ཀྲུང་གོ་བོད་ཀྱི་དྲ་བ།

ཁོ།

  རྩོམ་པ་པོ། : ཀན་ལྷོ།གཙང་པོ།   སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོ་ནི་རྒྱུན་པར་མི་ཚོགས་མང་ས་ནས་མིག་ཤེལ་ནག་པོ་ཞིག་གདོང་ཁུག་ལ་གཟར་ནས་རླངས་འཁོར་ལས་མར་འབབ་པ་དང་།སྐབས་དེར་མི་གཞན་གྱིས་རང་ལ་ལྟ་བཞིན་ཡོད་མེད་ལ་མཉམ་འཇོག་པ་དང་།མི་འགའ་རེས་རང་ལ་བལྟས་ནས་སྐད་ཆ་ཤབ་ཤུབ་རེ་བཤད་ཀྱིན་ཡོད་པ་མཐོང་སྐབས་སེམས་ནས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད།དེ་ནི་ཁོ་ལ་མཚོན་ན་བདེ་སྐྱིད་ཅེས་པ་འདི་རེད་སྙམ་པའི་ཚོར་བ་སྟེར་བྱེད་ཅིག་ཏུ་འདོད་ཀྱིན་ཡོད།

དེ་རིང་ཡང་ཁོ“བང་ཁ་རླུང་འགྲན”ཞེས་པའི་རྩྭ་ཐང་གི་རྟ་རྒྱུག་འགྲན་སྡུར་ཆེན་མོའི་ཡུལ་དངོས་ལ་འབྱོར་ཡོད་པ་དང་།སྔར་བཞིན་མིག་ཤེལ་ནག་པོ་དེ་གདོང་ཁུག་ལ་གཟར་ནས་གཡས་ལྟ་གཡོན་ལྟ་བྱེད་བཞིན་རླངས་འཁོར་ལས་བབས་པ་དང་།གསར་བུ་འགས་ཕར་ཕྱོགས་ནས་ཁོར་ཡ་མཚན་དང་ཡིད་སྨོན་པའི་མིག་ཟུང་གིས་བལྟས་ཡོད་པ་མཐོང་བས་སེམས་གཏིང་ནས་དགའ་བ་ཚད་མེད་ཅིག་སྐྱེས།དེ་མ་ཐག་གྲོགས་པོ་ལ“དེ་རིང་ངས་འདི་ནས་རྟ་ཞིག་ཉོ་རྒྱུ་ཡིན”ཞེས་ཚང་མས་གོ་ཐུབ་པའི་སྐད་གདངས་ཀྱིས་བཤད། གྲོགས་པོས“ཁྱེད་ལྟ་བུ་ཞིག་གིས་རྟ་ཉོས་ན་དོན་དང་མཚུངས”ཟེར་བཞིན Jeepརྟགས་ཅན་གྱི་ཀོ་ཁུག་ཅིག་ཁོར་གཏད་པ་ན་ཁོས་ཕར་ལྟ་ཚུར་ལྟ་བྱེད་བཞིན་སོག་ཐག་བྱས་ཏེ་ཁུར་པ་དང་།གཡས་ལག་གིས་ཨམ་ཕྲག་ལས་ཐ་མག་གི་སྒམ་ཆུང་བཏོན་ཏེ་རྐང་གཅིག་ལ་མགོ་བོ་ནང་དུ་བསྒུར་ནས་མེ་བསྒོས་ཏེ་རྔམ་འཐེན་བྱེད་བཞིན“གཤིབ་རྟ་ལ་བལྟ་ན་འགྲོ”ཟེར་བཞིན་མི་ཚོགས་ཀྱི་དཀྱིལ་བརྒྱུད་ནས་གཤིབ་རྟ་དང་རྟ་བདག་མང་པོའི་སྒར་གྱི་ཕྱོགས་ལ་གོམ་ཁ་བསྒྱུར།མི་མང་པོའི་ཁ་བརྡ་ལ་ཨང་ཉན་བྱས་ན་ཁོ་ནི་ལོ་འདི་འགར་ས་དམར་འབྲོག་ཁུལ་གྱི་ཆེས་ཕྱུག་པའི་མི་ཡིན་པ་དང་།ན་ནིང་ནས་བཟུང་འབྲོག་གི་རྩྭ་ས་མི་གཞན་པར་ལོ་བཅུ་ལ་གླས་པ་དང་།ཨ་མ་དང་ཆུང་མ།བུ་ཆུང་གསུམ་རྫོང་ཐོག་ལ་བསུས་ཤིང་།ཨ་མས་དུས་རྒྱུན་རི་ཁྲོད་དགོན་ནས་ཕྱག་སྐོར་བྱེད་ཀྱིན་ཡོད་པ་དང་།ཆུང་མས་ནི་སློབ་གྲྭར་འགྲོ་བཞིན་པའི་བུ་ཆུང་ཡར་སྐྱེལ་མར་ལེན་བྱེད་པ་དང་བཟའ་མི་ཚོར་ཐུན་གསུམ་གྱི་ཟ་མ་ལས་པ།ཁྱིམ་ལ་གད་བདར་བྱེད་པ་སོགས་ལས་ལས་ཀ་གང་ཡང་མེད་པར་རང་འདུག་ཡིན།ཁོ་ནི་ལོ་གཅིག་གི་ནང་ཡུལ་ལ་ཡོང་བ་ཧ་ཅང་ཉུང་བར་མ་ཟད།ཡོང་ཡང་མགྲོན་པོ་ཞིག་ལྟར་མྱུར་བར་རླངས་འཁོར་ལ་ཁ་ལོ་བསྒྱུར་ནས་བུད་འགྲོ་ཞིང་།ཁོ་ཁྱིམ་ལ་མི་འཁོར་བ་ནི་ཁྱིམ་ཚང་དེར་མཚོན་ན་ཆེས་བདེ་སྐྱིད་མེད་པ་དང་སྤྲོ་སྣང་དབེན་པ་ཞིག་ཡིན་པ་ལས་གཞན་ཁྱིམ་ཚང་དེར་རྒྱུ་ནོར་ལོངས་སྤྱོད་སོགས་མི་འཛོམས་པ་གཅིག་ཀྱང་མེད།ཁྱིམ་ཚང་དེའི་ཁྱིམ་མི་དག་ལ་མཚོན་ན་འབྲོག་ས་གཞན་ལ་གླས་པ་དང་།ནོར་འགའ་ཡོད་པ་བཙོངས་པ་ལས་གཞན་ད་ལྟའི་མཛེས་ཤིང་སྡུག་པའི་ཁང་པ་དང་།དེའི་ནང་གི་རྩ་ཆེ་བའི་ཅ་ལག་དག་ཉོ་བྱེད་ཀྱི་སྒོར་མོའི་འབྱུང་ཁུངས་གང་ནས་ཡིན་པ་སོགས་ལ་འདང་མང་པོ་བརྒྱབ་མ་མྱོང་ལ།རྩ་བ་ནས་ཤེས་ཀྱིན་ཡང་མེད།ཁོང་ཚོར་དོགས་པ་ཞིག་ཡོད་པ་ནི་ཁོ་ཡུལ་ལ་ཡོང་ཐེངས་ཉུང་བ་དེ་རེད།རྒྱུན་པར་ལས་ཀ་གང་ཡང་མེད་པར་ཁང་པ་ཞིག་ཏུ་བཅུག་པའི་ཁྱིམ་མི་དག་གིས་ཁོ་ཁྱིམ་དེར་མི་འཁོར་བར་ཡུལ་གང་ཞིག་ན་ལས་ཅི་ལྟ་བུ་ཞིག་སྒྲུབ་ཀྱིན་པ་སོགས་ལ་དོགས་པ་སྐྱེ་བཞིན་ཡོད།དེ་ལས་ཀྱང་ཁོ་མཚམས་ལན་རེར་ཡུལ་ལ་ཡོང་ཡང་ཟས་སོགས་གང་ཡང་མི་བཟའ་བར་ཉིན་མཚན་འགའ་རེར་ཡིད་ཚིམ་པ་རེ་གཉིད་རྗེས་གར་སོང་ཆ་མེད་དུ་གྱུར་འགྲོ་བ་ནི་ཨ་མ་དང་ཆུང་མ་གཉིས་ལ་མཚོན་ན་ཧ་ཅང་ཞེ་མི་བདེ་བའི་དོན་དག་ཅིག་ཏུ་འགྱུར་བཞིན་ཡོད།ཡིན་ནའང་།ལན་རེར་ཁོ་རང་ཡུལ་ལ་ཡོང་དུས་རླངས་འཁོར་མི་གཅིག་པ་རེ་བསྐོར་ནས་ཡོང་བ་དེ་ནི་ཁྱིམ་མི་གང་པོར་མཚོན་ན་ཧ་ཅང་སྐྱིད་སྣང་སྟེར་བྱེད་ཅིག་ཡིན་པ་དང་།ཁྱིམ་མི་ཚོར་གྱོན་པ་ཡག་པོ་རེ་དང་ཁ་པར་གསར་པ་རེ་ཉོས་ཡོང་བ་དེས་ཁྱིམ་མི་ཚོར་ཁོ་རང་ཡུལ་ལ་མི་འཁོར་བའི་སྡུག་ཡུས་ཀྱང་བརྗེད་དུ་འཇུག་པ་དང་།ཐ་ན་སྡུག་ཡུས་དེ་དག་ནི་ཁོ་ལ་བཀའ་ལོག་བྱས་སོང་བ་ལྟ་བུའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་རུ་འཇུག་གིན་ཡོད།

སྟོན་མཇུག་གི་ཟླ་འོད་ཧ་ཅང་གསལ་བའི་མཚན་མོ་དེར།ཁོ་ཚང་ལ་རུ་སྡེ་ཡོངས་ཀྱི་སྐྱེས་ཕོ་མོ་མང་པོ་འཛོམས་པ་དང་།དམར་མདངས་ཀྱིས་ཕྱུག་པའི་ཉིན་བྱེད་ནུབ་རིར་མ་ཡལ་བའི་སྔ་རོལ་ཏུ་སྒོ་དར་ལྷབ་ལྷུབ་བསྐྱོད་པའི་སྦྲའི་ལྟག་རྒྱབ་ཀྱི་བསང་ཁྲིའི་སྟེང་ན་དུ་བ་སྔོ་ལྷོག་ལྷོག་འཕྱུར་གྱིན་ཡོད་ལ།སྒོ་ཆོན་གཡས་ཕྱོགས་ན་ཕྱིང་པའི་གདན་དཀར་ཞིག་གི་སྟེང་ལ་གཡུང་དྲུང་གཡས་སུ་འཁྱིལ་བ་ཞིག་ནས་ཀྱིས་བྲིས་འདུག ཅང་མ་འགོར་བར་ཁྱིམ་མཚེས་ཚང་གི་རྒད་པོས་འཕྲུལ་རྟའི་འཕོང་ལ་གྲྭ་པ་ཞིག་བཞག་ནས་ཁོ་ཚང་གི་སྦྲ་ནག་གཟས་ཏེ་བྱ་འཕུར་བ་ལྟར་བརྒྱུགས་སོང་།ཁོའི་ཨ་མའི་གདོང་ལ་སྔ་ན་མེད་པའི་དགའ་སྤྲོ་ཞིག་སྐྱེས་ནས་ཡོད་ལ།རྟ་ཁ་ལེན་མཁན་གྱི་ན་རྒས་ཀྱི་བུད་མེད་དེའི་ལག་ལ་ཁ་བཏགས་ཤིག་འཇོག་བཞིན་མགྲོན་པོ་དག་ལ་ཁྱིམ་དུ་ཡོང་ནས་ཇ་འཐུང་བར་སྐུལ་བཞིན་ཁོམ་གྱིན་མེད།རྟ་ཁ་ལེན་མཁན་གྱི་བུད་མེད་དེ་ནི་རུ་སྡེ་དེར་མཚོན་ན་ཆེས་ཨ་མ་བསོད་ནམས་ཅན་ལ་བརྩི་བཞིན་ཡོད།དེའི་རྒྱུ་མཚན་ནི་མོའི་བུ་གསུམ་པོ་ལས་བྱེད་པ་ཡིན་པས་རེད།མཚན་མོ་དེ་ནི་ཁོ་ལ་མཚོན་ན་རང་ཉིད་ཆེས་དགའ་སའི་པདྨ་བདེ་སྐྱིད་ཁྱིམ་དུ་བསུས་ཏེ་འཇིག་རྟེན་འཁོར་བ་སྐྱོང་བའི་མགོ་ཚུགས་པའི་ཉིན་མོ་ཡིན་ལ།ཁོང་གཉིས་འགྲོགས་ནས་ཡུན་རིང་འགོར་ཡང་དུས་ཡུན་རིང་པོར་པདྨ་བདེ་སྐྱིད་ཁྱིམ་དུ་བསུ་མ་ཐུབ།ཁོང་གཉིས་ཕན་ཚུན་ལ་བརྩེ་བ་དང་ཞེ་འདང་ཧ་ཅང་ཟབ་པས་སྔ་མོ་ནས་གཉེན་བསྒྲིག་རྒྱུའི་སེམས་ཐག་བཅད་ཡོད་ནའང་།པདྨ་བདེ་སྐྱིད་ཀྱི་ཕ་མ་གཉིས་ནི་ཁོའི་ཁྱིམ་ཚང་གི་འབྱོར་བ་དང་།ལྷག་པར་ཁོ་ནི་རྒན་མོ་ཁེར་འདུག་ཅིག་གི་བུ་ཡིན་པས་མགོ་ན་སློབ་གསོ་ཡག་པོ་གཏོང་མཁན་གྱི་ཕ་བཟང་པོ་ཞིག་མེད་པ་སོགས་ལ་ཡིད་མ་ཚིམ་པས་བུ་མོ་པདྨ་བདེ་སྐྱིད་ཀྱི་གཉེན་སྒྲིག་གི་བྱ་བར་ཁས་ལེན་མ་བྱས་པར་མ་ཟད།ཁོ་དང་གཉེན་སྒྲིག་བྱས་ན་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་བཅད་པ་ཡིན་རབས་སོགས་ཚིག་ནག་ཀྱང་འཕངས་མྱོང་ཡོད།དེ་ནི་པདྨ་བདེ་སྐྱིད་ལ་མཚོན་ན་ཆེས་བློ་ཡིས་མི་དཔོག་པ་དང་།གདོང་གཏོད་མི་ཐུབ་པའི་བྱ་བ་ཞིག་ཡིན་ནའང་།དོ་ནུབ་ཕ་མ་གཉིས་ཀྱི་ཚིག་ནག་དང་དམ་ཚིག་སོགས་རྒྱབ་ཏུ་བསྐྱུར་ནས་ཁོའི་ཚེ་གཅིག་གི་འདུན་མ་བཅོལ་ས་དང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱེད་པའི་དམ་བཅའ་སེམས་ལ་བཅུག་སྟེ་ཁོ་ཚང་ལ་མནའ་མར་འབྲོ་བཞིན་ཡོད།མཚན་མོ་དེར་མོ་ཡུལ་ན་གཅིག་པུ་ཡིན།མོའི་ཕ་མ་གཉིས་ཀྱིས་ཟླ་དེའི་ཚེས་བཅོ་ལྔར་ཐོས་བསམ་དགོན་ན་སྟོང་མཆོད་ཅིག་འཛིན་བཞིན་ཡོད་པས་དེར་གྲ་སྒྲིག་བྱེད་དུ་དགོན་པའི་ནང་ལ་ཁ་སང་ནས་སོང་ཟིན་ཞིང་།སང་ཉིན་མ་གཏོགས་ཕྱིར་མི་སླེབས་པས།ཤུལ་དུ་མོ་རང་གཅིག་པུ་ཡིན།མཚན་མོ་དེ་ནི་པདྨ་བདེ་སྐྱིད་ལ་མཚོན་ན་འཇིགས་སྐྲག་དང་ལྡན་པ་ཞིག་ཡིན་ལ།སེམས་ཁོང་ན་བཤད་མི་ཤེས་པའི་དྲོད་ཁོལ་འཁྱིལ་བའི་མཚན་མོ་ཞིག་ཀྱང་ཡིན། དེ་ལྟར་མོ་རང་ཁོ་ཚང་ལ་མནའ་མར་བུད་ཡོང་། ཕྱི་ཉིན་མོའི་ཕ་མ་གཉིས་ཀྱིས་ད་ནས་བཟུང་མོ་ལ་ཡུལ་ཟེར་བ་ཞིག་མེད་ལ།ངེད་གཉིས་ཟེར་བའི་ཕ་མ་ཞིག་ཀྱང་གཏན་ནས་མེད་ཅེས་པའི་ཚིག་གི་མདའ་མོ་འཕངས་པ་དེ་མོའི་སེམས་ཀྱི་ཟབ་སར་ཟུག ཡིན་ཡང་།མོས་དོན་དེའི་ཕྱིར་དུ་སེམས་པ་སྡུག་དུས་ཨ་ནེས་ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་།ཁྱོ་གས་རང་ལ་སེམས་གསོ་བྱེད་པ་སོགས་ཀྱིས་མོའི་སེམས་ཀྱི་ཁུར་པོ་ཇེ་ཡང་ལ་སོང་།དེ་ལྟར་ལོ་གཅིག་འདས་རྗེས་མོས་ཡི་གར་འོང་བའི་བུ་ཞིག་བཙས་པ་དང་།དེས་ནི་ཁོ་ཚང་ལ་སྔ་ན་མེད་པའི་བདེ་སྐྱིད་ཅིག་བསྐྱལ་ཡོང་བ་དང་། ལྷག་པར་ཁོ་ལ་མཚོན་ན་རང་ཉིད་ནི་རྒན་མོ་ཁེར་འདུག་ཅིག་གི་བུ་ཡིན་པས་ད་བར་དུ་རང་གི་ལག་པ་ཡ་གཅིག་ལྟ་བུའི་ཕ་ཞིག་གམ་སྤུན་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་སེམས་པ་ནི་ནམ་ཡང་ན་ཟུག་དང་ཁེར་རྐྱང་གིས་བཟུང་ཡོད་དེ།ད་ནི་རང་ལ་བུ་ཞིག་ཡོད་པས་སུན་སྣང་དང་གདུང་ཡུས་དེ་དག་སྐད་ཅིག་ཉིད་ལ་མེད་པར་གྱུར།

མི་ལོ་བཅུ་ལྷག་འདས་པའི་དེ་རིང་ལ་མཚོན་ན།ཁྱིམ་ཚང་དེར་རྒྱུ་ནོར་ལོངས་སྤྱོད་འཛོམས་ཤིང་།ཁོ་ཡང་ནང་རུ་སྡེ་དང་ཕྱིའི་ཕྱོགས་ལ་ལུང་ན་མི་གླེང་མཁན་མེད་པར་མ་ཟད།ཁོ་མཐོང་ན་གུས་པའམ་སྨོན་པ་བྱེད་མཁན་ཡང་མང་པོ་ཡོད།དེ་ནི་ཁྱིམ་མི་དག་གིས་རྩ་བ་ནས་ཤེས་ཀྱིན་མེད་པའི་ཁོའི་ལྐོག་ཏུ་གྱུར་པའི་བྱ་སྤྱོད་དང་ཉིན་མཚན་མང་པོར་ཡུལ་ལ་མི་ཡོང་བའི་འབྲས་བུ་ཡིན་ཞེས་བཤད་ན་མི་ཆོག་པ་མེད།ད་ལྟ་མི་ལོ་བཅུའི་ཡར་སྔོན་ལ་ཡུལ་གྱི་ཕ་མ་གཉེན་ཉེ་དག་བསྐྱུར་ནས་ཁོའི་ཆུང་མར་ཡོང་བའི་པདྨ་བདེ་སྐྱིད་ཀྱི་ཕ་མ་གཉིས་ཀྱི་བསམ་པའི་འཛིན་སྟངས་དང་མིག་གིས་ལྟ་སྟངས་ཀྱང་འགྱུར་ཡོད་དེ།བུ་མོ་ཁོ་ཚང་ལ་སོང་ནས་ལོ་འགའ་ལོན་རྗེས་གསེར་དངུལ་གྱི་རྒྱན་ཆ་དང་རྣམ་པ་གསར་པའི་ཁ་པར།ད་དུང་གོ་ཐོས་སུ་རླངས་འཁོར་ཡང་བསྐོར་ཤེས་པར་མ་ཟད་རྒྱུན་པར་བུ་ཆུང་སློབ་གྲྭ་ནས་ཡར་སྐྱེལ་མར་ལེན་བྱེད་ཀྱིན་ཡོད་པའི་གཏམ་སོགས་ཐོས་པས་ཡིན་འདུག པདྨ་བདེ་སྐྱིད་ཁོ་ཚང་ལ་ཡོང་ནས་ལོ་བཅུ་ལྷག་འདས་སོང་ཡང་།ཡུལ་ལ་ཐེངས་གཅིག་ལའང་འགྲོ་མ་མྱོང་ལ།ཡོང་ས་མེད་ཅེས་ཚིག་ནག་ཀྱང་འཕངས་ཚར་ཞིང་མོའི་ཕ་མ་གཉིས་ལ་མཚོན་ན་ཡང་ད་ལྟ་ཁོ་ཚང་གི་ཁྱིམ་ལ་འབྱོར་བ་རྒྱས་པ་དང་།མི་ལ་མིང་གྲགས་རྒྱས་ན་བུ་མོ་ཡུལ་ལ་ཡོང་ཆོག་ཅེས་བཤད་རྒྱུ་ནི་ངོ་ཚ་ཞིག་ཏུ་འདོད་ཀྱིན་ཕན་ཚུན་གྱི་སེམས་པ་ན་ཟུག་གིས་རྨས་ཏེ་བསྡད་ཡོད།

དེ་རིང་ཞོགས་པར་མིང་ལ་དཔལ་ལྡན་དུ་འབོད་པའི་ས་དམར་ཕྱོགས་ཀྱི་ལུང་སྐད་བཤད་པའི་མི་ཞིག་གིས་སྟོད་ཕྱོགས་ཀྱི་རྫོང་ག་གེ་མོའི་གསོལ་མགྲོན་ཁང་ཆེན་མོ་ཞིག་ནས་རྒྱན་བཞག་ནས་འཁོར་བ་ཤོར་ཟིན་རབས་ཀྱི་བརྙན་ཐུང་ཞིག་མི་མང་པོའི་སྐད་འཕྲིན་དང་པོན་ཕྲན་སོགས་ན་རླུང་ལྟར་ལྡང་བཞིན་འདུག་པ་དང་།ཁོ་རང་རྫོང་དེའི་རླངས་འཁོར་ས་ཚུགས་ཀྱི་ཕྱོགས་སུ་ཉོབ་མདངས་ཀྱིས་མནར་ཏེ་འགྲོ་བཞིན་ཡོད་ཅིང་།ཉི་གཞོན་གསར་པའི་འོད་མདངས་ཁོའི་གདོང་ལ་འཕྲོས་པ་དང་བསྟུན་ཁོའི་མིག་ལམ་དུ་དཔེ་ཁུག་ཆུང་ཆུང་ཁུར་བའི་བྱིས་པ་ཞིག་ཤར་བ་དང་།སེམས་ལ་སྨྲ་མི་ཤེས་པའི་འགྱོད་པ་ཞིག་སྐྱེས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།