ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་ཤུལ་ལ་གདབ་པའི་སྙིང་ཕུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྱེ་ཕུར་མཆོག་གསུམ།   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོགས་པའི་ཆག་འཇིག་དེས་རི་སྤྱང་ཞིག་དང་འདྲ་བར་ཁྱོད་ཀྱི་ཟེ་བ་ནས་སྤྲུགས་སྤྲུགས་ལན་འགར་བྱས་པས།ཞོགས་པའི་སྐྱེ་རྒུ་ཡང་ཤོ་རྡེའུ་ཞིག་དང་མཚུངས་པར་ཁྱོད་ཀྱི་སྙིམ་པ་ནས་གནམ་ལ་ཐེངས་འགར་ལྡིང་སྟེ།དྲོད་ཁོལ་གྱི་ཁྱིམ་གཞི་བརླགས་སོང་།བོད་ཆེན་པོའི་མངའ་ཐང་སྒུལ་སོང་།འཇིག་རྟེན་གྱི་གྲུ་ཁ་སོ་སོ་ཡང་དལ་གྱིས་སྒུལ་སོང་།

ལོ་ལོན་དབང་ལོག་དང་བྱིས་པ་གཉིད་ལོགགསར་བུ་ཅང་ཤེས་དང་གསར་མོ་གཟུགས་ཤེས།ད་དུང་ལྷ་རྗེ་པ་དང་དགེ་འདུན་པ།ཡོད་ཚད་ཁྱོད་ཀྱི་སྒོ་རྩ་ན་མཆི་མས་བརླན་ནས་རྔུལ་ཆུས་བྲན་འདུགལག་ལ་མཆོད་མེ་དང་ཞག་སྒྲོན་ཐོགས་ནས།ངག་ནས་མ་ཎི་དང་གསོལ་འདེབས་ཞུ་བཞིན། ངོ་གདོང་གི་སྒྲོན་མེ་མང་པོ་མི་ཡུལ་ལ་གཏད་ནས་།ཁྱོད་ལ་འོད་ཐིགས་རེ་འཕྲོས་ན་སྙམ་གྱིན་འདུག

ཡུལ་ཤུལ་ལགས།   མ་ཎི་དབྱངས་ལ་འགུགས་ཀྱིན་པ་དེ་ཁྱོད་ཀྱི་ཨ་ཁུ་རེད། སྡུག་ཡུས་གླུ་ལ་གྱེར་གྱིན་པ་དེ་ཁྱོད་ཀྱི་སྤུན་ཟླ་རེད། ད་དུང་སྙན་ངག་གདུང་བས་གྱེར་བཞིན་པ་དེའང་ཁྱོད་ཀྱི་གཉེན་ཉེ་རེད།

ལག་པ་དང་ལག་པ་སྦྲེལ་ནས།སེམས་པ་དང་སེམས་པ་བསྲེས་ནས།བརྩེ་བ་མི་ཡུལ་ལ་འབུལ་གྱིན་འདུགགདུང་བ་ཡུལ་ཤུལ་ལ་མཆོད་ཀྱིན་འདུགནང་བསམ་པ་དཀར་པོ་ལན་དགུར་བཀྲུས་ནས།  ཕྱི་ལུས་པོའི་སྟོབས་ཤུགས་རྩལ་དགུར་སྤྲུལ་ནས། ཁོ་ཚོས་ཟས་གོས་དང་མ་ཎི་འབུལ་གྱིན་འདུགམཆོད་མེ་དང་ལྷག་བསམ་འབུལ་གྱིན་འདུགསེམས་ཤུགས་དང་རྒྱུ་ཤུགས་འབུལ་གྱིན་འདུག དེ་ནི་ཁྱོད་ཀྱི་སྡོང་གྲོགས་རེད། དེ་ནི་ཁྱོད་ཀྱི་ལམ་སྟོན་རེད། དེ་ནི་ཁྱོད་ཀྱི་སེམས་གསོ་རེད།

གཟན་ཤམ་སྐེད་པར་དཀྲིས་པའི་བཙུན་པ་སྟོབས་ལྡན་ཞིག་ཁྱོད་ཀྱི་ཕྱོགས་སུ་རྒྱུགས་ཀྱིན་འདུག  སྐྲ་ལོ་རིང་པོ་བཞག་པའི་སྟག་ཤར་དར་མ་ཞིག་ཀྱང་ཁྱོད་ཀྱི་ར་མདར་ཆས་ཀྱིན་འདུག  མིག་ཟུང་མཆི་མས་བརླན་པའི་བགྲེས་སོང་ཞིག་དང་ལང་ཚོ་དར་ལ་བབས་པའི་སློབ་མ་ཞིག་ཀྱང་ཁྱོད་ཀྱི་དོན་དུ་ངུ་ཡི་འདུགབོད་ཁམས་ན། རྒྱལ་ནང་ན། རྒྱལ་ཕྱི་ན། ཁྱོད་ལ་མྱ་ངན་གྱི་སྙན་ཚིག་འབུལ་གྱིན་འདུག ཁྱོད་ལ་སེམས་གསོ་ཡི་གླུ་གཞས་གཏོང་གིན་འདུགཁྱེད་ལ་བསྔོ་སྨོན་གྱི་མ་ཎི་བགྲང་གིན་འདུག སྟོད་ཀྱི་རི་ཆེན་རྡུལ་དུ་ཉིལ་བ་རང་བྱུང་གི་གནོད་འཚེ་ཞིག་རེད་ལ། སྨད་ཀྱི་མེ་རི་རླབས་ཀྱིས་འཕྱུར་བའང་རང་བྱུང་གི་གནོད་འཚེ་ཞིག་རེད། དེས་ན། རྔམ་པའི་ས་ཆེན་ཤུགས་ཀྱིས་འགུལ་བའང་རང་བྱུང་གི་གནོད་འཚེ་ཞིག་ཅི་ལ་མིན།  རང་བྱུང་གི་གནོད་འཚེ་ནི་བཤོལ་ཐབས་མེད་པའི་སྤྱི་མཐུན་གྱི་བཀའ་ཡིག་ཅིག་མ་ཡིན་ནམ། 

ཡུལ་ཤུལ་ལགས། ང་ཚོས་སྐྱེ་བ་ལ་སྔ་ཕྱི་ཡོད་རུང་འཆི་བ་ལ་སྔ་ཕྱི་མེད་པའི་ཆོས་ཉིད་དེ་རྟོགས་ན་འགྲིག་ལ།  རང་ཉིད་ཤི་བོའི་རྗེས་ཀྱི་གསོན་པོ་དེ་ཡིན་པའི་དཔའ་གདེང་དེ་ཡང་རྙེད་ན་འགྲིག་ཨང་།  

ཁ་སང་དགུན་གསུམ་གྱི་ཁྲོ་བོས་བཅོམས་པའི་ལྗང་སྨྱུག་གི་ཚེ་སྲོག་རེ་རེ།དེ་རིང་སྐྱེས་སྟོབས་ཀྱི་ལང་ཚོ་རྒྱས་པའི་སྐལ་བཟང་ཡོད་ལ།དེ་རིང་སྒྲ་གཅན་གྱིས་ཁྱུར་མིད་བྱས་པའི་ཉི་ཟླའི་ཕུང་བོ།སང་ཉིན་མུན་ནག་གི་མགོན་དུ་བྱོན་པའི་ལས་འཕྲོ་ཡོད་ན།བཞུད་ཟིན་པའི་ཁྱོད་ཀྱི་བུ་དང་བུ་མོ།ཕ་དང་མ་ལོ།མཛའ་བོ་མཛའ་མོ། གཉེན་ཉེ་དང་ན་ཟླའི་ཚོགས།མི་འགྱངས་བར།  སྐྱེ་བ་དང་ལུས་རྟེན་བརྗེས་ནས། རེ་བ་དང་ཡིད་ཆེས་བསྣམས་ནས།  གཡུ་སྦྲ་མཐིང་སྨུག་ཅིག་གི་ཐུ་འོག་ནས་འཛོམས་སྲིད། ཕ་མཁར་སྨུག་པོ་ཞིག་གི་ནང་རོལ་ནས་དགོད་སྲིད།  དེ་དུས་ང་ཚོ་འཚོ་བ་གསར་བ་ཞིག་དང་སྐོར་བྲོ་གསར་བ་ཞིག་གི་མུ་ཁྱུད་ལ་ཡང་བསྐྱར་འཇུས་ཆོག་ཨང་།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།