ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་གཞིག་རེ་བགྱིས་ཚེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་སྡོམ་གྱི་ཚུལ་དུ་འདས་སོང་ལ་ཕྱི་མིག་ཅིག་འཕངས་ཚེ། ངས་ད་བར་དུ་བྲིས་པའི་རྩོམ་ཡིག་གི་གྲངས་འབོར་ལྟོས་བཅས་ཀྱིས་མང་དུ་སྲིད་ཀྱང་། གློག་ཀླད་ཀྱི་ཡིག་སྒྲོམ་རེ་རེ་ཕྱིར་བསློགས་ཏེ་ཞིབ་མོར་བཀླགས་ཙ་ན། འདི་ནི་ཚབ་མཚོན་རྩོམ་ཡིག་གོ་ཞེས་མཛུབ་མོས་སྟོན་རྒྱུ་ཆེན་པོ་ཞིག་མི་གདའ། ཡིན་ཡང་ལོ་ངོ་བཅུ་ཕྲག་ལྷག་ལ་སྨྱུག་ཁ་ཤོག་ངོར་བརྡར་བ་དང་མཛུབ་གུས་མཐེབ་གཞུང་བརྡུངས་པའི་རྟ་རྒོད་སྲབ་ལས་ཤོར་འདྲའི་ལོ་ཟླ་དག་གི་གུང་རེ་བསྒྲིགས་པ་ན། རྩོམ་ཡིག་ནི་དངོས་གནས་དགའ་སྐྱོ་ཆགས་སྡང་གི་འགྱུ་བ་ཡོད་དོ་ཅོག་ཚིག་གི་རྟ་ལ་བཅིབས་པའི་འཁྱར་འཁྱོར་གྱི་གོམ་འགྲོས་ལས་གཞན་ཅི། ལོ་ངོ་འདི་དག་གི་རིང་ལ་ངས་མཚན་མོའི་མུན་པ་སྡོང་གྲོགས་སུ་བཀུག་ཅིང་ཞི་འཇགས་ཀྱི་ཁོར་ཡུག་དང་བསྟུན་ཏེ་དགའ་བ་དང་སྐྱོ་བ། ཁྲོ་བ་དང་སྡང་བ། མིག་ལ་སྡུག་པ། རྣ་ལ་གཟན་པ། ཡིད་སྨོན་འཆོར་ས་སོགས་རྩོམ་གྱི་བརྗོད་བྱར་བསལ་ཏེ་ནུས་ཚོད་ཀྱིས་རྩོམ་སྟངས་སྣ་མིན་གྱི་ལུགས་ལྟར་དུ་འབྲི་བཞེངས་ཀྱི་ལམ་ཁར་ཞུགས་ཁུལ་ཙམ་བྱས་པ་ཡིན། སྤྱིར་རྩོམ་ཡིག་གི་འབྱུང་ཁུངས་ནི་འཚོ་བ་དངོས་ཡིན་ལ། ང་ཚོས་སྨྱུ་གུའི་རལ་གྲི་ཐོགས་ཏེ་ཕྱིར་འཚོ་བ་དངོས་ཀྱི་དོན་བྱ་ཕྲ་རགས་ཐམས་ཅད་གཏུབ་གཅོད་དང་གཤག་བཅོས་བྱས་ནས་རང་དབང་གི་ཤོག་ངོར་ལྷག་ལུས་མེད་པར་འགྲེམ་སྟོན་བྱེད་པ་ལས་འདའ་འགོངས་བྲལ། ཡིན་ཡང་མི་ཆེ་གེ་མོ་ཞིག་གིས་ང་ལ་རྩོམ་རིག་ཐད་ཀྱི་ཉམས་མྱོང་དང་བློ་སྦྱོང་ཐད་དུ་སྐད་ཆ་འགའ་རེ་བཤད་པའི་རེ་བ་བཏོན་ཙ་ན། ང་ལ་ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ལྟར་རྡོག་རྡོག་ཅིག་བཤམས་སྟོན་བྱ་རྒྱུ་ཁྱོན་ནས་མི་འདུག

འོན་ཏེ་ཅོལ་ཆུང་ང་རྩོམ་ཡིག་འབྲི་རྒྱུར་དགའ་བའི་མོས་འདུན་ཐད་རྒྱུ་རྐྱེན་མེད་པ་ཡང་མིན་ཏེ། ཆུང་དུས་དམའ་འབྲིང་སྐབས་ནས་བཟུང་དགེ་རྒན་བཀའ་དྲིན་ཅན་དང་ཕུལ་བྱུང་སློབ་གྲོགས་ཚོའི་རྩོམ་ཡིག་ཐར་ཐོར་ཚགས་ཤོག་གང་རུང་དུ་བཀོད་པ་རིག་དུས། ང་ནི་དངོས་གནས་གསར་སྐྱེས་རྩོམ་པ་པོ་དེ་དག་ལ་དད་པ་དང་ཡིད་སྨོན་སྐྱེས་ཏེ་གོང་བཀུར་དང་ཡི་རང་བླ་ལྷག་བྱེད་བཞིན་ནམ་ཉི་མ་ཞིག་ལ་དམན་ཆུང་རང་ཉིད་ཀྱིས་ཀྱང་འདི་དག་ནང་བཞིན་རྩོམ་པ་པོའི་ཆོ་ལོ་ཞིག་རེག་ཐུབ་དུས་ནམ་ཡིན་ཨང་སྙམ་པའི་རེ་སྨོན་གྱི་ས་བོན་སེམས་ཁོང་ལ་གཏོར་མྱོང་། གསར་སྐྱེས་རྩོམ་པ་པོ་དེ་དག་གི་ཤན་ཤུགས་ཀྱིས་སྐབས་ཐོག་དེ་ནས་བཟུང་ངས་ཀྱང་རྩོམ་ཡིག་ཅིག་ཡིན་མིན་གྱི་དོགས་པ་ཟ་ཞོར་འབྲི་ཁུལ་ཙམ་བྱས་ནས་རྩོམ་སྒྲིག་ཁང་རེ་གཉིས་ལ་བསྐུར་ནའང་། བར་སྣང་དུ་རྡོ་བ་འཕངས་པ་བཞིན་ངལ་བ་འབྲས་མེད་དུ་གྱུར། གང་ལྟར་སློབ་འབྲིང་འགྲིམ་དུས་ནས་བཟུང་ལམ་ཁ་དེར་ཞུགས་ཟིན་པས་རྩོམ་རིག་གི་དགའ་མ་ལ་ཞེ་མཐུན་གྱི་དུངས་ཀ་ཇེ་ཆེར་གྱུར་ཏེ་དུས་ད་ལ་ཐུག་གི་བར་དུ་དགའ་མོས་ཀྱི་འདུན་པ་ལྷོད་མ་མྱོང་།

ཟང་ཟིང་སྤྱི་ཚོགས་ཀྱི་ཆགས་སྡང་དང་ཁྱིམ་ཚང་འཁོར་བའི་དྲ་རྒྱ། ལས་རྐང་གི་བྱ་བ་ལས་འདས་པའི་འཛད་མེད་ཀྱི་ཙག་ཙིག་གི་ལས་དོན་སོགས་ཀྱིས་ངས་རྩོམ་རིག་ལ་བཅངས་པའི་ལྷད་མེད་ཀྱི་སེམས་པར་ཆག་གྲུམ་ཡང་མང་པོ་བཟོས་པས། ལྟ་ཀློག་དང་རྩོམ་འབྲི་མཉམ་གནས་ཀྱི་ཁ་ཕྱོགས་ཀྱང་མོག་པོར་བཟོས་མྱོང་། དེའི་ཁར་རྩོམ་རིག་གི་ལམ་སྟོན་དེད་དཔོན་དང་དཔེ་ཀློག་ཐད་ཆུ་སྣ་གར་ཁྲིད་ཀྱི་མཛུབ་སྟོན་སློབ་དཔོན་འགྲེང་ཚུགས་ཅན་ཞིག་ལའང་འཕྲད་སྐལ་མ་བྱུང་བས། ཀྱག་ཀྱོག་གི་རྐང་ལམ་རིང་མོར་མགོ་བོ་དུད་ནས་ཁེར་རྒྱུག་གི་གླ་བ་ལྡོམ་པོ་ལྟར་གཅིག་པུ་མཚམས་མ་ཆད་པར་བགྲོད་ཁུལ་བགྱིས་པ་ཡིན། ད་ལྟ་བསྐྱར་གཞིག་སྒོས་རྒྱང་བཞུད་ལོ་ཟླར་མིག་ཞགས་འཕངས་དུས། ཟས་རིན་གྱི་དོད་དུ་རྩོམ་དེབ་གསུམ་ཙམ་མི་ཡུལ་གྱི་མགྲོན་དུ་ཕེབས་མོད། དེ་དག་སྤྱི་བམ་ཙམ་ཕྱིར་ཀློག་རེ་བྱེད་སྐབས་རྩོམ་དེབ་ཁྲོད་ཀྱི་རྩོམ་ཡིག་དག་ནི་ཞུན་ཐར་མ་ཆོད་པའམ་གཤོག་རུ་མ་རྒྱས་པའི་བྱིའུ་ཕྲུག་ཅིག་དང་ཅི་འདྲ་མཚུངས་ཨང་། ལར་བརྩམས་ཆོས་ཡག་པོ་ཞིག་འབྲི་དགོས་ན། ཐོག་མའི་སྟ་གོན་ནི་དཔེ་ཀློག་གི་ཐོས་པ་མང་པོ་བསོག་དགོས་པ་སྨོས་མ་དགོས་མོད། རྩོམ་ཡིག་འབྲི་རྒྱུར་དགའ་དྲགས་པའི་ཉི་ཤུའི་ལང་ཚོར་བུད་མ་ཐག་གི་སྐབས་ཐོག་དེར་རྩོམ་ཡིག་འབྲི་རྒྱུ་གཅིག་པུར་མགོ་འཐོམས་ནས་དུས་ཚོད་རིང་དུ་བསྲིངས་ཏེ་དུས་འདའ་བའི་ལོ་རྒྱུས་ལ་ཕྱིར་དྲན་རེ་བྱེད་དུས། དངོས་གནས་ལྟ་རྒྱ་ཐོས་རྒྱའི་འཁོབས་དོག་པས་འཕེལ་མེད་སོར་གནས་སུ་ལུས་པའང་ཁག་མི་འདུག་སྙམ། ཁ་དཔེར་ཡང་། བཀླགས་པ་ཅི་ཙམ་མང་ན། ། ཤེས་པ་དེ་བཞིན་ཕྱུག ། ཤེས་པ་ཅི་འདྲ་ཕྱུག་ན། ། རིག་པ་དེ་བཞིན་འཇོན། །ཟེར་བ་མིན་ནམ། རྒྱའི་རིག་གཞུང་སྨྲ་བ་ཀྲུའུ་ཀོང་ཆན་གྱིས་ཀྱང་། བསམ་པའི་བརྩེ་དུང་ནི་སྲོག་ཡིན། ཚིག་གི་སྡེབ་སྦྱོར་ནི་གཟུགས་ཡིན། མཚོན་ཐབས་ནི་གཟུགས་ལ་སྲོག་དང་རྣམ་ཤེས་ཞུགས་པའི་ཐབས་ལམ་ཡིན་ཞེས་པ་ལྟར། རྩོམ་རིག་གི་ལམ་ཁ་སྙེག་མི་ཞིག་ལ་མཚོན་ན། རྩོམ་ཡིག་འབྲི་བའི་ཐོག་མའི་རྨང་རྡོ་སྲ་ཞིང་བརྟན་དགོས་པ་གཙོ་ཆེ་ལ། ང་ཚོས་དང་ཐོག་རྩོམ་ཡིག་འབྲི་རྒྱུ་ལས་དཔེ་ཆ་བལྟ་རྒྱུ་གཙོར་འཛིན་དགོས་པ་དང་། དཔེ་ཆ་ལྟ་དུས་ཀྱང་ཆེད་ལས་ལ་འབྲེལ་བ་དམ་ཟབ་དང་དཔེ་ཆའི་བཟང་ངན་གྱི་གདམ་གསེས་ནོར་མི་རུང་བ་ནི་གཙོ་བོའོ། ། རྒྱུ་མཚན་དེའི་དབང་གིས་ཚད་མཐོན་པོའི་སྒྱུ་རྩལ་གྱི་རྟོག་འགྱུ་དང་བླ་ན་འཕགས་པའི་མཚོན་ཐབས་མངའ་བའི་འཛམ་གླིང་ཕུལ་བྱུང་བརྩམས་ཆོས་ལ་མཇལ་ཏེ་རྩོམ་རིག་གི་བློ་སྒོ་དབྱེེ་བར་ཆ་རྐྱེན་ལེགས་པོ་བསྐྲུན་དགོས། དེའི་མི་ཚད་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། ། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཅེས་པ་ལྟར་དཔེ་ཀློག་གི་ཕྱོགས་སུ་ཤུགས་ཆེན་བརྒྱབ་སྟེ་རང་ཉིད་ཀྱི་བློའི་རྟོགས་པ་རྒྱས་ཤིང་བསམ་བློའི་ཁོ་ལག་རྫོགས་པའི་མན་ངག་རང་རྐྱ་འཕེར་བ་ཞིག་གསོག་འཇོག་བྱས་ཏེ་རྩོམ་རིག་གི་སྒོ་འཕར་ཡངས་པོར་དབྱེ་བའི་གསེར་གྱི་ལྡེ་མིག་ཅིག་ཐོབ་འདོད་ལ་འབད་པས་རིངས་པར་མ་འོངས་འབྱུང་འགྱུར་གྱི་གཡར་དམ་ཡང་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།