ཀྲུང་གོ་བོད་ཀྱི་དྲ་བ།

མཐུན་པ་སྤུན་བཞི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​ཁུ་བྱུག་སྔོན་མོ།   སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ལ་མཐུན་པ་སྤུན་བཞི་ཟེར་བའི་གཏམ་རྒྱུད་ཅིག་ཡོད་ལ། གཏམ་རྒྱུད་དེས་མི་དང་མིའི་བར་དང་སྲོག་ཆགས་བར་ལ་ཕན་ཚུན་འགྲིག་མཐུན་ཡོང་དགོས་པ་དང་། སྒོས་སུ་རྒན་བཀུར་ཆུང་བྱམས་བྱེད་དགོས་པའི་གནས་ལུགས་བསྟན་ཡོད་པ་མི་ཕལ་ཆེ་ཤོས་ཀྱིས་ཤེས་ངེས།

དེ་ཡང་དགོས་པའི་དབང་གིས་གཏམ་རྒྱུད་དེ་འདིར་བཀོད་ན།“གནའ་སྔ་མོ་ཡུལ་ཀ་ཤི་ཞེས་བྱ་བའི་ནགས་ཚོགས་སྟུག་ལ་ཤིན་ཏུ་ཉམས་དགའ་བའི་གནས་ཤིག་ན། སྲོག་ཆགས་གོང་མ་སྲེག་དང་། རི་བོང་། སྤྲེའུ། གླང་ཆེན་བཅས་གནས་ཡོད།

དེ་རྣམས་ཕན་ཚུན་ལ་ཡིད་གཅུགས་ཤིང་བདེ་སྐྱིད་ཀྱི་འཚོ་བ་ལ་ལོངས་སུ་སྤྱོད་པའི་སྐབས་དེར། སྲོག་ཆགས་བཞི་པོས་རང་ཅག་བདེ་ཞིང་སྐྱིད་པ་འདིའི་ཐོག་ང་ཚོས་རྒན་རབས་ལ་བཀུར་བ་དང་། གཅིག་ཕན་གཅིག་གྲོགས་འཇིག་རྟེན་གྱི་མིག་དཔེར་འོས་པ་ཞིག་ཡོང་ཐུབ་པ་ལ་འབད་རྒྱུའི་བཟང་པོའི་གྲོས་ལ་ཞུགས་ཏེ་མཐར་སུ་རྒན་པ་དང་། སུ་གཞོན་པའི་གནས་ཚུལ་བརྟག་དཔྱད་བྱ་རྒྱུར་མོས་མཐུན་བྱུང་།

ཐོག་མར་བྱ་གོང་མ་སྲེག་གིས་ནེ་གྲོ་རྡའི་ཤིང་སྡོང་ཞིག་བསྟན་པར། གླང་ཆེན་གྱིས་བདག་དང་པོ་ལམ་འདི་བརྒྱུད་ནས་འགྲོ་སྐབས་ཤིང་འདི་བདག་གི་ལུས་ཚད་དང་མཉམ་པ་ཞིག་མཐོང་བྱུང་ཞེས་བཤད། དེ་ནས་སྤྲེའུས་བདག་གནས་འདིར་སླེབས་སྐབས་ཀྱང་ཤིང་འདིའི་རིང་ཚད་བདག་གི་ལུས་དང་མཉམ་པ་འདུག་ཅེས་བཤད། དེ་ནས་རི་བོང་གིས་བདག་འདིར་སླེབས་སྐབས་ཤིང་འདི་སྐྱེས་ནས་ལོ་མ་གཉིས་ཙམ་ཡོད་པའི་སྟེང་གི་ཟིལ་པ་བལྡགས་པ་ཡིན་ཞེས་སྨྲས། མཐར་བྱ་གོང་མ་སྲེག་གིས་བདག་གིས་འདིའི་ས་བོན་བཟས་ནས་སྟུག་པ་བཏང་བ་ལས་ཤིང་འདི་སྐྱེས་པ་རེད་ཅེས་བཤད།

སྲོག་ཆགས་བཞི་པོས་རང་རང་གནས་འདིར་ཐོག་མར་སླེབས་པའི་གནས་ཚུལ་གསོང་པོར་སྨྲས་པས། དེ་རྣམས་ཀྱི་རྒན་གཞོན་གྱི་གོ་རིམ་བྱུང་བ་དེས་སྔར་བས་ཕན་ཚུན་མཛའ་གཅུགས་དང་ཞེ་སར་བཅས་པའི་རྒན་གཞོན་བཀུར་བསྟི་དང་། ཐ་ན་ཕར་ཚུར་འགྲོ་སྐབས་ཀྱང་གླང་པོ་ཆེ་ལ་སྤྲེའུ་དང་། དེ་ལ་རི་བོང་། རི་བོང་ལ་གོང་མ་སྲེག་བཞོན་ནས་འགྲོ་བས་ཡུལ་དེའི་མི་རྣམས་སྲོག་ཆགས་བཞི་པོ་དེའི་ལེགས་བྱས་ཀྱི་དཔལ་ལ་ཡི་རངས་ཤིང་དེ་ལྟར་སྤྱོད་པས་ས་ཀུན་ཏུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བཀྲ་ཤིས་དགེ་མཚན་གྱིས་ཁྱབ་པ་བྱུང་ངོ་། །”ཞེས་པ་དེའོ། །

ཉེ་ལམ་བདག་གིས་གྲོགས་པོ་ཞིག་གི་སྐད་འཕྲིན་གྱི་བར་སྟོང་ནས་དེང་རབས་ཀྱི་མཐུན་པ་སྤུན་བཞི་ཟེར་པའི་པར་ཞིག་མཐོང་སོང་། པར་དེ་མཐོང་མ་ཐག་བདག་ལ་འདང་རྒྱག་རྒྱུ་ཞིག་བྱིན་སོང་། པར་དེ་ནི་ཚེར་མའི་ཤིང་སྡོང་ཞིག་གི་ཉེ་གམ་དུ་གླག་ལ་སྤྱང་ཀི་དང་། སྤྱང་ཀི་ལ་དྲེད་མོང་། དྲེད་མོང་ལ་དོམ་ནག་ཞོན་པའི་རྣམ་པ་བྲིས་ཡོད་པ་ཞིག་རེད།

པར་དེའི་སྟེང་གི་རི་མོ་ལ་དེང་རབས་ཀྱི་མཐུན་པ་སྤུན་བཞི་ཟེར་བ་ནི་ལྡོག་ཕྱོགས་ནས་བཏགས་པ་ཞིག་སྟེ། དོན་དུ་དེ་ཡིས་མི་དང་མིའི་བར་ཕན་ཚུན་ལ་འགྲིག་མཐུན་མེད་པ་དང་། སྒོས་སུ་རང་རྒྱལ་གཞན་ཕམ་གྱི་འཚེ་བར་ཞུགས་པའི་གནས་ལུགས་བསྟན་འདུག

དེ་ཡང་འདིར་དགོས་དབང་གིས་གཏམ་རྒྱུད་དུ་བཅོས་ནས་བཤད་ན།“དུས་དེང་སང་ཡུལ་བྱང་ཐང་ཞེས་བྱ་བའི་ཚ་གདུག་ཆེ་ལ་ཤིན་ཏུ་ཉམ་ང་བའི་གནས་ཤིག་ན། སྲོག་ཆགས་བྱ་གླག་དང་། སྤྱང་ཀི། དྲེད་མོང་། དོམ་ནག་བཅས་གནས་ཡོད།

དེ་རྣམས་ཕན་ཚུན་ལ་ཞེ་སྡང་ཆེ་ཞིང་འཚེ་བའི་སྡུག་བསྔལ་གྱི་འཚོ་བ་ལ་ལོངས་སུ་སྤྱོད་པའི་སྐབས་དེར། སྲོག་ཆགས་བཞི་པོས་རང་ཅག་སྡུག་ཅིང་ངལ་བ་འདིའི་ཐོག་ང་ཚོས་རྒན་རབས་ལ་དམའ་འབེབས་དང་། བརྣབ་སེམས་གནོད་སེམས་འཇིག་རྟེན་གྱི་མིག་དཔེར་འོས་པ་ཞིག་ཡོང་ཐུབ་པ་ལ་འབད་རྒྱུའི་ངན་པའི་གྲོས་ལ་ཞུགས་ཏེ་མཐར་སུ་རྒན་པ་དང་། སུ་གཞོན་པའི་གནས་ཚུལ་བརྟག་དཔྱད་བྱ་རྒྱུར་མོས་མཐུན་བྱུང་།

ཐོག་མར་བྱ་གླག་གིས་ཚེར་མའི་ཤིང་སྡོང་ཞིག་བསྟན་པར། དོམ་ནག་གིས་བདག་དང་པོ་ལམ་འདི་བརྒྱུད་ནས་སྲོག་ཆགས་གཞན་གསོད་དུ་འགྲོ་སྐབས་ཤིང་འདི་བདག་གི་ལུས་ཚད་དང་མཉམ་པ་ཞིག་མཐོང་བྱུང་ཞེས་བཤད། དེ་ནས་དྲེད་མོང་གིས་བདག་གིས་འཕྱི་བ་ཞིག་བཟུང་ནས་གནས་འདིར་སླེབས་སྐབས་ཀྱང་ཤིང་འདིའི་རིང་ཚད་བདག་གི་ལུས་དང་མཉམ་པ་འདུག་ཅེས་བཤད། དེ་ནས་སྤྱང་ཀིས་བདག་འདིར་སླེབས་སྐབས་ཤིང་འདི་སྐྱེས་ནས་ལོ་མ་གཉིས་ཙམ་ཡོད་པ་དེའི་གམ་ནས་ངས་ལུ་གུ་ཞིག་ཟོས་པ་ཡིན་ཞེས་སྨྲས། མཐར་བྱ་གླག་གིས་བདག་གིས་སྦྲུལ་ཅིག་བསད་དེ་ཟོས་རྗེས་ས་བོན་འདིའི་སྟེང་དུ་སྟུག་པ་བཏང་བ་ལས་ཤིང་འདི་སྐྱེས་པ་རེད་ཅེས་བཤད།

སྲོག་ཆགས་བཞི་པོས་རང་རང་གནས་འདིར་ཐོག་མར་སླེབས་པའི་གནས་ཚུལ་འཁྱོག་པོར་སྨྲས་པས། དེ་རྣམས་ཀྱི་རྒན་གཞོན་གྱི་གོ་རིམ་བྱུང་བ་དེས་སྔར་བས་ཞེ་སྡང་དང་གནོད་སེམས་དང་བཅས་པའི་རྒན་གཞོན་གོ་ལོག་དང་། ཐ་ན་ཕར་ཚུར་འགྲོ་སྐབས་ཀྱང་གླག་ལ་སྤྱང་ཀི་དང་། དེ་ལ་དྲེད་མོང་། དྲེད་མོང་ལ་དོམ་ནག་བཞོན་ནས་འགྲོ་བས་ཡུལ་དེའི་མི་རྣམས་སྲོག་ཆགས་བཞི་པོ་དེའི་ཉེས་བྱས་ཀྱི་བསམ་སྦྱོར་ངན་པ་ལ་ཡི་རང་ཞིང་དེ་ལྟར་སྤྱོད་པས་ས་ཀུན་ཏུ་ཆར་ཆུ་དུས་སུ་མི་འབབ་པ་དང་། ཐན་པ་རྟག་ཏུ་བྱུང་བ་སོགས་བཀྲ་མི་ཤིས་ཤིང་དོན་མི་འགྲུབ་པའི་ཉེས་སྐྱོན་གྱིས་ཁྱབ་པ་བྱུང་ངོ་། །”ཞེས་སོ། །

འདི་ནི་དེང་རབས་ཀྱི་མཐུན་པ་སྤུན་བཞི་རེད་ཟེར་ནོར་འདུག་པས། ད་ནི་ཁྱིམ་ཚང་དང་ལྷ་ཁང་སོགས་ཀྱི་ལྡེབས་ངོས་སུའང་། རི་མོ་འདི་སྦྱར་ན་མི་ལེགས་ཏེ། འདི་ནི་སྤྱི་ཚོགས་འདིའི་མི་རྣམས་ཀྱི་བསམ་སྦྱོར་ལ་ཤིན་ཏུ་འཕྲོད་པ་ཞིག་ག་ལ་ཡིན། ཁྱོད་ཀྱིས་བསམས་ན་ཨེ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།