ཀྲུང་གོ་བོད་ཀྱི་དྲ་བ།

བཞི་གཅིག་བཞི་བརྗེད་མེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁམས་སྨྱོན་ཧེ་རུ་ཀ   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཞི་གཅིག་བཞི་བརྗེད་མེད།

 ཁམས་སྨྱོན་ཧེ་རུ་ཀ


བརྗེད་ཐབས་མེད་པའི་ལོ་ཟླ་ནག་པོ། ཕ་སེམས་བུ་ལ་འཁྲེང་། བུ་སེམས་ཕ་མར་འཁྲེང་བའི་སྐབས་དེར་རླུང་འཚུབ་ཅིག་གིས་ཡོད་ཚད་གཏོར་ཟིན། ཡོད་ཚད་བརླགས་ཟིན། ལོ་རྒྱུས་ཀྱིས་བརྗེད་དཀའ་བའི་བཞི་གཅིག་བཞི། དུས་རབས་ཀྱི་བརྗེད་ཐབས་བྲལ་བའི་བཞི་གཅིག་བཞི། ལྷག་ཏུ་བོད་མི་ས་ཡ་དྲུག་དང་། སྒོས་སུ་སྒ་སྐྱེ་རྒུ་བས་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་ཆགས་འཇིག་ཆེན་མོ། མི་རབས་མི་རབས་ནས་སུས་བརྗེད་སྲིད་ཨང་། 

མཚར་སྡུག་འོད་སྟོང་གི་རྣམ་ཤེས་རེ་རེ།  སྐད་ཅིག་ཉིད་ལ་རྨི་ལམ་བཞིན་དུ་ངའི་སྤུན་ཟླ་ཚོའི་ཚེ་སྲོག་མང་ཞིག་ཆུ་མོ་བཞིན་རྒྱང་དུ་བཞུད། ལོ་ཟླ་ཇི་ལྟར་རྒས་ཤིང་གཙང་བོ་ཇི་ལྟར་ཁུ་སིམ་མེར་བཞུད་རུང་།  བཞི་གཅིག་བཞི་ཡིདུས་ཚིགས་ནག་པོ་བརྗེད་མི་སྲིད་པའི་སེམས་ཀྱི་ན་ཟུག  ས་ཡི་འདར་ཡོམ་ཞིག་གིས་ཚེ་སྲོག་བཅོམ། རྒྱུ་ནོར་བརླགས། བསམ་དབང་དྲན་དབང་མེད་པར་ཁྱིམ་གཞིས་གཏོར། གོད་ཆགས་ཐེབས། 

འཇིགས་དངངས་དང་མིག་ཆུའི་མཚོ་མོ་འཁྲུགས་པའི་ན་ཟུག་གི་ཞོགས་པ་དེར། མཆི་མ་ཤམ་ཤམ་གྱིས་བསུ་བའི་བཞི་གཅིག་བཞི། བུ་ཕྲུག་དང་ཕ་མ་མཉམ་དུ་བཞུད་པའི་ལོ་ཟླ། སྡུག་གི་མུན་པ་འཐིབ་པའི་འབྲོང་གཡག་གི་ཕ་ས་སྟེ་ཡུལ་ཤུལ་བ། གནམ་མཐའི་ཕྱི་རོལ་ནས་ངུ་ངག་སྡུག་ཡུས་གྱེར་བའི་ཞོགས་པ་དེར།  ཨ་ཕ་ཨ་མ་ཞེས་ངུ་འབོད་ཀྱིས་རི་ལུང་བསྐོར་རུང་། ཨ་ལན་སྤྲོད་མཁན་ཞིག་མེད་པ་སུ་ཞིག་གིས་བཟོས་པ་རེད། དངངས་སྐྲག་གིས་བསླུས་པའི་བཞི་གཅིག་བཞི། ངས་ལག་ཟུང་ཐོད་ལ་སྦྱར་ནས་བཞི་གཅིག་བཞི་ལ་དྲན་གསོ་བྱེད་སྐབས་སུ།  ངའི་སེམས་པའི་མཁའ་དབྱིངས་ནས་སྤུན་ཟླ་ཚོའི་ཚེ་སྲོག་ལ་དངངས་སྐྲག་སྦྱིན་པའི་ལག་དམར་དེ་ཤེས་ན་འདོད། སྨྲེང་བ་ཁུར་བའི་མི་ཚོགས་སུ་ཞིག་གི་རྨ་ཁ་གཙེས་པའི་སྤུན་ཟླ་གང་ཞིག་ལ།  དྲན་གསོའི་དར་ཤིང་བཙུགས་ཡོད་པ་ཤེས་ན་འདོད། ལྷག་ཏུ་ཡུལ་ཤུལ་བས་ཕ་མ་སྤུན་མཆེད། གྲོགས་ཕུ་ནུ་སོགས་ལ་རྗེས་དྲན་གྱི་མ་ཎིའི་སྤྱན་ཟུང་ལས་འདྲེན་ཡོད་པ་ཤེས་ན་འདོད།

དྭངས་བསིལ་གྱི་ཞོགས་པ་ཞིག་ལ། མིག་ཟུང་རིག་རིག་གིས་སྒུག་པའི་དྭ་ཕྲུག་དང་། ཡུགས་མོ། བགྲེས་པོ།  ད་རུང་བུ་ཕྲུག་དང་གཉེན་ཉེ་བཞུད་ཟིན་པའི་ཕ་མ་ཚོ། སྡུག་གི་མུན་པ་འཐིབ། སེམས་ཀྱི་སྤོབས་པ་ཉམས། རེ་བའི་ཡི་ཐང་ཆད། གདུག་རྩུབ་ཀྱི་ཞོགས་པ་དེ་སྤུན་ཟླ་སུ་ཞིག་གི་བརྗེད་སྲིད་ཨང་། ནམ་ཡང་བརྗེད་པར་དཀའ་བའི་འཇིགས་དངངས་དང་། ན་ཟུག  བསམ་དབང་དྲན་དབང་མེད་པའི་སྐར་ཆ་འགའ། སུ་ཞིག་གི་བརྗེད་སྲིད།  ཡུལ་ཤུལ་བ། ཕ་ཤུལ་བུས་འཛིན་དགོས། འདི་ནི་ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁ་ཆེམས་རེད། ཡུལ་ཤུལ་བ། ང་ཁྱེད་ཀྱི་པང་ལ་ཡོད། ངས་ནམ་ཡང་ཁྱེད་ཀྱི་བདེ་སྡུག་གླེང་གི་ཡོད། ཡུལ་ཤུལ་བ། ང་ཚོས་བརྗེད་དཀའ་བའི་བཞི་གཅིག་བཞི་དྲན་གསོ་བྱེད་དགོས། སྤུན་ཟླ་ཚོ། ངས་བཞི་གཅིག་བཞི་བརྗེད་མེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།