ཀྲུང་གོ་བོད་ཀྱི་དྲ་བ།

དགའ་རོགས་སྐོར་གྱི་བརྩེ་དུང་དང་མཛའ་མཐུན་གླེང་བ།   

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་མཐར་གྱིས།    སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

      འབྲལ་ཐབས་མེད་པའི་བརྩེ་དུང་དང་མཛའ་མཐུན་འཚོ་བས་གཞི་ནས་བདེ་སྐྱིད་བསྐྲུན་པ།

སྟོད་དུམ།  དགའ་ཞེན་དང་དམ་འཛིན།

༡_དགའ་འདང་གི་འཇའ་ཚོན་ལྟ་བུ་རི་མོ་དེ་གོམས་སྲོལ་རྡུལ་ཚོགས་ཀྱིས་མ་གོས་ཤིང་དགའ་ཞེན་ཡོད་པའི་མི་ལ་ སྤོབས་པ་དང་སྤྲོ་བ་ཆེན་པོས་ང་ཁྱོ་ལ་དགའ་ཞེས་འབོད་ཐུབ་དགོས།   སྤྱིར་ན་སྐྱེས་པས་བུད་མེད་འདེད་དགོས་པའི་འགྲོ་སྟངས་ཡོད། དེ་ལས་ལྡོག་སྟེ་བུད་མེད་ཀྱིས་སྐྱེས་པ་འདེད་ནའང་ལས་དོན་གང་ལས་ཀྱང་འགལ་བ་མི་འབྱུང་ངོ་།།

༢_བརྩེ་དུང་ནི་ཐོག་མའི་དུས་རིམ་གྱི་བག་ཆགས་དེ་ཆེས་གལ་ཆེ་ཤོས་ཡིན་ལ་དགའ་བ་ནི་སེམས་ལྡན་ཀུན་ལ་ལྡན་ཕྱིར་དགའ་མོས་ཀྱི་སྐད་ཆ་དང་རྣམ་འགྱུར་ནི་ངོ་ཚ་ཙམ་མ་ཡིན་པར་མ་ཟད་དེ་ནི་མཐུན་འབྲེལ་གྱི་དགའ་སྤྲོའི་དག་ཞིང་ཞིག་བསྐྲུན་པ་ཡིན།   

༣_རང་གིས་དགའ་བའི་མི་དང་བར་ཐག་ཉེ་བར་དུ་བཏང་བ་ནི་ཁྱེད་ཀྱི་ལས་འགོ་འཛུགས་པའི་སྔོན་འགྲོ་ཡིན།   འབྲེལ་བ་ལས་ཐོག་ཏུ་སྨིན་དུས་མི་དེ་སྔ་ལྟར་མ་ཡིན་པར་འགྱུར་ལྡོག་མང་མོད།  དེ་ལ་ཁྱོས་ལྡོག་ཕྱོགས་ཤིག་མི་སྙམ་པ་དེ་ལ་ཐད་ཀར་འཚམ་འོས་པའི་དྲི་བ་བཏོན་ནས་ལེན་འཚོལ་ན་རྒྱུས་ལོན་ཡང་དག་ཅིག་བྱེད་པའི་ཐབས་མཆོག་ཡིན།

༤_དགའ་བ་ནི་རང་ཐོག་ཏུ་ཡོད་པའི་གསང་བའི་མེ་ཏོག་དམར་དམར་ཞིག་ཡིན་ཕྱིར་དེ་ཉིད་ཁོག་ཏུ་སྦས་པ་རིང་ན་རུལ་སུངས་སུ་གྱུར་ནས་ནད་ཅིག་ཡིན་སྲིད་པས་མེ་ཏོག་དེ་རང་གི་མཆོད་པ་འབུལ་ན་འདོད་སའི་མི་དེ་ལ་ཐད་ཀར་དུ་བཤམ་སྟོན་དང་མཆོད་པ་འབུལ་ཐུབ་དགོས། 

༥_ཁྱོ་རང་གི་དགའ་སའི་མི་དེ་དང་ཁྱོའི་བར་གྱི་མཛའ་མཐུན་ལག་འཇུ་ཐུབ་མིན་དེ་དུས་ཚོད་ལ་རག་ལུས་པས་དུས་ཚོད་ནི་ཅི་ནས་ཀྱང་གལ་ཆེ་བའི་བརྩེ་དུང་གི་ལྷུ་ཚིགས་སྒྲིག་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་པས་དམ་འཛིན་བྱ།

༦_ཕོ་མོ་སུ་ཞིག་ཡིན་ན་དགའ་བ་དེ་མངོན་འགྱུར་བྱེད་ཆེད་ཚིག་དེ་ཉམས་མི་དམའ་ཞིང་སྒྲ་དག་སྒྲོས་གཙང་གི་སྒོ་ནས་ང་ཁྱེད་ལ་དྭངས་གཙང་གི་དགའ་ཞེན་དཀར་པོ་ཞིག་ཆགས་ཐལ་ཞེས་བོས་དང་།    མཇུག་མཐའི་འབྲས་བུ་གང་ཡིན་རུང་རྗེས་མ་ཁྱེད་ལ་འགྱོད་གཅོང་གི་ནད་ངན་དེ་འབྱུང་མི་སྲིད།འདི་ལྟ་བུ་སྐད་ཆའི་བར་གསེང་ནས་ད་ལྟ་ཁྱེད་རང་གི་སེམས་སུ་ཡོད་པའི་མི་དེ་ལ་དངོས་ཤུགས་གང་རུང་ནས་དགའ་བ་གླེང་པའི་སྤོབས་པ་ཆེན་པོར་ཞིག་བསྐྲུན་དགོས་པ་དེ་ཡིན།

བར་དུམ།  བརྩེ་དུང་དང་མཛའ་མཐུན།

༡_བརྩེ་དུངས་ནི་གནས་སྐབས་འབྲེལ་བྱེད་ཀྱི་སྐུད་སྣེ་ཙམ་ཡིན་པས་དོན་དམ་གྱི་འབྲེལ་བ་ནི་མཛའ་མཐུན་ཡིན་ནོ།།  བརྩེ་དུངས་ནི་འཕྲལ་དུས་ཀྱི་ལྟ་སྣང་ལས་འབུད་སྲིད།     དེ་ལ་དུས་ཡུན་རིང་བོ་ཞིག་འཁྱོངས་སྲིད་པའི་ངེས་པར་མེད།     ཡིན་ནའང་དོན་དམ་གྱི་བརྩེ་བ་ནི་མཛའ་མཐུན་ཡིན་ལ་དེས་ང་ཚོའི་ཁ་དོག་ཙམ་མི་ལྟ་བ་ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ་རྒྱུས་ལོན་དང་དད་པ་ཆེན་པོ་ཞིག་བཞག་ཡོད་པ་དེའོ།།

༢_སྐྱེས་མ་ཞིག་ལ་མཚོན་ན་སྐྱེས་པ་ཞིག་གིས<ང་ཁྱོད་ལ་དགའ།  ཁྱོ་འདི་གཅིག་མཛེས་ཁུ།>འདི་ལྟ་བུ་ཞིབ་ཕྲ་མེད་པའི་སྐད་ཆ་འགས་དྲ་འོག་ཏུ་ཚུད་པ་ནི་གཞི་ནས་འགྱོད་སྲིད་པ་ཞིག་རེད།  སྤྱིར་མི་ཞིག་ལ་དགའ་བ་དེ་ཆེས་སྐྲག་ཚ་བ་ཞིག་རེད།   རྒྱུ་མཚན།   རང་གི་ཆེས་སྙིང་ན་དགའ་བའི་མི་དེའི་བར་ཐག་ན་དོན་ལྡན་གྱི་སྐད་ཆ་དེ་བཤད་མ་ཕོད་པར་ལྷག་པ་དེ་ཡིན།  ཕམ་ཁ་དང་རྒྱལ་ཁའི་མཇུག་འབྲས་ལ་ཐེ་ཚོམ་ཆེ་བས་གནོན་ཤུགས་ལྗིད་གོག་ཅིག་གོ །

༣_སྐྱེས་པ་འགའ་ནི་ཆགས་པ་ཁོ་ན་ལས་འདང་བརྒྱག་མི་ཤེས་མཁན་ཡོད་མོད།   བུད་མེད་ཀྱི་མི་ཚེའི་འགྲོ་ལམ་དང་དེའི་བདེ་ཐང་ལ་མི་བསམ་པ་སྐར་ཆ་འགའི་བཟི་རླབས་ཀྱི་ཆེད་དུ་སྐྱེས་མ་མང་བོ་ཞིག་དོང་དུ་བསྐྱུར་ནས་འགན་མི་ཁུར་བ་མང་།  སྤྱིར་ན<བུད་མེད་ཚོས་ནམ་རྒྱུན་སྒྲོམ་སྒྲོམ་བྱེད་པ་དང་སྐྱེས་ཕོ་ཚོས་ནམ་རྒྱུན་རྫིག་རྫིག་བྱེད་པའང་དམིགས་ཡུལ་གཅིག་སྟེ་འདོད་སྤྱོད་ཡིན>ཞེས་བཤད་ཆོག ། མཁས་དབང་དགེ་ཆོས་ཚང་གིས་ཀྱང་ཕོ་མོ་གཉིས་ཕན་ཚུན་ལྟ་ཞོར་དང་འཛུམ་པ་ཙམ་དེའང་མཐར་གཏུགས་ན་འདོད་སྤྱོད་ལས་ལོགས་སུ་བཀར་མི་ཐུབ་ཅེས་པའོ།།

༤_སྤྱིར་ན་རང་ཚོའི་འབྱུང་འགྱུར་ཀྱི་ལས་ཀ་དང་དུས་ཚོད་ལ་ཁག་ཐེབས་དཀའ་མོ་རེད།  འོན་ཀྱང་།  ལོ་ངོ་རིང་ཐུང་གང་ཡིན་ཡང་དེའི་བར་ནས་མི་རེའི་འཚོ་བ་རེ་རོལ་ངེས།མི་རེའི་ཁྱིམ་གཞི་རེ་འཛུགས་ཏེ་དགའ་སྐྱོ་འདྲེས་མ་དང་ངུ་དགོད་གོ་ལྡོག་ངང་དབུགས་རིང་འབྱིན་ཅིང་རྔུལ་ཆུ་གཏོར་དགོས་རུང་མདོ་ན་འཚོ་བ་མ་སྙོམ་པ་རེ་སྐྱོང་དགོས།ང་ཚོས་བདེ་སྐྱིད་ཅེས་པའི་ཡིག་འབྲུ་འདི་གཉིས་དོན་ཐོག་ཏུ་མི་གཞིག་པར་རྟེན་འབྲེལ་དང་ཁ་གཡང་གི་ཚུལ་ཙམ་སྨྲོས་ཀྱིན་ཡོད་པ་རེད།  བདེ་སྐྱིད་ཅེས་པའི་ཡིག་འབྲུ་འདི་གཉིས་མཁོ་ན་ཐོག་མ་མཛའ་མཐུན་ཞེས་པའི་ཡིག་འབྲུ་གཉིས་པོར་ལད་ཟློས་ཙམ་མ་ཡིན་པ་ལག་ལེན་དང་དུས་ཀུན་དོ་སྣང་སྦྱོང་དགོས།  ཡང་དག་མཛའ་མཐུན་གྱི་འཚོ་བའི་མེ་ཕུང་ཞིག་གསོ་ཐུབ་ཚེ་བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་ནི་མཛའ་མཐུན་ཞེས་པའི་ཡིག་འབྲུ་གཉིས་དང་ཁ་འབྲལ་ཐབས་མེད་པར་མཐུན་པ་སྤུན་བཞི་ཡི་ངོ་བོ་དང་གཅིག་མཚུངས་རེད།

༥_སྤྱིར་ན་སྙིང་སྟོབས་དང་བརྟན་ཚིག་རང་བཞིན་ལྡན་པའི་སྐྱེས་བུ་ཞིག་ཡིན་ན་འཇིག་རྟེན་གྱི་འཚོ་བ་རོལ་བ་ལ་ཁོས་བདེ་སྐྱིད་ལས་ལོགས་སུ་དགར་ཏེ་སྡུག་བསྔལ་གྱི་འགག་སྒོ་མང་བོ་ཞིག་བཏོར་བའི་ཐབས་ཇུས་འཚོལ་བའི་བློ་སྟོབས་ལྡན་པ་རེད། རང་བཞིན་གྱི་མི་ཞིག་ཡིན་ན་འཚོ་བ་ནི་བདེ་སྐྱིད་དང་དགའ་སྤྲོ་ཁོ་ན་དགོས་ཕྱིར་བུད་མེད་མཐུན་པོ་ཞིག་འདོད་པ་རེད།དེ་ལས་ཁོས་རྒྱང་རིང་གི་ལོངས་སྤྱོད་མང་བོ་ཞིག་བསྒྲུབ་པའི་སྐུལ་སློང་གི་རྨང་གཞི་མེད་པས་ཉེ་གནས་ཀྱི་བདེ་སྐྱིད་དེའོ།།

ཐ་མ་ཞིག་གིས་འཇིག་རྟེན་གྱི་འཚོ་བའི་བདེ་སྐྱིད་ནི་བཟའ་ཚང་རང་ཐོག་ཏུ་མི་སྙམ་སྟེ་ཕྱི་རོལ་གྱི་དངོས་པོ་དང་ལོངས་སྤྱོད་ཀྱི་བཀྲེས་ལྟོགས་ཁོ་ནའི་བསྐྲུན་པའི་བུ་ལོན་ཞིག་ཡིན་པར་འདོད་པ་དེའོ།།  འདི་དག་ནི་མི་རེ་རེའི་བསམ་རྒྱ་ཆེ་ཆུང་ལས་
བྱུང་བའི་ཁ་དོག་འདྲ་མིན་སྣ་ཚོགས་ཤིག་གོ །

སྨད་དུམ།   འཚོ་བ་དང་གདམ་ག

 ༡_མཛའ་བརྩེའི་རི་ཆུ་མཐོ་ས་ནས་བརྒལ་ལམ་དམའ་ས་ནས་བརྒལ་ཏེ་ཁྱིམ་གྱི་སྤྲོ་བ་བསུ་ཞེ་ན་དེ་ནི་ཁྱེད་རང་གཉིས་ཀྱི་མཛའ་མཐུན་ལས་གཞན་གང་ཞིག་ཀྱང་ཁ་ཡ་མེད་ཚོད་རེད།《ང་ཚོའི་མི་ལུས་ནི་རྡོ་རྗེ་ཕ་ལམ་ཞིག་ཡིན་ལ་དེ་ལས་འཕྲོས་པའི་འོད་ཟེར་གྱི་དྲོད་ཁོལ་ཚ་པོ་དེ་མཛའ་མཐུན་ཡིན།》  བརྩེ་དུངས་ནི་སྐྱེ་སྟོབས་ཀྱི་ཤེས་རབ་དང་བདེ་སྐྱིད་ཀྱི་འབྲས་བུ་ཡིན་ལ་མཛའ་མཐུན་གྱི་ལོངས་སྤྱོད་མཆོག་གྱུར་ཅིག་རེད།

༢_མི་གཅིག་ལ་མི་གཅིག་གིས་དགའ་བ་དང་དེ་གཉིས་ལྷན་ཅིིག་ཏུ་མཉམ་དགའ་འོང་བ་བྱེ་བྲག་ཁག་པོ་རེད།  ཡིན་ན་འང་།   མི་གཅིག་གིས་མི་གཅིག་ལ་དགའ་བ་དེ་ཐོག་མའི་གོ་རིམ་ཁྲོད་ནས་འཆར་སྣང་ཐུང་ཐུང་ཞིག་ཡིན།     དེའང་བཞིན་ལ་ཆགས་པ།  གཤིས་ཀ  ལས་སྟངས། བཤད་སྟངས། གོས་གྱོན་སྟངས།  འཛུམ་དམུལ་སྟངས།  རྒྱུན་པར་རང་ལ་ལྟ་སྟངས།   རྒྱུ་ལ་ཞེན་པ། རིགས་ལ་ཞེན་པ།   རུས་ལ་ཞེན་པ།   མིང་གྲགས་ལ་ལྟ་བ་སོགས་སེམས་ཅན་འདྲ་དང་མི་འདྲ་བརྒྱ་ལ་དྲན་པ་དང་དགའ་ཕྱོགས་དེ་བཞིན་འཁོར་གིན་ཡོད།   སྔོན་དུས་ན་རིགས་རྒྱུད་དང་བུ་རྒོད་མིན་ལ་ལྟ་སྲོལ་ཆེན་པོ་རེད།   ད་ལྟ་བཞིན་ལ་ཆགས་པ་དང་རྒྱུ་ལ་ཞེན་པའི་ལམ་ལུགས་གཙོ་བོ་རེད།  འདི་དག་ཐོག་མའི་རྨང་གཞི་རེད།  དངོས་གཞི་ཡང་དག་ནི་ཕན་ཚུན་མཛའ་བརྩེ་དང་སྐྱིད་སྡུག་མང་བོ་ཞིག་མཉམ་དུ་གདོང་ལེན་ཐུབ་མིན་ལ་དམ་བཅའ་འཇོག་ཐུབ་མིན་དེའོ།།

༣_ང་དང་ཁྱེད་ཀྱི་སེམས་ཁོང་དུ་མི་གང་འདྲ་ཞིག་ཡིན་ཡང་།  རང་སེམས་ཀྱི་གསང་བའི་ལམ་ན་ཉིན་བཞིན་དྲན་ཤིང་མཚན་གང་རྨིས་པའི་མི་ཞིག་ཡོད་ངེས།  ཁྱེད་ལ་དོན་རྐྱེན་ག་གེ་མོ་ཞིག་འཕྲད་ཚེ་རང་ཐོག་གི་སྡུག་བསྔལ་ཙམ་མ་ཟད་གློ་ཉེ་བའི་མི་དེ་ཉིད་སེམས་ཁུར་དང་སྡུག་བསྔལ་མི་ཉུང་བ་ཞིག་བྱེད་སྲིད།   དེ་ནི་ང་ཚོས་དགའ་མིན་གྱི་ཤེས་པ་འམ་རྟགས་གཙོ་བོ་རེད།  དེས་ན། ནམ་ཉིན་མ་ཞིག  ཁྱེད་ཀྱི་སེམས་ལ་ཉལ་བའི་མི་དེ་དང་འབྲེལ་བའི་བཀག་རྡོ་ཞིག་ཐུག་ཚེ་ཁྱེད་ཀྱིས་མི་དེ་སེམས་ཁོང་ནས་དྲི་མ་ལྟར་བཀྲུ་ཞིང་གད་སྙིགས་ལྟར་འདོར་དགོས་ཚེ།   འདོར་ཐབས་མེད་པའི་སྡུག་བསྔལ་ཚད་མེད་པ་མ་ཟད།   དེ་བས་ཀྱང་འབྱུང་འགྱུར་གྱི་ལམ་ཁ་ནས་བཅོས་ཐབས་མེད་པའི་སེམས་གཅོང་ཞིག་གོ །

༤-གལ་སྲིད།   མི་ཞིག་གིས་མི་ཞིག་ལ་བཙན་གྱིས་དགའ་དགོས་པའི་ཐ་ཚིག་ཅིག་ཡོད་ན།  ཁྱི་དང་ཞི་ལ་མི་མཐུན་བཞིན་དུ་བསམ་མ་ཤེས་པས་མི་མཐུན་གྱོད་གཞི་འཛུགས་པ་དེ་རེད།  ཡུལ་ལུང་རེ་ན་གོམས་གཤིས་འདྲ་མིན་རེ།  དུས་འགྱུར་གྱི་ཁ་ཕྱོགས་དང་བསྟུན་པའི་ལས་སྲོལ་རེ། སྔར་བདེན་འདོད་ན་ད་བདེན་པའི་རྡོ་རྗེ་ཡིན་པ་མ་ངེས།  ཚེ་སྲོག་སྤྱིའི་ཆ་ནས་བསམ་གཞིགས་བཏང་ན་རང་གི་ལུས་ངག་ཡིད་གསུམ་དེ་རང་ལ་དབང་བའི་བདེན་རྟགས་དེ་ལུས་རྟེན་འདིས་གྲུབ་ངེས་ཏེ་མངོན་ལྐོག་གང་ནས་ཀྱང་གཞན་གྱིས་ཚོད་འཛིན་མི་ཐུབ་པ་དེའོ། ། གཉེན་སྟོན་བཙན་སྒྲིག་གི་ལམ་ལུགས་དེ་ལ་【མ་མོས་པའི་ལས་དང་། མ་འདོད་པའི་རྒྱུ། མ་དགའ་བའི་མི། མི་སྤྲོ་བའི་ཡུལ།】འདི་བཞི་ངེས་ཅན་དུ་ཡོད་པས་འཚོ་བ་ཡིད་དུ་འོང་བ་ཞིག་རོལ་དགོས་ཤེ་ན་ད་ནི་འབྱུང་མི་སྲིད་པའི་ལྟ་བ་སྟེ་གནམ་ས་མགོ་རྐུབ་ཏུ་བསློག་པའོ།  །མི་དེ་རང་དབང་མེད་པའི་འཚོ་བ་ནི་སྒོ་ཁའི་ཁྱི་རྒན་ལྟ་བུ་ཡིན་པ་སྨྲོས་ཅི་དགོས།གཉེན་སྟོན་ཅིག་བྱས་པའི་དབང་དུ་བཏང་ན།   བདེ་སྐྱིད་ཀྱི་བྲོ་བ་ནི་ཁ་ཚ་བ་ཞིག་གོ །

༥-མཛའ་མཐུན་གྱི་མི་ཚེ་བསྐྱལ་ཡ་ཞིག་དགོས་ན། ཁོར་ཡུག་དང་འདོད་རྔམ་དེ་ཙམ་ཆེ་མི་རུང་།  རྒྱུ་མཚན། ཡུན་རིང་མཉམ་བཤིབ་མཉམ་ཉལ་གྱི་བློས་ཐུབ་ཀྱི་ཚེ་རོགས་ཤིག་ལས་ཁོར་ཡུག་ནོར་རྫས་ཀྱིས་ཁྱེད་ཀྱི་རེ་བ་ཡོངས་རྫོགས་སྐོང་མི་ཐུབ་ལ་དེ་བས་སྐྱིད་སྡུག་གི་སྙིང་གཏམ་བཤད་ས་ཞིག་ ག་ན་ཉེན།  དོན་དམ་གྱི་བརྩེ་བ་ནི་ཕྱུག་དབུལ་མཐོ་དམན་གང་ལ་ཆགས་ཀྱང་རང་ལ་དབང་བའི་སྤྲོ་སྣང་སྟེ་ཚོར་ཤེས་ཀྱི་ངོས་ནས་འདྲ་འདྲ་ཡིན་པའི་ཕྱིར་ན། གང་ཞིག་དབུལ་བའི་ཚད་ལ་ལྟ་བ་དང་ཕྱུག་ལ་ཞེན་པ།   དཔོན་རིགས་མཐོ་དམན་སོགས་སུ་<མེ་ལ་འབུ་མེ་ལྕེབས་>ཆགས་པ་ལྟར་ཡིན་པས་གནས་སྐབས་ཀྱི་མེ་མཆེད་པ་དེ་ནི་འཕྲལ་དུས་ཀྱི་དྲོད་ཁོལ་ཙམ་ཡིན།    ཡུན་རིང་གི་དྲོད་ཁོལ་ཉག་མ་དེ་ཁྱེད་ཀྱི་གྲིབ་གཟུགས་འཚོལ་བའི་ཉི་མ་དེ་ཡིན་པས་ཕྱི་རོལ་གྱི་དངོས་པོ་གཞན་གང་
ཞིག་མ་ཡིན།     གལ་སྲིད།   ཁྱེད་ཀྱི་བདེ་སྐྱིད་ནི་རང་ལ་བློ་དཀར་ཞིང་སྐྱིད་སྡུག་གང་འདྲ་ཞིག་འཕྲད་ཀྱང་མཉམ་གནས་ཀྱི་ཆོད་སེམས་ཅན་ཞིག    སྐྱོ་ན་སྐྱོ་གླུ་ལེན་རོགས།  སྡུག་ན་སྡུག་མཆིལ་མ་འབྱི་རོགས། དཀའ་ན་དཀའ་སྤྱད་མཉམ་གནས།   ཕམ་ན་ཉེས་ཆད་མཉམ་མྱོང་གི་བློས་ཐུབ་ཀྱི་སྙིང་དུམ་དམ་པ་ཞིག་འདོད་ན།   ཡིད་ཆེས་དང་ཁྱེད་ཀྱི་ཆེད་དུ་སླད་མེད་ཀྱི་སྙིང་ཤ་རྡོག་རྡོག་སྟོན་ཐུབ་མཁན་གྱི་མཛའ་རོགས་ཤིག་བཙལ་རྒྱུ་དེ་གཙིགས་འགངས་ཆེའོ།།སྔོན་མ་བདེ་སྐྱིད་ཀྱི་སྟ་གོན་མི་བྱ་ཞིང་སྡུག་བསྔལ་གྱི་འཚོ་བ་
ལས་ན་སོན་པའི་ཡིད་འདྲིས་ཀྱི་མི་དེ་གདམ་རྒྱུ་གལ་ཆེའོ།།

༢༠༡༧/   ༣ /   ༡༨/ཉིན་མོར་བྲིས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།