ཀྲུང་གོ་བོད་ཀྱི་དྲ་བ།

ལུ་གུ་ཞིག་བོར་རྗེས་རྫི་བོ་འགར་འཕྲད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མེལ་ཚེ།   སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ལུ་གུ་ཞིག་བོར་རྗེས་རྫི་བོ་འགར་འཕྲད་པ།   

——ཡང་ན་དཔེ་ཀློག་གི་གཏམ་རྒྱུད་ཅིག  

ད་ལྟའི་མི་རྣམས་ཀྱི་དཔེ་ཀློག་གི་ཚད་རིམ་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་བཞིན་མཆིས།

དེ་འདྲ་མིན་ཡང་སྲིད་མོད།གང་ལྟར་ངའི་སེམས་ལ་དེ་འདྲའི་འཁྲུལ་སྣང་ཞིག་རྒྱུན་དུ་སྐྱེས་ཡོང་།

ད་ལྟའི་དུས་སྐབས་འདི་དང་འཇིག་རྟེན་འདི་ལ་མཚོན་ན།མི་གྲངས་དང་གད་སྙིགས།དཔེ་ཆ་གསུམ་ལས་གྲངས་མང་བ་ཞིག་མེད་པ་འདྲ།ཡོད་ཀྱང་ཤིན་ཏུ་ཉུང་བ་དང་རབ་ཏུ་དཀོན་པ་འདྲ།གང་ལྟར་ངའི་སེམས་ནས་དེ་དག་ལས་གྲངས་ཀ་མང་བ་ཞིག་བརྩི་རྒྱུ་མི་རྙེད།གལ་ཏེ་ངེས་པར་གཅིག་བརྩི་དགོས་ཚེ།སྒོར་མོའི་གྲངས་ཀའམ་མཚོན་ཆའི་གྲངས་ཀ་གང་རུང་ཞིག་བརྩི་དགོས་པ་ཡིན་ནམ།ཡང་ན་སྨྱན་བྱད་སྣ་ཚོགས་ལས་སྒྲོག་གིན་པའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་འཕར་གྲངས་ཞེས་པ་དེ་བརྩི་དགོས་པ་ཡིན་ནམ།

དེ་ནི་ཀུ་རེ་ཙམ་ཡིན།ངས་བརྗོད་འདོད་པ་ནི་ད་ལྟའི་དུས་སྐབས་འདི་ལ་དཔེ་ཆ་ནི་གཞན་གྱིས་ངོ་སྤྲོད་མ་བྱས་ན་མི་རྙེད་པ་ཞིག་མིན་པ་དང་།ལྷག་པར་དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ན་རང་ལ་དགོས་པའི་དཔེ་ཆ་དེ་མི་རྙེད་པ་གཏན་ནས་མི་སྲིད་ཟེར་བ་དེ་ཡིན།དེ་བས་དཔེ་ཀློག་ལ་མི་དགའ་མཁན་ཞིག་ཡིན་ན་ཡང་།བ་གླང་ལ་ཆུ་འཐུང་འདོད་མེད་ན་གཉའ་ནས་གནོན་དགོས་དོན་ཡང་རྩ་བ་ནས་ཡོད་པ་མ་རེད།ངས་དཔེ་ཀློག་ལ་མི་དགའ་མཁན་དེ་བ་གླང་ལྟ་བུ་རེད་ཟེར་བ་ཁྱོན་ནས་མིན་ཏེ།དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ན་སྐོམ་པའི་བ་གླང་ཆུ་ལ་ཞེན་པ་བཞིན་ནོ་ཞེས་ཀྱང་བརྗོད་ཆོག་པ་གཅིག་འདྲ་རེད།དེ་ནི་དུ་དགའ་དང་ཆང་དགའ་ཞེས་པ་བཞིན་མིའི་དགའ་ཕྱོགས་ཙམ་དང་གཤིས་ཀ་ཙམ་ཡིན་པས།ཚོད་མེད་དུ་དཔེ་ཀློག་དང་དཔེ་ཆ་ངོ་སྤྲོད་ཟེར་ནས་སོ་འཆའ་དགོས་དོན་ཅི་ཡང་མི་འདུག་སྙམ།

དྲང་མོར་བཤད་ན། གཞན་ལ་ངོ་སྤྲོད་རི་བའི་དཔེ་ཆ་ཞིག་ངས་གཏན་ནས་བཀླགས་མ་མྱོང་བ་འདྲ།བཀླགས་མྱོང་བའི་དབང་དུ་བཏང་རུང་།དཔེ་ཆ་མང་པོ་ཞིག་ནི་དེབ་མིང་ཙམ་དང་ནང་དོན་ཙམ་གྱི་ཕན་ཆད་ནས་བརྗེད་མི་ཐུབ་པའི་བག་ཆགས་ཁྱད་པར་བ་ཞིག་ཡིད་ངོས་སུ་ལུས་མི་འདུག དེ་ལས་མང་པོ་ཞིག་ནི་ཐ་ན་དེབ་མིང་ཙམ་དང་ནང་དོན་ཙམ་ཡང་བློ་ངོར་ལུས་མི་འདུག་པས།ཆེད་དུ་བསྐྱར་སློག་བྱེད་པའི་དགོས་པ་དང་རྒྱུ་མཚན་རླབས་པོ་ཆེ་ཞིག་ཧ་ལམ་བཙལ་ཡང་མི་རྙེད་པ་འདྲ།

དེ་ནི་སུ་ཞིག་གིས་བཤད་པ་མི་དྲན་མོད།ཁྱེད་ཀྱིས་ཟས་སྣ་ཅི་ཙམ་ཟོས་མྱོང་བ་ཡིད་ལ་དྲན་མི་སྲིད་ལ།དྲན་དགོས་དོན་ཡང་མེད་མོད།ཟས་སྣ་དེ་དག་ཁྱོད་ཀྱི་ཤ་ཁྲག་གི་ཆ་ཤས་སུ་གྱུར་ཡོད་ཅེས་པ་དེ་བཞིན་རེད།དེ་བས་འདིར་ཀུན་གྱིས་བཀླགས་མྱོང་བའི་དཔེ་ཆ་གཉིས་ངོ་སྤྲོད་ཁུལ་ཙམ་བྱ་སྟེ།རྒྱུ་མཚན་ནི་ངས་དཔེ་ཆ་དེ་གཉིས་ནམ་ཡང་བརྗེད་མི་ཐུབ་ལ་བརྗེད་ཀྱང་མི་སྲིད་པས་ཡིན།ངས་དེ་ནི་རང་གི་དཔེ་ཀློག་གི་ཚད་རིམ་མཐོ་ཤོས་ཀྱི་དུས་སྐབས་ཤིག་ལ་ངོས་འཛིན་བཞིན་ཡོད།

དེས་ན་འདིར་ངོ་སྤྲོད་ཁུལ་ཙམ་བྱ་བའིི་དཔེ་ཆ་ནི《མི་རོ་རྩེ་སྒྲུང》དང《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཞེས་པ་དེ་གཉིས་ཡིན་ལ།ངའི་མི་ཚེའི་ནང་གི་དཔེ་ཀློག་གི་ཚད་རིམ་ཆེས་མཐོ་བའི་དུས་སྐབས་དེ་ཡང་ཡིན་པ་ང་བྱིས་པ་སྣབས་ལུག་ཅིག་ཡིན་པའི་སྐབས་དེ་ལ་ཟེར་བ་ཡིན་པས།གལ་ཏེ་ཡིག་ཉོག་འདི་ཀློག་མཁན་ཡོད་ན།ཁྱོད་ཀྱིས་ད་ལྟ་ཉིད་དུ་བཀླགས་མཚམས་བཞག་ན་འགྲིག་ཅེས་བསམ་པ་རྣམ་དག་གིས་གསལ་འདེབས་ཤིག་བྱས་པ་ཡིན།

《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ནི་ང་སློབ་ཆུང་གི་ལོ་རིམ་དྲུག་པ་ཡིན་དུས་རྙེད་པ་ཡིན།དེ་དུས་སློབ་དེབ་ཀྱི་ཕན་ཆད་ནས་དཔེ་ཆ་ཟེར་བ་ཞིག་གོ་མ་མྱོང་ལ་མཐོང་ཡང་མ་མྱོང་བ་འདྲ་བས།དཔེ་ཆ་དེ་ལག་སོན་བྱུང་བ་ནི་སྟེས་དབང་གི་ཐུག་འཕྲད་ཅིག་དང་ལས་དབང་གི་བཀོད་སྒྲིག་ཅིག་ལ་བརྩི་རུང་།འོན་ཀྱང་།དེ་ནི་གནམ་ནས་ལྷུང་བ་མ་ཡིན་པར།ངས་སྒོར་མོ་བཞི་དང་ཟུར་བདུན་བྱིན་ནས་སློབ་གྲོགས་ཤིག་གི་ལག་ནས་ཉོས་པ་ཡིན།

ཨ་རོག སྒོར་མོ་བཞི་དང་ཟུར་བདུན་ཟེར་ན་ཉུང་ཉུང་ཞིག་མ་རེད།གལ་ཏེ་ང་ལ་ཚོང་གཏམ་པའི་འཇོན་ཐང་ཕྲན་ཙམ་ལྡན་ཚེ།དེ་དུས་དཔེ་ཆ་དེ་ལ་ཟུར་བདུན་བྱིན་ན་ཡང་ཉོ་ཐུབ་པ་གདོན་མི་ཟ།ཡིན་ན་ཡང་།ངས་དཔེ་ཆ་དེ་སློབ་གྲོགས་ཀྱི་ལག་ནས་གཡར་ཏེ་ཤོག་ངོས་འགའ་བཀླགས་པ་ན།ཁོས་ངའི་མིག་ནང་དུ་འོད་ཟེར་འཕྲོ་བ་དང་མགོ་ཐོག་གི་སྐྲ་ལོ་ཞོགས་ཀྱིན་པ་ཚོར་བ་ཡིན་ནམ།དཔེ་ཆ་དེ་ངའི་ལག་ནས་ཕྱིར་ཕྲོགས་ཏེ་ཚོང་གཏམ་པའི་མགོ་བརྩམས་བྱུང་།ང་ནི་བདག་པོའི་ལག་གི་རུས་སྐམ་ལ་ཧེབ་ལངས་པའི་ཁྱི་རྒན་ལྟར་ཁོའི་མཐའ་འཁོར་ནས་ཡར་ལྡིང་མར་ལྡིང་བྱས་ཀྱང་།ཁོ་ནི་ཅི་འདྲའི་མི་བསམ་ནག་ཁོ་ཐག་ཆོད་པ་ཞིག་རེད་ཨང་།

“སྒོར་མོ་ལྔ་ཁྱེར་ཤོག་དང་དཔེ་ཆ་འདི་ཁྱོད་ལ་སྟེར”ཟེར།

ད་ལྟ་བསམས་ན་ཁོས་ང་ལ་སྒོར་མོ་ལྔ་ཁྱེར་ཡོང་རྒྱུ་མེད་པ་ཤེས་བཞིན་དུ་དེ་ལྟར་བརྙས་བཅོས་བྱས་པ་ཡིན་ཡང་སྲིད་མོད།ང་ད་ལྟའི་བར་དུ་ཁོའི་སྐད་ཆ་དེ་ལ་ཡིད་ཆེས་ཆེས་ཤིག་གཞན་ལ་ཡིད་ཆེས་མ་མྱོང་།སྐད་ཅིག་ཙམ་ལ་ཡང་སྡོད་མ་བཟོད་པར།ཁ་རོག་གེར་ཡུལ་ལ་བྲོས་ཏེ།ཨ་མར་ཞི་དྲག་གཉིས་ཀ་སྤྱད་དེ་སྒོར་མོ་ལྔ་བསླངས་པ་ཡིན།

དེ་དུས་ང་བིས་མདོ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་དུ་ཡོད་ལ།དེ་ནི་ཞག་སྡོད་སློབ་ཆུང་ཞིག་ཡིན།ང་ཚོའི་སྡེ་བ་ནི་སློབ་གྲྭ་དང་ཆེས་ཁ་ཐག་རིང་བའི་སྡེ་བ་དེ་ཡིན་པས།སློབ་གྲྭར་རྒྱགས་ཕྱེ་སྐྱེལ་རྒྱུ་དེ་སླ་མོ་ཞིག་མིན།དེ་བས་ང་ལ་སློབ་སྦྱོང་བྱེད་རྒྱུ་ལས་གལ་ཆེ་བ་ཞིག་དང་དཀའ་ངལ་ཆེ་བ་ཞིག་ཡོད་པ་ནི་ལྟོགས་སྲོན་བྱེད་རྒྱུ་དེ་ཡིན།འཇིག་རྟེན་གྱི་ཨ་མ་ཞིག་ལ་མཚོན་ན་ཆེས་བཟོད་དུ་མེད་པ་ནི་རང་གི་བྱིས་པར་ལྟོགས་སྡུག་མྱོང་དུ་འཇུག་པ་དེ་ཅི་ལ་མིན།ཡང་གཅིག་བཤད་ན་ཟ་མར་དཀའ་ངལ་བྱུང་བའི་ལོ་ཟླ་དེ་སྔར་ནས་མཇུག་རྫོགས་ཟིན་པས།ངའི་མཐའ་མཇུག་གི་བྱེད་ཐབས་དེས་མོ་རང་ལངས་རྒྱུ་མེད་པར་བཟོས་སོང་བ་འདྲ།

ངས་ལྟོགས་སྡུག་མྱངས་ཚུལ་གྱི་སྡུག་སྨོས་ལུང་པ་གང་མིག་ཆུ་དང་མཉམ་དུ་མོའི་སྔུན་ལ་བྱོ་རྗེས།མོས་ངའི་མཆི་མ་ཤམ་ཤམ་གྱི་གདོང་པ་འབྱིད་བཞིན་དུ་ང་ལ་རྒྱགས་བྲོ་ཁུག་མ་གང་དང་སྒོར་མོ་ལྔ་བྱིན་ཏེ་ཕྱིར་སློབ་གྲྭར་བརྫངས།ང་སློབ་གྲྭར་ལོག་རྗེས་མོས་ངའི་སྐད་ཆ་དེ་རྫུན་གཏམ་ཡིན་པ་ཤེས་ཡོད་ཀྱང་སྲིད།ཡང་ན་དེའི་སྔོན་ནས་ཤེས་ཡོད་ཀྱང་སྲིད།ཡིན་ན་ཡང་། ངས་སྒོར་མོ་ལྔ་སློང་དོན་གྱི་རྩ་བའི་རྒྱུ་མཚན་དེ་མོས་ནམ་ཡང་ཤེས་མི་སྲིད། ང་ནི་རང་ཉིད་ཀྱི་གསང་བ་ཆུང་ཆུང་དེ་དག་ཉར་ཚགས་བྱེད་པར་དགའ། 

གང་ལྟར་ངས《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ལ་སྒོར་བཞི་དང་ཟུར་བདུན་ལས་མ་བྱིན།འཕྲོ་མའི་ཟུར་གསུམ་གང་ལ་སོང་འདུག་ང་ལ་ཡང་བཤད་རྒྱུ་མི་འདུག་སྟེ།ངས་བརྗེད་ཟིན། འོན་ཀྱང་།ཡིད་སྐྱོ་བ་ཞིག་ལ་གཏམ་རྒྱུད་འདི་ད་དུང་མཇུག་རྫོགས་མེད།ངས《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ཀློག་དུས་ཀྱི་ཉམས་ཚོར་དེས་སློབ་གྲོགས་གཞན་དག་གི་སེམས་ནང་གི་ཅི་ཞིག་ཕྲོགས་སོང་བ་འདྲ་ལ།དེ་ལས་ཀྱང་ངས་དེའི་ནང་གི་གཏམ་རྒྱུད་འགའ་བློ་ནས་ཆུ་བཞུར་བཞུར་དུ་བཤད་རྗེས།ཁོ་ཚོའི་སེམས་ནང་གི་ཅི་ཞིག་གང་དེ་ངས་བརྐུས་སོང་བ་འདྲ་བས།ཁོ་ཚོ་ནི་རྐུན་མའི་ར་མདའ་བཞིན་དུ་ངའི་མཐའ་ལ་བསྐོར་ནས།ལ་ལས་ད་དུང་གཏམ་རྒྱུད་ཅིག་ཤོད་ཟེར།ལ་ལས་དཔེ་ཆ་དེར་ངས་ཀྱང་གཅིག་བལྟ་ཟེར།སྐབས་དེར་སློབ་གཙོ་ཆང་དྲི་འཐིལ་ལེར་མལ་ཁང་དུ་སླེབས་ཏེ།ང་ཚོ་བྱི་ལས་ཙི་གུ་རྩེས་རྩེས་ཤིག་བྱས་སོང་། མུན་ནག་གི་མལ་ཁང་ཆེན་པོ་དེའི་འུར་ཟིང་འཇགས་ནས་ག་ཙམ་ཕྱིན་པ་མ་ཤེས། ནམ་གུང་ཙམ་ལ་ངའི་གྲོགས་གཅེས་ཁ་སེར་ངོ་སེར་ཞིག་ངའི་མལ་ཁྲིའི་གམ་ལ་འཇབ་ཀྱིན་འཇབ་ཀྱིན་ཡོང་སྟེ། ཁོས་ཀྱང་ངོ་མཚར་བའི་དཔེ་ཆ་དེ་ལ་ཐེངས་གཅིག་བལྟ་འདོད་ཟེར།ང་ནི་སློབ་གཙོ་ཆང་འཐུང་གིས་བསླངས་པའི་འཇིགས་སྐྲག་དེ་ལས་ཐར་བཏུབ་མེད་པས། འཚབ་མ་འཚུབ་ཏུ་དཔེ་ཆ་དེ་ཁོ་ལ་ཉིན་ཕྱེད་ཙམ་དུ་གཡར་རྒྱུའི་ཁས་བླངས།

ཁ་སེར་ངོ་སེར་དེ་ངས་ད་དུང་ཡང་བརྗེད་དཀའ།ཕྱི་ཉིན་ང་དུས་བཅད་ལྟར་ཁོའི་གམ་དུ་དཔེ་ཆ་ལེན་དུ་སོང་བ་ན།ཁོས་ཁ་ངོ་སེར་ཤག་གེར་ང་ལ“དཔེ་ཆ་ཅིག་གིས་བརྐུས་ནས་ཁྱེར་འདུག”ཟེར་བཞིན་ངུ་ལ་ཁད་ཅིག་བྱེད།ང་ནི་དངོས་གནས་ངུ་ལ་ཁད་ཅིག་བྱས་སོང་ལ།ཁ་སེར་ངོ་སེར་དེའི་སྙིང་བལ་ཀྱང་ངའི་སྙིང་ནད་དེར་དྭངས་ཐབས་ཤིག་ག་ལ་ཡོད། དེ་ལྟར《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ནི་གླག་གམ་སྤྱང་ཀི་གང་རུང་ཞིག་གི་ཁ་ཟས་སུ་གྱུར་པའི་ལུ་གུ་ཞིག་ལྟར། གཏན་ནས་གར་སོང་ཆ་མེད་དུ་གྱུར་སོང་།

དུས་རབས་ཉེར་གཅིག་གི་ལོ་རབས་བཅུ་པ་ཚེས་ལ་ཉེ་བའི་སྐབས་ཤིག་ལ།ངས་ཁ་སེར་ངོ་སེར་དེ་བརྒྱུད་འཚོང་གི་ནང་དུ་ཞུགས་ཏེ་རང་གི་ཕ་དང་ཕུ་བོ།ཨ་ཁུ་དང་སྲིང་མོ་སོགས་ཤ་ཉེ་རིང་མང་པོ་བཙོངས་ཏེ་རྒྱུ་ཐོག་ལ་བརྒྱབ་འདུག་ཚུལ་གོ་བ་ཡིན།

ལྟས་ངན་དེ་མ་གཞི་ནས་མི་དགའ་ཞིག་མིན་པ་མ་རེད་དམ།

སེམས་ལྷོད་ལ་བབས་ནས་འདང་བརྒྱབ་ན།ང་དང《མི་རོ་རྩེ་སྒྲུང》གཉིས་ཀྱི་བར་ལ་ལྟ་ངན་དེས་འདྲེ་ལག་བསྲིངས་པ་མིན་ན།《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ངའི་སེམས་ཀྱི་ཡལ་བ་མེད་པའི་རྨ་ཁ་ཞིག་ཏུ་འགྱུར་མི་སྲིད་ལ།ངའི་སེམས་ནང་ལ་བརྗེད་དུ་མེད་པའི་དཔེ་ཀློག་གི་ཚོར་བ་ཟབ་མོ་དེ་འདྲ་ཞིག་འཇོག་ཐུབ་མེད་ཀྱང་སྲིད།དེ་ནི་ཁྱོད་ཀྱི་མི་ཚེའི་བརྩེ་དུང་གི་གཏམ་རྒྱུད་ཐོག་མ་དང་འདྲ་སྟེ།ཟུར་མིག་གི་དགོད་འཛུམ་ཕྲ་མོ་ཙམ་གྱིས་ཀྱང་ཁྱོད་རང་གློག་གིས་བརྒྱབ་པ་ལྟར་དབང་པོ་འཆོར་དུ་འཇུག་པའི་དགའ་མ་དེ་གློ་བུར་དུ་གཞན་གྱིས་ཕྲོགས་པའི་ཚོར་བ་དེ་མྱངས་མྱོང་ན།སྐབས་དེའི་ངའི་ཚོར་བ་དེ་དེ་འདྲ་ཞིག་རེད།

དེ་ན་ང་རང་ཐོག་མ་ནས《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེ་ལ་དེ་འདྲ་དགའ་མྱོང་བ་ནི་བུ་མོ་ཞིག་ལ་དགའ་བ་ལྟར་གྱི་རྒྱུ་མཚན་རྙེད་དཀའ་བ་ཞིག་ཀྱང་མིན་ཏེ།དཔེ་ཆ་དེར་མ་བལྟས་སྔོན་ལ་ངས་དེའི་ནང་གི་གཏམ་རྒྱུད་མང་ཤས་ཤིག་ཨ་ཕའི་ངག་ནས་ཉན་མྱོང་བ་དང་།ངའི་ཨ་ཕ་ལྟ་བུའི་བྱིས་པ་ལ་གཏམ་རྒྱུད་བཤད་མཁས་པའི་མི་ནི་འཇིག་རྟེན་འདི་ན་གཉིས་པ་ཞིག་བཙལ་དུ་མེད།

དེ་དུས་ངས་སློབ་དེབ་ཀྱི་ངོས་ནས་བསླབ་པ་དག་ནི་དྲང་མོ་བཤད་ན་འཇིག་རྟེན་གཞན་ཞིག་རེད་ལ།ང་ལ་མཚོན་ན་དཔེ་ཆ་ནི་མ་གཞི་ནས་འཇིག་རྟེན་གཞན་ཞིག་རེད།ང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པའི་འཇིག་རྟེན་གཞན་ཞིག་རེད།དེ་ནི་ང་སློབ་སྦྱོང་ལ་སྤྲོ་བ་མེད་པའི་རྒྱུ་མཚན་ཡང་ལོས་ཡིན།ཡིན་ན་ཡང་།གློ་བུར་དུ་རང་ཉིད་ཀྱིས་ཐེངས་མང་པོར་ཉན་ནས་བློ་བྱང་དུ་སོང་བའི་གཏམ་རྒྱུད་དེ་དག་ཡི་གེའི་གཟུགས་ལས་མཐོང་བ་ན།ང་ལ་ད་གཟོད་དཔེ་ཆ་དང་ཡི་གེ་ནི་ངོ་ཤེས་དགའ་ས་ཞིག་དང་འཕྲད་པ་ལྟར་དེ་འདྲའི་སྙིང་ཉེ་ལ་དེ་འདྲའི་ཡིད་དུ་འོང་བ་ཞིག་ཡིན་པའི་ཚོར་བ་དེ་སྐྱེས།ཚོར་བ་དེའི་ཆེད་དུ་ངས་མི་ཚེ་འདིའི་ནང་གི་རང་ཉིད་ལ་དབང་བའི་དཔེ་ཆ་ཐོག་མ་དེ་ཉོས་པ་རེད།དེ་ཡང་ངའི་ད་ལྟ་ལ་ཐུག་གི་མི་ཚེའི་ནང་གི་ཆེས་དཔའ་སྤོབས་དང་ལྡན་པའི་སྦྱོར་བ་ཞིག་ཡིན།

དཔེ་ཆ་དེས་ང་ལ་དཔེ་ཀློག་གི་འདུན་པ་ཤུགས་དྲག་ཅིག་རྒྱས་པར་བྱས།མིག་ནས་མེ་སྟག་མཆེད་ཅིང་མགོ་ཡི་སྐྲ་ལོ་ཞོགས་པའི་དཔེ་ཀློག་གི་ཚོར་བ་དེ་ནི་ཅིས་ཀྱང་དཔེ་ཀློག་གི་ཚད་རིམ་མཐོ་ཤོས་ཤིག་ལ་བརྩི་དགོས་པ་མ་རེད་དམ།

ངས་རང་ཉིད་ཀྱི་ཨ་ཕར་བཀའ་དྲིན་ཞུ་འདོད་ལ།སློབ་གྲོགས་ཁ་སེར་ངོ་སེར་དེ་ལ་ཡང་བཀའ་དྲིན་ཞུ་འདོད།ཡིན་ན་ཡང་།ངས་སློབ་གྲོགས་ཁ་སེར་ངོ་སེར་དེ་གུ་ཡངས་སུ་གཏོང་ཐབས་བྲལ།རྒྱུ་མཚན་ནི་ཁོ་རང་མི་དགའ་ཞིག་གཏན་ནས་མ་རེད།

ལ་ལས་མི་དགའ་ཞིག་ཡིན་མིན་གྱི་ཚད་གཞལ་རྒྱུ་དཀའ་མོ་རེད་ཟེར།ད་དུང་འཛམ་གླིང་ཤར་ནུབ་བམ་ལྷོ་བྱང་གང་ཡིན་ན་དེའི་རིགས་པའི་གཞུང་ལུགས་སམ་རིག་གནས་ལྟ་གྲུབ་ཟེར་བ་ལྟ་བུ་ཁ་ལ་བླངས་ནས།དཔེ་ཆ་ལུང་པ་གང་གི་ནང་ནས་ལུང་ཚིག་ཟངས་རྒན་གང་དྲུད་ནས་ཡོང་སྟེ།མི་དགའ་ཞིག་ཡིན་མིན་གྱི་ཚད་གཞལ་རྒྱུ་ཤིན་ཏུ་དཀའ་མོ་རེད་ཟེར།ངས་དཔེ་ཆ་དེ་འདྲ་མང་པོ་ཞིག་བཀླགས་མ་མྱོང་ལ།ལུང་ཚིག་དེ་འདྲ་མང་པོ་ཞིག་བློར་ཡང་འཛིན་མི་ནུས།ཡང་གཅིག་བཤད་ན་མི་དགའ་ཞིག་ཡིན་མིན་ནི་མི་ལ་བལྟ་རྒྱུ་ལས་དཔེ་ཆའི་ངོས་ནས་བཙལ་རྒྱུ་ཞིག་ཨེ་ཡིན་ནམ།

མ་གཞི་ནས་མི་དགའ་ཞིག་མིན་ན།དཔེ་ཀློག་ལ་བརྟེན་ནས་མ་གཞིའི་སེམས་ཀྱི་རྡུལ་ནག་དེ་སྦྱོང་འདོད་པ་ནི་ནག་ཉེས་ཀྱི་ཁུར་ཙ་དང་ངལ་རྩོལ་ཙམ་ལས་མ་འདས།ཡིན་ན་ཡང་།དཔེ་ཀློག་གི་མཐུ་ནུས་དེ་ང་ལྟ་བུས་རྟོགས་ཐུབ་པ་ཞིག་ག་ལ་ཡིན།

《མི་རོ་རྩེ་སྒྲུང》གི་དཔེ་ཆ་དེས་ངའི་དཔེ་ཀློག་གི་དབང་རྩ་ཕྲ་མོ་ཞིག་གི་རྒྱུ་ལམ་ཐོག་མར་ཕྱེ་ཞིིང་།ང་ལ་ཆེས་ཐོག་མའི་བརྩེ་དུང་གི་མངར་ཁ་ལྟ་བུའི་ཚོར་བ་ཞིག་སྦྱིན་ཏེ།ཆེས་ཐོག་མའི་བརྩེ་དུང་གི་གོད་ཆག་ལྟ་བུའི་དྲན་པ་ཞིག་བསྐྱུར་བ་ནས།ངས་སློབ་དེབ་ཕུད་པའི་དཔེ་ཆར་ལྟ་མགོ་བརྩམས་ལ།དཔེ་ཆ་དེ་དག་གི་ཡི་གེའི་བར་གསེང་ཀུན་ནས་ཐོག་མའི་སྣང་བ་དེ་བཙལ་བ་ཡིན་མོད།དེ་ནི་གླག་གམ་སྤྱང་ཀིས་ཟོས་པའི་ལུ་གུ་ཞིག་ལྟར། ངས་གཏན་ནས་རྙེད་མ་བྱུང་། བསྐྱར་ཟློས་དང་སུན་སྣང་གི་དུས་ཡུན་རིང་པོ་ཞིག་ལ།《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཞེས་པའི་དཔེ་ཆ་དེ་ནི་རིམ་བཞིན་ངའི་ཆུང་དུས་ཀྱི་འཚོ་བའི་ལ་ཐང་བརྒྱུད་པའི་ཚེ་གྲོགས་ལྟ་བུར་ཆགས།

དེ་དུས་ང་སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་དུ་འཕར།དམའ་འབྲིང་ལོ་རིམ་དང་པོ་ནས་མཐོ་འབྲིང་ལོ་རིམ་གཉིས་པའི་བར་ནི་ངའི་བྱིས་བློའི་སེམས་ཁམས་དེའི་ནར་སོན་གྱི་གོ་རིམ་རེད་མོད།གོ་རིམ་དེ་ནི་ཅི་འདྲའི་ཡུན་རིང་བ་ཞིག་རེད་ཨང་།ནམ་ཡང་ནར་སོན་དུས་ཤིག་ཡོད་མི་སྲིད་སྙམ་པའི་སྣང་བ་ཞིག་གིས་སྐབས་དེའི་ང་ལ་ཁེར་རྐྱང་གི་སུན་སྣང་དང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་སྦྱིན་མྱོང་།ངའི་སེམས་པ་ཆུང་ཆུང་དེ་རྒྱུན་དུ་རབ་རིབ་ཀྱི་ཐག་རིང་ཐག་རིང་ཞིག་ལ་འབྲོ་དགོས་པའི་འཚབ་སྣང་ཞིག་གིས་གདུང་བར་བྱས།

རྫོགས་མཐའ་མེད་པའི་ལས་བྱ་དང་འཇིགས་སྐུལ་རིང་ལུགས་པ་ལྟ་བུའི་དགེ་རྒན་རྣམས་ཀྱིས་ཉིན་མཚན་མཐུད་པའི་སྡུག་རུས་ལ་བརྟེན་ནས།ང་ལ་ཤེས་བྱའི་བདུད་རྩི་ངོམ་མེད་དུ་དྲངས་ན་ཡང་།ཡིད་སྐྱོ་བ་ཞིག་ལ་ངའི་ཁ་ལ་རྟ་རྫིང་གི་བྲོ་བ་ལས་མི་འདུག དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ།ང་ལ་དེ་དག་ཞབས་བཏེགས་མི་རྒྱག་པའི་རང་དབང་ཅི་ཡང་མི་འདུག་པས།ང་རང་སློབ་སྦྱོང་ལ་སུན་པར་གྱུར།སློབ་སྦྱོང་ལ་སྡང་བར་གྱུར།དཔེ་ཆ་རིག་ན་སྐྱུག་རྒྱུ་ལངས་པར་གྱུར། ནར་སོན་གྱི་གོ་རིམ་ནི་དེ་འདྲའི་སྙིང་པོ་མེད་ལ་དེ་འདྲའི་སྡུག་རྩུབ་ཆེ་བ་ཞིག་རེད་ཨང་།ཕ་མ་གཉིས་ཀྱིས་རྒྱུན་དུ་ང་ལ་ལ་ཕུག་རྙིད་པ་ཞེས་འབོད་ལ།ང་ཡང་དངོས་གནས་འགྲོ་ཤེས་པའི་ལ་ཕུག་རྙིད་པ་ཞིག་ཏུ་གྱུར།

ལུག་རྫི་ལ་འགྲོ་བ་དེ་ནི་ངས་རང་འགུལ་གྱིས་བླངས་པའི་ཁག་ཁུར་ཞིག་ཡིན་ནམ།ཕ་མ་གཉིས་ཀྱིས་ངའི་ཕྲག་ལ་བཞག་པའི་ལས་བྱ་ཞིག་ཡིན་ནམ། དེ་ངས་དྲན་གྱིན་མི་འདུག གང་ལྟར་སྐབས་དེའི་དབྱར་དགུན་གནང་གི་སྐབས་མང་ཤོས་སུ་ང་རྒྱུན་དུ་ལུག་རྗེས་ན་འདུར་གྱིན་འདུག ལུག་རྗེས་ནས་ངས་གནའ་རྒྱལ་ཚེ་ལོར་ཉན་སྤྲོ་བའི་བགྲེས་མོ་མགོ་དཀར་ངོ་ཤེས་པར་གྱུར་ལ།ཁ་གྱའི་སྐྱབས་ལོ་དང་སྣང་རའི་སངས་རྒྱས་ལ་ཉན་སྤྲོ་བའི་བགྲེས་པོ་ཇ་དགའ་ཡང་ངོ་ཤེས་པར་གྱུར།དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མར་ཉན་སྤྲོ་བའི་ཨ་ཅེ་ཨ་བུ་མང་པོ་ཡང་ངོ་ཤེས་པར་གྱུར།ད་དུང་བྱིས་པ་སྣབས་ལུག་འགའ་ཡང་ངོ་ཤེས་པར་གྱུར།

ང་ནི་ཁེར་འགྲོ་བྱེད་རྒྱུ་ཁོ་ན་ལས་ཅི་ཡང་མི་ཤེས་པའི་བྱིས་པ་ཞིག་ཡིན་པས།དང་ཐོག་ཁོ་ཚོས་ཀྱང་ང་ལ་ཁ་ཡ་མི་བྱེད་མོད།ངས《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཡི་དཔེ་ཆ་དེ་མཆན་ལ་བཙིར་ནས་འགྲོ་བ་མཐོང་རྗེས།མཚར་འཛིན་ཆེ་བའི་མི་འགའ་རེས་ཁྱོད་ཀྱི་ལག་གི་དཔེ་ཆ་དེ་ཅི་ཞིག་ཡིན་ཞེས་འདྲི་བར་བྱེད།ངས་ལན་མ་བཏབ་ན།ཁོ་ཚོའི་མཚར་འཛིན་སྔར་ལས་ཆེ་བར་གྱུར་ཏེ་བསྐྱར་འདྲི་བྱེད།ཨ་ན་མ་ན་བྱིས་པ་འདི་ལྐུགས་པ་ཞིག་མིན་ནམ་སྙམ་བཞིན་པ་འདྲ་བས།ངས་རང་ཉིད་ལྐུགས་པ་ཞིག་མིན་པ་ར་སྤྲོད་ཆེད་དུ་ཡང་དཔེ་ཆ་དེ་ངོ་སྤྲོད་ཁུལ་ཙམ་བྱེད་དགོས་པ་སྨོས་ཅི་དགོས།ཡིན་ན་ཡང་།ངས་ཇི་ལྟར་ངོ་སྤྲོད་བྱས་ཀྱང་ཁོ་ཚོའི་མཚར་འཛིན་གྱི་བློ་ཁ་ཚིམ་ཐབས་མ་བྱུང་བས།ཁོ་ཚོའི་དྲི་བ་ཇེ་མང་དུ་སོང་།དཔེར་ན།དེའི་ནང་ན་ཅི་ཞིག་བཤད་ཀྱིན་འདུག འདི་ཅི་རེད།གན་ཅི་རེད།ཁྱོད་ཀྱིས་ཡི་གེ་འདི་དག་འདོན་ཨེ་ཤེས།ཁྱོད་ཀྱིས་དཔེ་ཆ་འདིའི་ནང་དོན་བཤད་ཨེ་ཤེས།

གང་ལྟར་ང་ལྐུགས་པ་ཞིག་མིན་པ་ཤེས་རྗེས།ཁོ་ཚོས་བྱིས་པ་འདི་གླེན་པ་ཞིག་མིན་ནམ་སྙམ་བཞིན་པ་དང་འདྲ།

ང་གླེན་པ་ཞིག་ག་ལ་ཡིན།རང་ཉིད་གླེན་པ་ཞིག་མིན་པ་ར་སྤྲོད་ཆེད་ཡིན་ནམ།ངས་དཔེ་ཆ་དེ་ཀློག་འདོན་བྱེད་མགོ་བརྩམས།ནན་ནན་ཏན་ཏན་གྱིས་ཀློག་འདོན་བྱེད་མགོ་བརྩམས།མ་ཟད་དེའི་ནང་དོན་ཚང་མ་ཁོ་ཚོར་བཤད་མགོ་བརྩམས།

རིམ་བཞིན་རིམ་བཞིན་དུ།ང་དཔེ་ཆ་དེའི་ནང་ལ་ཟུག་མགོ་བརྩམས།ཀློག་པ་དང་བཤད་པ་ཁོ་ནས་རང་གི་ཡིད་མ་ཚིམ་པར།སྐད་ངག་དབྱངས་ལ་བཀུག་ནས་དེའི་ནང་གི་གཏམ་རྒྱུད་ཚང་མ་གླུ་རུ་ལེན་མགོ་བརྩམས།གླུ་ལེན་བཞིན་ལེན་བཞིན་ངས་རི་ལུང་ཐང་གསུམ་གྱི་བྱ་བྱིའི་འབའ་འབུ་དང་རྩྭ་རྩི་མེ་ཏོག་ཚང་མ།ནོར་ལུག་དང་རྫི་བོ།སྤྲིན་དཀར་དང་ཉི་འོད།རི་བོ་དང་ཆུ་མོ།གང་ལྟར་མཐའ་འཁོར་གྱི་ཡོད་ཚད་ལ《གླུ》དེ་བླངས་པ་ཡིན།དྲང་མོར་བཤད་ན་དེ་ནི་རང་ཉིད་ཀྱི་རྫོགས་མཐའ་བྲལ་བའི་སུན་སྣང་གི་དུས་ཚོད་དེ་ཆུད་ཟོས་སུ་གཏོང་བའི་ཆེད་དུ་ཡང་ཅིས་མ་ཡིན།

དེ་ནས་བཟུང་།《གླུ》དེ་ལེན་པར་ང་ལ་ཞོགས་དགོང་དང་དབྱར་དགུན་གྱི་ཁྱད་པར་མེད་པར་གྱུར།གང་ལྟར་ཁོམ་སྐབས་བྱུང་ན་སྐད་ངག་དབྱངས་ལ་བཀུག་ནས་ལེན་རྐྱང་བྱས་པ་ཡིན།ཡིན་ན་ཡང་།རྫི་བོ་རྒན་པ་ཚོས་དཔྱིད་དུས་དང་དབྱར་དུས་ལས་སྟོན་དུས་དང་དགུན་དུས་སུ་དེ་ལྟར་སྐད་ལ་བརྒྱབ་ནས་གླུ་བླངས་ན་མི་བཟང་ཚུལ་བཤད་ཡོང་།ཁོ་ཚོས་དཔྱིད་དབྱར་དུ་བླངས་ན་ཚེ་སྲོག་ཕྲ་མོ་ཁྲི་མ་འབུམ་གྱི་ལུས་སྲོག་གསོ་བའི་ཆོས་སུ་འགྲོ་ལ།སྟོན་དགུན་དུ་བླངས་ན་དེ་ཚོའི་རྣམ་ཤེས་དཀྲོག་པའི་བར་ཆད་དུ་འགྲོ་ཟེར།དེ་བས།སྟོན་དགུན་དུ་ངས་རྡོ་ཁང་གྲུ་བཞིའི་ནང་ནས་ཁོ་ཚོར་སྐད་དམའ་མོས་བླངས་པ་ཡིན་ལ།དཔྱིད་དབྱར་དུ་ངས་སྤང་ཐང་ཡངས་ས་ནས་ཁོ་ཚོར་ཤེད་ཀྱིས་བླངས་པ་ཡིན།

སྐབས་དེ་དག་ཏུ།ཁོ་ཚོ་རྒན་དར་གཞོན་གསུམ་ཅི་ཡང་རུང་། ངའི《གླུ》ལ་ཉན་ནས་ཉི་མ་ནམ་ནུབ་མི་ཚོར་ཞིང་ལུག་ཁྱུ་གར་ཞོགས་མི་ཤེས་པའི་གནས་ཚུལ་ཡང་རྒྱུན་དུ་འབྱུང་།ཐ་ན་བགྲེས་མོ་མགོ་དཀར་ཚོས་གནའ་རྒྱལ་ཚེ་ལོ་ལ་ཉན་ནས་མིག་ཆུ་གཏོང་དུས་ཀྱང་ཡོད།དེ་བས་ཁོ་ཚོས་རྒྱུན་དུ་ང་ལ་བསྟོད་པ་བྱེད་ལ་བཀའ་དྲིན་ཞུ།དྲང་མོར་བཤད་ན།ཁོ་ཚོས་ང་ལ་སློབ་དེབ་དང་དགེ་རྒན་གྱིས་ཁྲིད་མི་སྲིད་ལ་ཁྲིད་མི་ཤེས་པའི་མན་ངག་ཅིག་སྦྱིན་ཡོད་པ་འདྲ།

ད་ལྟ་བསམས་ན།ངའི《གླུ》ལ་ཉན་དུས་ཀྱི་ཁོ་ཚོའི་རྣམ་འགྱུར་རེ་རེ་ནི་ངས་ཀློག་གིན་པའི་དཔེ་ཆ་དེའི་གསང་བ་འབྱེད་བྱེད་ཀྱི་ལྡེ་མིག་རེ་རེ་རེད།ཁོ་ཚོའི་རྣམ་འགྱུར་དེ་དག་ནི་ཉམས་མྱོང་གི་གཏིང་མཐིལ་ནས་བཙག་པའི་མ་བཅོས་པའི་བདུད་རྩི་རང་རེད།བདུད་རྩི་དེའི་བྱིན་རླབས་ཀྱིས་དཔེ་ཆ་ཟེར་ན་སྐྱུག་རྒྱུ་ལངས་ཡོང་བའི་ངས་དཔེ་ཆ་དེ་ཧྲིལ་པོ་བློར་སྐྱོར་ཐུབ་པར་གྱུར་ལ།ངས་དཔེ་ཆ་དེ་ལ་གཏིང་ནས་གོ་བ་ལེན་ཤེས་པར་གྱུར།གང་ལྟར་ངའི་སྨུག་པས་བཏུམས་པའི་གཞོན་སེམས་ཀྱི་རི་སྒང་དེར་ག་ལེར་ཉི་མ་འཆར་དུ་བཅུག

སྨུག་པའི་ནང་ནས་མགོ་འཐོམ་སྟེ་དམིགས་མེད་ཀྱིས་སོང་སོང་རྗེས།གློ་བུར་དུ་རང་ཉིད་ཀྱི་སྦྲ་སྒོར་སླེབས་ཤིང་།ལུག་ཁྱུས་ལྷས་ན་སྐྱུག་ལྡད་བྱེད་ཀྱིན་མིག་ཟུང་སྐར་མ་འཚེར་འཚེར་གྱིས་རང་ཉིད་ལ་བལྟས་འདུག་པའི་ཚོར་བ་དེ་ཁྱོད་ཀྱིས་མྱངས་ཨེ་མྱོང་།《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཡི་དཔེ་ཆ་དེ་བཀླགས་པའི་ལོ་ཟླ་དེ་ནི་ང་ལ་མཚོན་ན་དེ་དང་འདྲ།

གལ་ཏེ།ཁྱོད་ཀྱིས་དཔེ་ཆ་དེ་གཉིས་ནི་དཔེ་ཆ་ཞེས་པའི་དངོས་པོ་དེ་ཙམ་ལ་གོ་བ་བླངས་ཏེ།དེ་གཉིས་ཀྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་དང་བརྗོད་བྱ་བསམ་བློའི་ཁྱད་ཆོས།དེ་གཉིས་ཀློག་པའི་དགོས་པ་དང་རིན་ཐང་ཟེར་བ་སོགས་ངོ་སྤྲོད་པར་རེ་སྒུག་བྱས་ཡོད་ན།ཁྱོད་རང་ཕལ་ཆེར་དཔེ་ཀློག་ལ་དགའ་བ་ཞིག་མིན་པར་སློབ་སྦྱོང་ལ་དགའ་བ་ཞིག་ཡིན་སྲིད།ཡིན་ན་ཡང་།ངའི་སློབ་སྦྱོང་གི་ནུས་པ་ཅུང་ཟད་ཞན་པས་ཁྱོད་ལ་ཕན་ཅི་ཡང་འདེབས་མི་ཐུབ་པ་གདོན་མི་ཟ།

ང་ཚོར་མཚོན་ན་སྤྱིར་བཏང་དཔེ་ཆ་ནི་ལག་ཆ་ཙམ་རེད།རང་ཉིད་ལ་མངོན་སུམ་གྱི་ཕན་པ་སྟོན་རྒྱུ་ཡོད་པ་ཞིག་འདེགས་བྱེད་ཀྱི་ལག་ཆ་ཙམ་རེད།རྒྱུགས་འཕྲོད་པར་རམ་འདེགས་ཐུབ་པ།གཏམ་བཤད་པར་རམ་འདེགས་ཐུབ་པ།མི་མཐུན་པ་ཕམ་པར་གཏོང་བར་རམ་འདེགས་ཐུབ་པ།ལས་ཀ་ཞིག་རེག་པར་རམ་འདེགས་ཐུབ་པ།རྩོམ་ཡིག་ཅིག་འབྲི་བར་རམ་འདེགས་ཐུབ་པ།ཤེས་མདོག་གི་ང་རྒྱལ་ངོམ་པར་རམ་འདེགས་ཐུབ་པ།མང་པོ་མང་པོ་ཡོད་པ་རེད།གང་ལྟར་ལག་ཆ་ཞིག་རེད།

ཡིན་ན་ཡང་།ང་ལ་མཚོན་ན་དཔེ་ཆ་དེ་གཉིས་ནི་ལྷ་དང་དཀོན་མཆོག་གི་བྱིན་རླབས་ཤིག་ཡིན།འཕྲང་དང་བར་ཆད་ཟློག་པའི་གཞི་བདག་ཅིག་ཡིན།དེ་ལས་ཀྱང་ངའི་སེམས་ཀྱི་གསང་ཕུགས་སུ་བཞུགས་པའི་རྣམ་ཤེས་ཀྱི་ཁྱེའུ་དེའི་སྲུང་མ་ཡིན།དུས་དང་རྣམ་པ་ཀུན་ཏུ་དེའི་དྭངས་གཙང་དང་ཉམ་ཆུང་།ཁེར་རྐྱང་དང་སྙིང་རྗེ་ལ་འཇིགས་པ་མེད་པའི་མགོན་སྐྱབས་གནང་མཁན་གྱི་སྲུང་མ་དེ་ཡིན།

ཡང་ན།རྫི་རོགས་སེམས་བཟང་འགའི་རྣ་བར་ལྷུང་བའི་མགུར་གླུ་ཞིག་དང་།རྩྭ་རྐང་ཞིག་གི་ཁོག་པར་གནས་བཅས་པའི་འབུ་ཕྲའི་དུད་ཚང་ཞིག་གི་གཡེར་དྲིལ་ཡིན།དེ་བས།ང་སློབ་གྲྭའི་རིམ་པ་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་ལ་ཞུགས་རྗེས།ངས《མི་རོ་རྩེ་སྒྲུང》དང《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཞེས་པའི་དཔེ་ཆ་དེ་གཉིས་པར་གཞི་མི་འདྲ་བ་དུ་ཡོད་ན་དུ་ཉོས་པ་ཡིན།ཡིན་ན་ཡང་།ངས་དཔེ་ཆ་དེ་གཉིས་བསྐྱར་ཀློག་བྱས་མ་མྱོང་།མ་མཐའ་ཡང་ནན་ཏན་གྱིས་ཐེངས་གཅིག་ལའང་བསྐྱར་ཀློག་བྱས་མ་མྱོང་། དེ་ལ་ཕྱི་ནང་གི་རྒྱུ་མཚན་མང་པོ་ཞིག་འདུག་མོད།རྒྱུ་མཚན་གཙོ་བོ་ནི་དཔེ་ཆ་དེ་གཉིས་ཀྱིས་ང་ལ་བཞག་པའི་ཐོག་མའི་ཚོར་བ་དེ་ནི་དངོས་ནས་བསྐྱར་ཟློས་བྱེད་དུ་མེད་པ་ཞིག་རེད།

བསམས་ཤིང་བསམ་ན།དེ་དུས།ངའི་དཔེ་ཀློག་གི་ཚད་རིམ་ཅི་འདྲའི་མཐོ་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།