རེ་ཐེམ་པ་དེ་རེད།  ང་ཚོས་ཕག་གི་ལྒང་བུ་ས་ལ་ཕུར་ཏེ་མཉེན་མོར་བཏང་རྗེས་དབུགས་བརྒྱབ་སྟེ་རྩེད་མོ་རྩེ་བ་དེ་ནི་རྩེད་མོ་ཤིན་ཏུ་འགངས་ཆེན་ཞིག་ཏུ་རློམ་པར་བྱེད། བྱིས་པ་ཕོ་མང་ཆེ་བའི་ལག་ཏུ་ལྒང་བུ་རེ་ཐོགས་ཏེ་སྡེ་འདབས་དང་ཡང་ན་གཡུལ་ཁའི་ནང་སོགས་སུ་ཕར་བདའ་ཚུར་བདའ་བྱེད་དུས་ཀྱི་སྣང་བ་ནི་གང་གིས་ཀྱང་ཚབ་བྱ་ཐབས་བྲལ་ལོ། །  ལོ་གསར་བསླེབ་ལ་ཉེ་དུས། བྱིས་པ་རྣམས་ཀྱི་རོལ་རྩེད་གསར་བ་ཞིག་གི་མགོ་ཚུགས་པ་རེད།  དེ་དུས་ལོ་གསར་གྱི་སྐབས་ལ་ཁྱིམ་ཚང་རེས་བྱིས་པར་ལོ་སྐལ་དུ་ཀ་ར་གཉིས་ནས་གསུམ་དང་། ཁྱིམ་ཚང་འབྱོར་བ་ཅན་ཞིག་ཡིན་ཚེ་ཀ་ར་ལྔ་རེ་སྟེར་གྱིན་འདུག  ང་ཚོ་བྱིས་པ་རྣམས་ཀྱིས་ལྕགས་ཀྱི་འཁོར་ལོ་གྱང་ངོས་སུ་བསྐོར་ཏེ་གྱང་ངོས་དང་ཁད་རིང་བ་དེས་ཁད་ཉེ་སའི་འཁོར་ལོའི་སྟེང་བརྒྱག་པ་དང་། གལ་ཏེ་འཁོར་ལོའི་སྟེང་འཁོར་ལོ་འཁེལ་སོང་ཚེ་ཕ་རོལ་པས་ཀ་ར་གཅིག་རེ་སྟེར་དགོས།  ལོ་གསར་སྔ་མོའི་ནམ་མཁའ་ཡར་ལངས་སུ་བྱིས་པ་རྣམས་གྲོང་ཚོ་ཧྲིལ་བོར་བསྐོར་ནས་རྫོགས་དུས་ཕན་ཚུན་ཀ་རས་དོམ་གཞལ་བའི་དུས་ཀྱང་ཡིན།   མཚམས་རེར་བྱིས་པ་འགའ་རེས་ལོ་གསར་གྱི་ཀ་ར་ཚར་ཏེ་ལག་སྟོང་དུ་ཁྱིམ་ལ་ལོག་དུས་ཀྱང་མང་མང་ཡིན།  ལོ་གསར་ནི་དྲུག་གཅིག་བྱིས་པའི་དུས་ཆེན་ལས་ཀྱང་བྱིས་པའི་དུས་སྟོན་ངོ་མ་སྟེ།  ལོ་གསར་གྱི་སྐབས་སུ་ཟ་མ་ཞིམ་པོ་བཟའ་རྒྱུ་ཡོད་པ་དང་། ལོ་གསར་གྱི་སྐབས་སུ་ལྭ་བ་གསར་བ་གྱོན་རྒྱུ་ཡོད།  ལོ་གསར་གྱི་སྐབས་སུ་ཤོག་སྦག་བཀད་ཆོག  ལོ་གསར་གྱི་སྐབས་སུ་རྒྱུན་དུ་མེད་པ་མང་པོ་ཞིག་ལོངས་སུ་སྤྱད་ཆོག་པས།  ལོ་གསར་ཀྱི་སྐབས་ལ་དགའ་དགའ་ཞིག་ནམ་ཡང་དགའ་མ་མྱོང་།  གནམ་གུང་དགོང་མོར་དགུ་ཐུག་ལ་རོལ་རྗེས་ལྭ་བ་གསར་བ་རུམ་ནས་གོན་རྒྱུར་རྔམ་བཞིན་ཉལ་བའི་ཚོར་བ་དེ་འདྲ་དེང་གི་བྱིས་པ་དག་ལ་དུས་ནམ་ཡང་ཡོད་མི་སྲིད་དོ། །

བྱིས་དུས་སུ་ང་ཚོའི་རྩེད་མོའི་རྣམ་གྲངས་ཡང་མདོར་དེད་ན་ཆུ་རྐྱལ་སྟེག་པའམ། ཤིང་གི་མེ་མདའ་བཟོས་ནས་ཕན་ཚུན་དམག་འཐབ་བྱེད་པ།  ཡང་ན་འཇིམ་བག་གིས་རྟ་དང་བོང་བུ། འདྲུད་འཐེན་འཁོར་ལོ་བཟོ་བ། གཞན་ཡང་སྡེ་དཀྱིལ་གྱི་གཡུལ་ཁ་ཆེན་པོ་དེའི་ནང་དུ་འཇུ་རེས་བྱེད་པའམ་སྦས་རེས་བྱེད་པ་སྟེ།  བྱིས་དུས་ཀྱི་རྩེད་མོ་དག་ནི་དེ་འདྲའི་སྟབས་བདེ་དང་བསྐྱར་ཟློས་ཀྱི་རྣམ་པ་ཞིག་ཡིན་རུང་།  བྱིས་པ་ཚོའི་གདོང་དུ་དཔྱངས་པའི་འཛུམ་མདངས་ནི་ནམ་ཡང་ཉི་འོད་ཀྱིས་བཀྲུས་པ་བཞིན་འོད་ཀྲིག་ཀྲིག་བྱེད། 

  བྱིས་དུས་ཀྱི་གཏམ་རྒྱུད་ཅི་རིགས་དྲན་དུས།  ད་དུང་ཡང་ཁོག་ནས་དགོད་རྒྱུ་ཞིག་ལངས་ཤིང་མཉམ་བཞག་མ་བཞག་གི་བར་ནས་ཁ་ནས་ཆིག་ལབ་རེ་ཡང་ཤོར་འགྲོ།  ང་རང་གི་བྱིས་དུས་ནི་དེ་འདྲའི་མཚར་སྡུག་ལྡན་པའམ་ཡང་ན་སྤྲོ་སྣང་གིས་ཁེངས་པ་ཞིག་རེད། ཡིན་ནའང་ད་ལྟའི་བྱིས་པ་རྣམས་ལ་ཅི་ཞིག་བྱུང་སོང་བ་ཡིན་ནམ།  གྲོང་ཁྱེར་གྱི་བྱིས་པ་མ་ཟད།  ཕ་ཡུལ་དུ་ལོག་ཐེངས་རེར་རུ་བར་དུ་ས་རུབ་མ་རུབ་ཀྱི་མཚམས་སུ་བྱིས་པ་རྣམས་འཛོམས་ཏེ་འུར་རྒྱག་པ་ཞིག་ཀྱང་ཐོས་རྒྱུ་མི་འདུག   བྱིས་པ་རྣམས་གང་དུ་བུད་སོང་ངམ།  བྱིས་པ་རྣམས་ཁྱིམ་ལ་འཛུལ་ཏེ་རྫོགས་རྒྱུ་མེད་པའི་ལས་བྱ་འབྲི་བཞིན་ཡོད་ཀྱང་སྲིད།  ཡང་ན་ཕ་མ་སྤུན་མཆེད་དང་ཆབས་ཅིག་བརྙན་འཕྲིན་གྱི་མཐའ་ལ་རུབ་སྟེ་མིག་གཉིས་གཡོ་བ་མེད་པར་བརྙན་ཡོལ་ངོས་སུ་འཇུར་བསྡད་ཡོད་ཀྱང་སྲིད།   གང་ལྟར་བྱིས་པ་ཚོ་རུ་བར་དུ་མི་འདུག་ལ། བྱིས་པ་ཚོ་གཡུལ་ཁའི་ནང་དུ་ཡང་མི་མཐོང་།  ངས་རྒྱུན་དུ་སྐམ་ཟིན་པའི་རྫིང་བུ་ཆུང་ཆུང་དེའི་ཁར་འགྲེངས་ནས་ཕྱོགས་བཞིར་ལྟ་དུས། སེམས་ལ་ད་ལྟའི་བྱིས་པ་རྣམས་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ་སྙམ་ནས་བསམ་གཞིག་གི་གཡང་དུ་ལྷུང་བར་བྱེད།

  མཚམས་རེར་བསམས་ན་དུས་ནི་འགྱུར་བའི་ངོ་བོ་ཡིན་པས། བྱིས་དུས་དང་བྱིས་དུས་ཀྱང་ག་ལ་འདྲ་ཨང་སྙམ་མོད།  འོན་ཀྱང་ང་རང་གི་བྱིས་དུས་ནི་ཕུན་སུམ་ཚོགས་པའི་བྱིས་དུས་ཤིག་དང་། ཡང་ན་ཁ་དོག་སྣ་ལྔས་བརྒྱན་པའི་བྱིས་དུས་ཁྱད་པར་བ་ཞིག་ཡིན་སྣང་ཤར་འོངས། དེ་ལྟ་མོད་ཀྱང་།  ད་ལྟ་རང་ཉིད་ཕ་རུ་གྱུར་ཏེ་རང་གི་བྱིས་པར་ལྟ་དུས། ལར་རང་གི་བྱིས་དུས་དེ་འདྲ་ནི་ཁོ་ཚོར་མཚོན་ན་དོན་སྙིང་གིས་སྟོང་ཞིང་རོ་མེད་བཅུད་མེད་ཅིག་མིན་པའི་ངེས་པ་ག་ལ་ཡོད་ཀྱང་སྙམ་འོངས་ཏེ།

ཁོ་ཚོ་ལབ་སེར་རྐང་གཅིག་གི་ཆེད་དུ་སྤྱི་ལེ་དུ་མ་བརྒྱུད་དེ་སྐྲག་སྐྲག་འདར་འདར་ལ་གྱང་ཁར་འགོ་སྲིད་དམ།

ཁོ་ཚོས་གྲང་ངར་རྒྱབ་ལ་གཡུགས་ཏེ་ལུང་བ་སྐམ་པོ་ཞིག་གི་ནང་དུ་ཉིན་གང་བོར་དར་ཤུད་སྟེག་སྲིད་དམ།

ཁོ་ཚོས་ཀ་ར་རྡོག་ཆ་རེའི་དོན་ལ་ཁྱོད་ཤི་ང་གསོན་བྱེད་སྲིད་དམ།

ཁོ་ཚོས་ཕག་གི་ལྒང་བུ་དབུགས་ལྒང་དུ་བརྩིས་ནས་ས་ལྡིང་གནམ་ལྡིང་བྱེད་སྲིད་དམ།

ཁོ་ཚོས་ལྭ་བ་གསར་བ་ཞིག་རུམ་ནས་ནམ་ཕྱེད་བར་དུ་མིག་གདངས་ནས་སྡོད་སྲིད་དམ།

ཁོ་ཚོས་འགྱིག་ལྷམ་རལ་བོ་ཞིག་ངོ་མཚར་དུ་བཟུང་སྟེ་དེའི་མཐིལ་གྱི་ཁུང་བུ་རྒྱང་མཐོང་དུ་རློམ་སྲིད་དམ། 

ཁོ་ཚོས་རུ་བར་དུ་རླངས་འཁོར་ཞིག་མཐོང་ན་ས་རྡུལ་ལ་མ་འཛེམས་པར་དེའི་རྗེས་སུ་རྒྱུག་ཐུབ་ཐུབ་བྱེད་སྲིད་དམ།

ཁོ་ཚོས……

ཞིབ་ཏུ་བསམས་ན།  དེ་དག་ཀྱང་གཙོ་བོ་མིན་པ་འདྲ་སྟེ། ཡང་ན་དེ་ལས་ཀྱང་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི། དེང་གི་བྱིས་པ་རྣམས་ཀྱི་ནར་སོན་གྱི་གོ་རིམ་དེ་ནི་རང་དབང་དང་བྲལ་བ་ཞིག་སྟེ། ཁོ་ཚོར་སློབ་སྦྱོང་སློབ་སྦྱོང་ཟེར་བའི་ཁུར་བོ་ལྕི་མོ་ཞིག་གིས་མནན་ཏེ་གཉུག་གཤིས་དྭངས་མ་རང་དགར་མངོན་པའི་སྐལ་བ་ཡོངས་སུ་ཕྲོགས་འདུག་པ་དེ་རེད།

གྲོང་ཁྱེར་དང་ཞིང་གྲོང་གང་ཡིན་རུང་བྱིས་པ་རྣམས་ལོ་གཉིས་གསུམ་ལ་སོན་ཙམ་ནས་བྱིས་སྙོར་ཁང་དུ་བསྐྱལ་ཏེ་ཡི་གེ་དང་རི་མོ། ཞབས་བྲོ། རོལ་དབྱངས། ཐ་ན་དབྱིན་ཡིག་སོགས་ཀྱང་སློབ་དགོས། འདིར་བསམ་གཞིག་གཏོང་དགོས་པ་ཞིག་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བྱིས་སྙོར་ཁང་དུ་བྱིས་པའི་རྒྱུད་ལ་རིག་གནས་ཤེས་བྱ་འཇོག་རྒྱུ་དེ་གཙོ་བོ་མ་ཡིན་པར།  ཁོ་ཚོའི་རང་རྟོགས་འདུ་ཤེས་དང་འཚོ་གནས་འདུ་ཤེས་བསླང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོར་བརྩི་བ་རེད་ཟེར།  ལན་རེར་བསམས་ན་ང་ཚོའི་སློབ་གསོ་དེ་ཆུ་མགོ་ནས་རྙོག་ཟིན་པ་ནི་ཤིན་ཏུ་ཕངས་ཤིང་སྐྱོ་བ་ཞིག་སྟེ།  གལ་ཏེ་ང་ཚོས་བྱིས་པར་རང་དབང་དང་སྐྱོན་བྲལ་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན། ང་ཚོས་རང་བྱུང་ཁམས་དང་ཉེ་ཞིང་རང་སྟེང་གི་རྟོགས་འདོད་ཤེས་འདོད་ཀྱི་མོས་པ་དང་བསྟུན་པའི་སློབ་གསོ་ཞིག་སྤྲོད་ཐུབ་ན། ང་ཚོའི་བྱིས་པ་དག་ཀྱང་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པ་གདོན་མི་ཟ།

མཇུག་ཏུ།  ཡུལ་གདུང་ཕྲ་མོ་དེའི་དབང་གིས་ང་ལ་ད་དུང་སེམས་ཁྲལ་གཞན་ཞིག་ཡོད་པ་ནི། གྲོང་ཁྱེར་ན་འཚོ་བའི་བྱིས་པ་འདི་དག་ལ་རང་རང་གི་ཕའམ་མ་དང་མཚུངས་པའི་བྱིས་དུས་ཀྱི་དྲན་ཤིང་དེ་འདྲ་མེད་ཀྱང་ཆོག་མོད། ཁོ་ཚོ་ནར་སོན་དུས་ཕ་ཡུལ་ཕ་ཡུལ་ཟེར་བའི་རི་སྡེ་ཆུང་ཆུང་ཞིག་ཀྱང་ཡོད་མེད་མི་ཤེས་པ་དེའོ།  ། 

གསལ་བཤད།(  རྩོམ་ཐུང་འདི 2017ལོའི《བོད་ཀྱི་སློབ་གསོ》དེབ་དང་པོའི་སྟེང་བཀོད་ཡོད། )

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།