ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་གྱི་ཀླུ་སྡོང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁུ་བྱུག་སྔོན་མོ།   སྤེལ་དུས། : 2017-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོའི་སྡེ་བའི་དཀྱིལ་ན་ཀླུ་སྡོང་དུ་འབོད་པའི་ལོ་ངོ་བཞི་བརྒྱའི་ཡན་གྱི་ལོ་རྒྱུས་ཡོད་པའི་སིལ་སྡོང་ཆེན་པོ་ཞིག་ཡོད། དེ་ནི་འབུམ་ཁང་ཆེན་མོ་ཞིག་གི་ཙན་དན་གྱི་སྲོག་ཤིང་ཞིག་དང་འདྲ་བར་ང་ཚོའི་སྡེ་བའི་གཡང་དང་བཅུད་ཀྱི་གཞི་མ་ལྟ་བུའི་ཚུལ་དུ་གནས་ལ། ཡུལ་མི་རྒན་པ་ཚོའི་བཤད་རྒྱུན་དུ་ཡང་སྡེ་བའི་ས་ཡི་དགེ་བཅུ་སོགས་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དེར་རག་ལས་པ་དང་། སིལ་སྡོང་ཆེན་པོ་དེར་ཧ་ཅང་བརྗིད་ལ་སྦོམ་པའི་ར་ལག་ཆེན་པོ་བཞི་ཡོད་པ་དག་ནི་ང་ཚོའི་སྡེ་བའི་ཕྱོགས་བཞིའི་ཉག་ག་ཆེན་པོ་བཞིའི་ཁ་གཅོད་བྱེད་ཀྱི་ཚུལ་དུ་སྐྱེས་ཏེ། ས་དགྲ་སོགས་གནོད་བྱེད་ཐམས་ཅད་ཀྱི་ཁ་གནོན་དུ་ཡང་གྱུར་ཡོད་པར་སྨྲ།

ལྷག་པར་དུ། སིལ་སྡོང་ཆེན་པོ་དེའི་སྟེང་ལ་བྱ་རིགས་སྣ་ཚོགས་ཆད་མེད་དུ་འབབ་ཅིང་། དེའི་རྩ་ནས་སྡེ་མི་འགའ་དབྱར་དགུན་སྟོན་དཔྱིད་མེད་པར་རྒྱུན་དུ་འཛོམས་ནས་ལབ་གླེང་སོགས་བྱེད་ལ། ཉེ་འདབས་ན་བྲག་རྡོ་ཞིག་དང་དེའི་མདུན་ན་ཆུ་མིག་ཅིག་ཡོད་པར་མ་ཟད།མཚམས་རེར་ང་ཚོའི་སྡེ་བ་དང་ཐག་མི་རིང་བའི་སེང་གེའི་ནགས་གསེང་ནས་རི་དྭགས་ཀྱི་རིགས་ཀྱང་དེར་ཆུ་འཐུང་དུ་ཡོང་བ་མཐོང་རྒྱུ་ཡོད་པས། ང་ཚོའི་སྡེ་བ་འདིར་ཚེ་རིང་རྣམ་དྲུག་ཀྱང་རང་བཞིན་དུ་འཛོམས་ཡོད་ཅེས་པའི་མེས་པོ་དག་གི་བཤད་རྒྱུན་ཞིག་ཀྱང་འདུག

དེ་བས། ང་རང་ཆུང་དུས་སུ་ང་ཚོའི་སྡེ་བ་གཞུང་གིས་ལོ་རེ་རེ་བཞིན་ལོ་སར་གྱི་རྗེས་སུ་སྡེ་བའི་བཅའ་བ་རིམ་གྲོ་སྒྲུབ་དུས། དམིགས་བསལ་དུ་སྡེ་མི་ཀུན་གྱིས《ས་ཡི་སྙིང་པོ》འདོན་པ་ལས་གཞན། དེ་འབྲེལ་གྱི་ཆོ་ག་སོགས་སྤེལ་ཏེ་སིལ་སྡོང་ཆེན་པོ་དེར་དར་ལྕོག་དང་ཁ་བཏགས་མང་པོ་འཐེན་པ་དང་། མནོལ་བསང་གདུག་པ་དང་དྲི་ཆབ་གཏིག་སྟེ་མནོལ་གྲིབ་ཙམ་ཡང་ཕོག་ཏུ་མ་བཅུག་པར་བདག་སྐྱོང་བྱེད། ངེད་ཚང་གི་ཨ་མྱེས་ཀྱིས་ཀྱང་རྒྱུན་དུ་ང་ལ་སྡེ་བའི་དཀྱིལ་གྱི་སིལ་སྡོང་ཆེན་པོ་དེ་ལ་བདག་སྐྱོང་བྱེད་དགོས་པའི་ཁ་བརྡ་དང་འབྲེལ་ནས་ས་ཆ་གང་ནས་ཡིན་ཡང་སྡོང་པོའི་རིགས་ཆུང་ཆུང་ཞིག་ཀྱང་གང་འདོད་དུ་གཏན་ནས་གཅོད་མི་རུང་བ་དང་། དེ་བཅད་ཚེ་ཕྲུ་གུ་ཞིག་བསད་པ་དང་མཚུངས་པའི་ཉེས་པ་ཡོད་པ་སོགས་ཀྱི་སློབ་གསོ་བཏང་བ་ངས་གཏན་ནས་བརྗེད་མི་སྲིད།

ཆུང་དུས་སུ། སིལ་སྡོང་ཆེན་པོ་དེའི་ཉེ་འཁོར་ནི་བྱིས་པ་དག་རྩེད་མོར་གཡེང་སའི་གནས་གཙོ་བོ་ཡིན་ལ། ལྷག་པར་དུ་ང་ལ་མཚོན་ན་དབྱར་ཁར་སིལ་སྡོང་ཆེན་པོ་དེའི་སྟེང་ལ་འཚང་ཁ་དང་བཅས་ཐོགས་ཡོད་པའི་སིལ་ཏོག་གི་མངར་ཁ་ཡང་ཡང་མྱོང་མཁན་ཞིག་ཡིན་པས། ང་ནི་སིལ་སྡོང་ཆེན་པོ་དེར་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད་པ་དང་། ཕ་ཡུལ་དང་བྲལ་ཏེ་མཐོ་འབྲིང་སོགས་འགྲིམ་པ་ནས་དུས་ད་ལྟ་ལ་ཐུག་གི་བར་ཕ་ཡུལ་ལ་ལོག་ཐེངས་རེ་རེར་སིལ་སྡོང་ཆེན་པོ་ཡོད་ས་དེར་འགྲོ་རྒྱུ་ནི་ལོབས་ཕྱོགས་ཤིག་ཏུ་གྱུར་འདུག་ཅིང་། ཆུང་དུས་སུ་རྒན་པ་ཚོས་སིལ་སྡོང་ཆེན་པོ་དེར་བཅངས་པའི་དད་གུས་སོགས་དང་དེའི་བག་ཆགས་ཀྱི་དབང་གིས་ངས་ཀྱང་སྐབས་དེ་དག་ཏུ་སིལ་སྡོང་ཆེན་པོ་དེའི་སྟེང་དུ་དར་ལྕོག་དང་ཁ་བཏགས་རེ་འཐེན་རྒྱུ་ནི་གོམས་སྲོལ་ཞིག་ཏུ་གྲུབ་ཡོད།

ཡིན་ནའང་། ང་ཚོའི་སྡེ་བའི་རྒན་པ་ཚོ་རེ་རེ་བཞིན་ཚེ་ལས་འདས་ཏེ་ཡུན་གྱིས་མི་རབས་ཀྱང་བརྗེས་པ་དང་བསྟུན་ནས་སྔོན་ཆད་ཀྱི་སྲོལ་དེ་དག་སྔར་ནས་ཉམས་པར་གྱུར་ལ། སིལ་སྡོང་ཆེན་པོ་དེ་ང་ཚོའི་སྡེ་བའི་གཡང་དང་བཅུད་ལྟ་བུར་བརྩི་བའི་འདུ་ཤེས་ཀྱང་དེ་བཞིན་དུ་ཡལ་བར་གྱུར། ཉེ་བའི་ལོ་འགའི་སྔོན་ནས་བཟུང་ངའི་བྱེད་སྟངས་དེར་སྡེ་མི་འགའ་དང་ལྷག་པར་དུ་ཆུང་ཕྱོགས་པ་ཚོས་ཁྲེལ་དགོད་དང་བཅས་བསམ་བློ་རྙིང་པའི་རྨོངས་དད་ཀྱི་ལས་རེད་ཅེས་ཤབ་ཤུབ་ཀྱིས་སྨྲ་བ་རྒྱུན་དུ་ཐོས་ཡོང་། ཁོ་ཚོས་ང་དང་འདྲ་བའི་མི་སྐོར་ཞིག་ཀླད་རྙིང་མཁྲེགས་འཛིན་གྱི་གྲས་སུ་བརྩིས་ཏེ་ཅོལ་ཆུང་རྗེས་ལུས་ཀྱི་མི་རུ་བགྲང་ལ། ཁོ་ཚོ་རང་ནི་རྟོགས་པ་སད་པའི་སྔོན་ཐོན་གྱི་མི་རབས་གསར་པར་བགྲང་བཞིན་འདུག

ཁོ་ཚོས་དེ་ལྟར་ངའི་སྟེང་ལ་ལྟ་ཚུལ་གཞན་ཞིག་འཛིན་ནའང་། ང་ནི་དེ་ལས་ལྡོག་སྟེ་ང་ཚོའི་སྡེ་བའི་མེས་པོ་དག་གི་བསམ་བློ་དང་འདུ་ཤེས་སོགས་ལ་ལྷག་ཏུ་དགའ་ཞིང་། སྡེ་བའི་དཀྱིལ་གྱི་སིལ་སྡོང་ཆེན་པོ་དེ་ལ་ཡང་མེས་པོ་དག་དང་འདྲ་བར་དད་གུས་ཤིན་ཏུ་ཆེ། སློབ་ཆེན་འགྲིམ་དུས་ནང་བསྟན་དགེ་རྒན་གྱིས་སློབ་ཁྲིད་ཀྱི་འཕྲོས་བཤད་སྐབས་སུ་ཚེ་རིང་རྣམ་དྲུག་གི་མཚོན་དོན་དང་། དེས་རང་རེའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་བ་གསལ་པོར་མཚོན་ཡོད་ཅེས་པ་སོགས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་ཡང་ཡང་གསུང་སྐབས། ངའི་ཡིད་ལ་ཕ་ཡུལ་གྱི་ཚེ་རིང་རྣམ་དྲུག་ཀྱང་ཡང་ཡང་འཁོར་མྱོང་བར་མ་ཟད། ཕ་ཡུལ་གྱི་རྒན་པ་ཚོས་ང་ཚོའི་ཕ་ཡུལ་ལ་ཚེ་རིང་རྣམ་དྲུག་ཀྱང་རང་བཞིན་དུ་འཛོམས་ཡོད་ཅེས་པ་དེར་བསྟན་དོན་ཟབ་མོ་ཞིག་ཡོད་པའི་བསམ་ཚུལ་ཡང་སྐྱེས་མྱོང་།

དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཟེར་བ་དེ་ཅིས་མི་བདེན། དེང་གི་ཆར་སྡེ་མི་ལ་ལས་སིལ་སྡོང་ཆེན་པོ་དེས་སྡེ་བའི་མ་ཎི་ཁང་དང་ཁྱིམ་ཚང་འགར་གྲིབ་སོ་བསྐོན་ཡོང་ཟེར་བ་དང་། ཡང་སྡེ་མི་ལ་ལས་སྡེ་བའི་གཞུང་དུ་རླངས་འཁོར་ཆེན་པོའི་རིགས་ཡོང་ན་སིལ་སྡོང་ཆེན་པོ་དེར་ཐོགས་འགྲོ་བས་དེའི་ར་ལག་འགའ་བཅད་ན་བཟང་ཟེར་བ་སོགས་ཐོས་རྒྱུ་མང་བར་བརྟགས་ན། སིལ་སྡོང་ཆེན་པོ་དེ་ནི་དེང་སང་ང་ཚོའི་སྡེ་བའི་སྡེ་མི་ཚོའི་མིག་ལའང་མ་རན་པར་བེད་མེད་ཀྱི་དངོས་པོ་ཞིག་ཏུ་གྱུར་འདུག་པ་གསལ་པོར་རྟོགས།

གཞེས་ནིང་ལོར་ང་རང་ཕ་ཡུལ་དུ་སོང་བའི་དུས་ཤིག་ཏུ་བློ་ཡིད་ལས་འདས་པ་ཞིག་ལ་ང་ཚོའི་སྡེ་བའི་དཀྱིལ་གྱི་སིལ་སྡོང་ཆེན་པོ་དེ་མཐོང་ལམ་དུ་མངོན་མ་བྱུང་། སྐབས་དེ་དུས་རང་ཉིད་རང་གི་མིག་ལའང་ཡིད་མ་ཆེས་པར་ཞིབ་ཏུ་བལྟས་པ་ན་སིལ་སྡོང་ཆེན་པོ་དེའི་རྩ་བ་དང་བཅས་མེད་པར་བྱས་ཏེ་ཤུལ་ཙམ་ཡང་མི་འདུག ཤུལ་ན་ལྷག་པ་ནི་ཨར་འདམ་གྱི་ལམ་བུ་ཞིག་ཞེང་ཁོད་ཆེན་པོས་བླུགས་འདུག་པ་དེ་རེད། ངས་དེ་འཕྲལ་སྡེ་མི་ཚོར་སིལ་སྡོང་ཆེན་པོ་དེ་རྐྱེན་ཅི་ཞིག་གིས་མེད་པར་བྱས་པའི་ཐད་ལ་རྒྱུས་ལོན་དང་རྩད་གཅོད་བྱས་པར། ང་ཚོའི་སྡེ་བའི་ནང་གི་ལམ་ཚང་མ་ཨར་འདམ་གྱིས་ལས་རྒྱུའི་ཐད་ནས་སྡེ་དཔོན་གྱིས་སྡེ་བར་ཚོགས་འདུ་བསྡུས་ཤིང་། སྡེ་བའི་དཀྱིལ་དུ་ཨར་འདམ་གྱི་ལམ་དེ་ལས་དུས་སིལ་སྡོང་ཆེན་པོ་དེར་གཟུར་ནས་ལས་ན་ཆོག་མོད། སྡེ་མི་ཚོའི་བསམ་ཚུལ་ལྟར་སྡེ་བའི་གཞུང་གི་ཨར་འདམ་གྱི་ལམ་བུ་དེ་དྲང་ཐད་དུ་ལས་པ་དང་ཞེང་ཁོད་ཅུང་ཟད་ཆེ་རུ་གཏང་རྒྱུའི་དགོས་མཁོ་ཙམ་ལ་དམིགས་ཏེ་སིལ་སྡོང་ཆེན་པོ་དེ་རྩ་བ་ནས་མེད་པར་བྱས་པའི་རྒྱུ་མཚན་གསལ་པོར་ཤེས་བྱུང་།

ངས་སིལ་སྡོང་ཆེན་པོ་དེ་བཅད་ཟིན་པའི་རྣམ་པ་དང་གཅོད་དགོས་པའི་རྒྱུ་རྐྱེན་མཐོང་བ་དང་ཤེས་པའི་ཚེ་ན། ངའི་སྣང་ངོར་ང་ཚོའི་སྡེ་བའི་ས་ཡི་བཅུད་གློ་བུར་དུ་ཀུན་ནས་ཉམས་ཤིང་སྐྱ་ཐལ་ལེར་གྱུར་ཏེ། ཆུང་དུས་སུ་རྒན་པ་ཚོའི་བཤད་རྒྱུན་དུ་ང་ཚོའི་སྡེ་བར་ཚེ་རིང་རྣམ་དྲུག་ཀྱང་རང་བཞིན་དུ་འཛོམས་ཡོད་ཅེས་པའང་ད་ནི་ཁ་ཐོར་ཡ་བྲལ་དུ་གྱུར་པའི་ཚོར་བ་ཞིག་སྐྱེས་བྱུང་བར་མ་ཟད། སྡེ་མི་ཚོའི་ལས་དེར་ཡང་ངུ་མ་དགོད་ཀྱི་ཚོར་བ་ཞིག་སེམས་གཏིང་ནས་ཡང་ཡང་སྐྱེས་བྱུང་།

དེ་ནས་དུས་ཡུན་ཅང་མ་འགོར་བར་དེ་ལས་ཀྱང་བློ་ཡིད་ལས་འདས་པ་ཞིག་ལ་གཏམ་ངན་མང་པོ་ཞིག་མི་འདོད་བཞིན་དུ་ངའི་རྣ་ལམ་དུ་ཟུག་ནས་འབྱོར་བྱུང་། དེ་དག་ནི་ང་ཚོའི་སྡེ་བའི་ན་ཆུང་གཅིག་དང་དར་མ་གསུམ་བཅས་མི་བཞིའི་རྐང་ལག་དང་ཁ་སྣ་སོགས་སྐྱོན་ཅན་དུ་གྱུར་ཏེ་མིང་མི་ཐོགས་པའི་ནད་ཡ་མཚན་རེ་བྱུང་ནས་བསྟུད་མར་ཤི་སོང་བ་དེ་རེད། དོན་དག་ངན་པ་དེ་དག་བྱུང་དུས་ང་ཡང་ཐེངས་འགར་ཕ་ཡུལ་དུ་སོང་བ་ཡིན། གནས་ཚུལ་ངན་པ་དེ་འདྲ་ནི་ང་ཚོའི་སྡེ་བའི་ལོ་རྒྱུས་སྟེང་གཏན་ནས་བྱུང་མ་མྱོང་ལ། གནས་ཚུལ་ངན་པ་དེ་དག་བསྟུད་མར་བྱུང་རྗེས་ང་ཚོའི་སྡེ་མི་དག་གི་སེམས་ཟང་ཟིང་དུ་གྱུར། ད་དུང་སྡེ་མི་ཚོའི་རྨི་ལམ་རྒྱུན་དུ་འཁྲུགས་ཤིང་རྣམ་རྟོག་མིན་ན་སིལ་སྡོང་ཆེན་པོ་དེ་བཅད་པ་ནས་སྡེ་བའི་ནང་ནས་བྱ་རིགས་སོགས་གཏན་ནས་མཐོང་རྒྱུ་མེད་པ་དང་། སྡེ་འདབས་ཀྱི་བྲག་རྡོ་དེར་སེར་ཁ་གས་སོང་བ་དང་དེའི་མདུན་གྱི་ཆུ་མིག་དེ་ཡང་བལྟས་བལྟས་རིག་རིག་ལ་བསྐམས་ནས་ཇེ་ཆུང་དུ་གྱུར་སོང་ཟེར་བ་སོགས་ལྟས་ངན་སྟོན་པའི་རྣམ་པ་མང་པོ་ཞིག་ཡང་ཡང་གླེང་བར་བྱེད།

དེ་བས། ང་ཚོའི་སྡེ་བའི་རྒན་པོ་ལོ་ལོན་བསམ་ཤེས་འགས་གང་ཞིག་ན་འགྲིག་གི་མེད་པ་ཚོར་ཏེ་ཨ་ལགས་འཇིགས་མེད་ཚང་གི་སྐུ་མདུན་དུ་སོང་ནས་གནས་ཚུལ་དེའི་སྐོར་ཞུས་པ་ན།  ཨ་ལགས་འཇིགས་མེད་ཚང་གིས་དོན་དག་ངན་པ་དེ་དག་བྱུང་བ་ནི་སྡེ་བའི་དཀྱིལ་གྱི་ཀླུའི་རིགས་མང་པོ་གནས་པའི་ཀླུ་སྡོང་ཆེན་པོ་དེ་བཅད་པས་ཡིན་པ་དང་། དེ་དང་འབྲེལ་ནས་དེར་མནོལ་གྲིབ་སོགས་ཤོར་དུ་མ་བཅུག་པར་བདག་སྐྱོང་བྱས་ན་ཀླུའི་རིགས་ཀྱིས་དངོས་གྲུབ་གནང་སྟེ་སྡེ་བའི་ཁ་ཡར་ལ་འགྲོ་བ། དེ་རྩ་ནས་བཅད་པ་ནི་ཀླུའི་རིགས་ཀྱི་ཚེ་སྲོག་ལ་གནོད་པ་བཏང་བ་ཡིན་པས་དེས་ཀྱང་ཚུར་མི་ལ་གནོད་པ་བཏང་སྟེ་རང་གཞན་གཉིས་ཀར་མི་ལེགས་པའི་ཚུལ་སོགས་ཞིབ་ཏུ་གསུངས་ཏེ། དེའི་ཐད་ནས་ཀླུ་གཏོར་བསྔོ་བ་སོགས་སྡེ་བས་བཅའ་བ་རིམ་གྲོ་མང་པོ་ཞིག་བསྒྲུབ་དགོས་པ་དང་། སིལ་སྡོང་ཆེན་པོ་དེའི་ཁ་མལ་ནས་སིལ་སྡོང་གསར་པ་ཞིག་བསྐྱར་དུ་འཛུགས་དགོས་པ། དེ་ལྟར་བྱས་ན་གནོད་པ་སེལ་ཐུབ་ལུགས་དང་རྗེས་ཕྱོགས་ཀྱང་སྡེ་བར་ཕན་ཚུལ་གསུངས་པ་དང་། ང་ཚོའི་སྡེ་བས་ཀྱང་ཁོང་གིས་གསུངས་པ་ཇི་བཞིན་དུ་བཅའ་བ་རིམ་གྲོ་སོགས་གཟབ་ནན་གྱིས་བསྒྲུབས་པ་དང་། དེ་ལྟར་བསྒྲུབས་པའི་རྗེས་ནས་བཟུང་ང་ཚོའི་སྡེ་བར་དོན་དག་ངན་པ་དེ་འདྲ་ཡང་བསྐྱར་མ་བྱུང་བར་ཆད་སོང་།

ང་ཚོའི་སྡེ་བར་དོན་དག་ངན་པ་དེ་དག་བྱུང་བའི་རྗེས་ནས། ངས་འཇིག་རྟེན་དཀར་ངོགས་འདི་དང་སྔ་མོ་ནས་བྲལ་ཟིན་པའི་ང་ཚོའི་སྡེ་བའི་མེས་པོ་ཚོ་ཡང་ཡང་དྲན་ཡོང་བར་མ་ཟད། དེ་དག་གི་དད་གུས་དང་འདུ་ཤེས་སོགས་ལ་སྔར་ལས་ཀྱང་མཚར་སྣང་དྲག་ཏུ་སྐྱེས་ཏེ་ཁོ་ཚོའི་ཟབ་ཅིང་རྒྱ་ཆེ་བའི་བཤད་རྒྱུན་གྱི་རྒྱ་མཚོའི་ཀློང་དུ་བསམ་གཞིག་གི་ཀོ་གྲུ་ཡང་སྐོར་བསྐྱར་སྐོར་བྱས་པ་ཡིན། དེ་ནས་བཟུང་ཁོ་ཚོའི་བཤད་རྒྱུན་དག་ནི་ཐབས་ཤེས་དང་གནས་ལུགས་ཀྱི་བསླབ་བྱ་ཏག་ཏག་ཡིན་པར་ཡིད་ཆེས་ཟབ་མོ་བྱུང་། དེ་ལས་གཞན། རང་གི་བག་ཆགས་ཀྱི་ངོར་བསྒོས་ཡོད་པའི་དགེ་རྒན་བཀའ་དྲིན་ཅན་དག་གི་གསུང་ལས་ཐོས་པའི་དགེ་སྡིག་གི་རྣམ་སྨིན་ཐད་ཀྱི་དཔེ་མཚོན་རེ་འགའ་ཡང་གསལ་ལེར་དྲན་བྱུང་སྟེ། དེ་ཡང་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་སྡེ་སྣོད་གསུམ་དང་ལྡན་པས། དགེ་སློང་སྤོང་བ་བ་ཞིག་ཨེ་ལའི་ཤིང་གི་དྲུང་དུ་འཆག་པའི་ཚེ། ཁོའི་དཔྲལ་བར་ཤིང་གི་འདབ་མ་ཕོག་པས་ཁྲོས་ཏེ་བཅད་ནས་དུམ་བུར་བྱས་པའི་རྣམ་པར་སྨིན་པ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་དུས་སུ་སྲིན་པོའི་རིགས་བརྒྱ་ཕྲག་དུ་མས་གང་བའི་ཨེ་ལའི་འདབ་བྱ་བ་མགོ་བོ་བདུན་ལ་ཤིང་ཨེ་ལའི་སྡོང་པོ་ཡོད་པ་ཞིག་ཏུ་སྐྱེས་པ་དང་།ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་སུ། རྒྱལ་སྲས་གཞོན་ནུ་ནུས་ལྡན་དུ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་མ་གྲོངས་ན་ཁོང་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་ཡོད་པའི་ཡབ་མི་འཆི་ལ་རྒྱལ་སྲིད་ཀྱང་མི་ཐོབ་པ་ཤེས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་དབུ་སློང་བའི་ཕྱིར་དུ་འོངས་ཤིང་། སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བསྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོན་པོས་བཅད་ཀྱང་ཆད་པར་མ་གྱུར། དེའི་ཚེ་སློབ་དཔོན་གྱིས་ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་དུས་སུ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩྭ་ཀུ་ཤུས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད་པར་གྱུར་པ་དག་གོ། །

ང་ཚོའི་སྡེ་བའི་སིལ་སྡོང་ཆེན་པོ་དེ་བཅད་པ་ལ་བརྟེན་ནས་ཀླུའི་རིགས་མང་པོ་ཞིག་གི་ཚེ་སྲོག་ལ་གནོད་པ་བྱུང་བ་དང་། བྱ་རིགས་མཐོང་རྒྱུ་མེད་པ། བྲག་རྡོ་གས་པ། ཆུ་མིག་བསྐམས་ནས་སོང་བ་སོགས་ནི་སྐྱེ་ཁམས་དོ་མཉམ་མ་ཡོང་བའི་རང་གཟུགས་ཤིག་ལྷང་ལ་བུད་པ་དེ་ཡིན་ལ། ཁྱབ་ཁོངས་ཆེ་རུ་བཏང་ནས་བཤད་ན། སྤྱིར་སྐྱེ་ཁམས་དོ་མཉམ་ཡོང་དགོས་ན་ཚེ་སྲོག་འདྲ་མཉམ་ཡོང་དགོས་ཤིང་། སེམས་ཅན་ལ་ལ་མཁའ་ལ་གནས་པ་དང་ལ་ལ་ཆུར་གནས་པ། ལ་ལ་ལྗོན་ཤིང་ལ་གནས་པ་སོགས་ཚེ་སྲོག་ལ་མཐའ་ཡོད་པར་མ་ངེས་ལ། སྲོག་ལྡན་སེམས་ཅན་དེ་དག་ཚང་མར་གོ་ལ་འདིའི་སྟེང་དུ་རང་དབང་གིས་འཚོ་གནས་བྱེད་དགོས་པ་རྟེན་འབྲེལ་གྱིས་གྲུབ་ཡོད་ཅིང་། དེང་གི་བཅའ་ཁྲིམས་ཀྱི་ཐད་ནས་ཀྱང་ཁེ་དབང་འཐུས་ཚང་བཟོས་འདུག  མི་རྣམས་ཀྱིས་རང་གི་ཁེ་ཕན་ཏིལ་འབྲུ་ཙམ་ཞིག་ལ་དམིགས་ཏེ་སྲོག་ལྡན་སེམས་ཅན་གཞན་དག་གི་སྲོག་འཕྲོག་པ་ནི་འཇིག་རྟེན་དང་མི་མཐུན་ཞིང་ཆོས་དང་འགལ་བའི་བརླིང་སྤྱོད་ཞེ་མེར་བ་ཞིག་རེད།

དེང་གི་ཆར་བརྣབ་སེམས་གནོད་སེམས་ཀྱིས་འགྲོ་བ་མིའི་རྒྱུད་བརླམས་ཏེ་ས་རྐོ་རྡོ་སློག་དང༌། ནགས་འཇོམས་ཆུ་སྦགས། གཏེར་བྲུས་དུག་འདོན་ལ་སོགས་ལས་ངན་པ་ཚད་ལས་བརྒལ་བ་ཞིག་བསྒྲུབས་པའི་འབྲས་བུ་ལ། རང་གཞན་གཉིས་ཕུང་ཞིང་ངལ་བའི་འབྱུང་བཞིའི་གནོད་འཚེ་ཡ་ང་བ་བྱུང་དང་འབྱུང་བཞིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པས། སའི་གོ་ལ་ནི་སྲོག་ལྡན་སེམས་ཅན་ཡོངས་ལ་ཐུན་མོང་དུ་དབང་བའི་འདུ་ཤེས་ཟབ་མོ་ཞིག་ཡོད་པའི་སྟེང་ཕན་ཚུན་ལ་འཚེ་བ་མེད་པར་འདྲ་མཉམ་དང་འཆམ་མཐུན་ངང་གནས་རྒྱུ་ནི་བདེ་དགེའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དང་། བཀྲ་ཤིས་ཕྱྭ་གཡང་ཡོད་ཚད་ཀྱི་སྒོ་མོ་ཉག་ཅིག་རེད།

དོན་དག་ངན་པ་དེ་དག་བྱུང་བའི་རྗེས་ནས་བཟུང་སྔོན་དང་མི་འདྲ་བར་ནམ་རྒྱུན་ངའི་སེམས་སུ་ཕ་ཡུལ་ཡང་ཡང་འཁོར་ཡོང་། སྐབས་ཤིག་ནས་ཡུན་རིང་ཞིག་ལ་ང་རང་ཕ་ཡུལ་དུ་མ་སོང་བས་གཟའ་འཁོར་སྔོན་མའི་གཟའ་ཉི་མར་ཞེན་ཆགས་ཤིག་གིས་སྔུན་ནས་ཁྲིད་དེ་ང་རང་ཕ་ཡུལ་དུ་སོང་། ཕ་ཡུལ་དུ་སླེབས་མ་ཐག་ང་རང་ཐད་ཀར་སྔོན་ཆད་ཀྱི་སིལ་སྡོང་ཆེན་པོ་དེ་ཡོད་སའི་སྡེ་བའི་དཀྱིལ་དུ་སོང་སྟེ་སྔོན་ཆད་ཀྱི་སིལ་སྡོང་ཆེན་པོ་དེའི་ཁ་མལ་དུ་སིལ་སྡོང་ཆུང་ཆུང་ཞིག་བཙུགས་ཡོད་པ་དེར་བལྟས་པ་ཡིན། དེའི་ར་ལག་དང་སྐྱེ་སྟངས་ཀྱི་ཐད་ལ་དཔག་ན་སྔོན་ཆད་ཀྱི་སིལ་སྡོང་བརྗིད་པོ་དེ་འདྲ་ཞིག་མི་འཁྱོངས་པ་ཤེས་མོད། ཡིན་ནའང་། སྡེ་མི་ཚོས་སིལ་སྡོང་ཆུང་ཆུང་དེར་ར་སྐོར་ཆེན་པོ་ཞིག་བརྒྱབ་ཡོད་པ་དང་། ད་དུང་དེའི་སྟེང་དུ་དར་ལྕོག་དང་ཁ་བཏགས་འགའ་ཡང་འཐེན་འདུག་ལ། བྱེའུ་སྐྱ་རིལ་རེ་གཉིས་ཀྱང་སྡེ་བའི་སྲང་ལམ་གྱི་གློག་སྐུད་སྟེང་ནས་འཕུར་ཏེ་དེའི་སྟེང་དུ་བབས་རྗེས་སླར་ཡང་ཕྱིར་འཕུར་ཞིང་དེ་ནས་ཡང་ཕྱིར་འཕུར་ནས་ཡོང་བཞིན་མཆིས་པས། ངའི་སེམས་པ་བདེ་བ་དང་དྲོད་ཁོལ་ཞིག་གིས་ག་ལེར་བརྟས་བྱུང་བར་མ་ཟད། སྡེ་འདབས་ཀྱི་ཆུ་མིག་ལས་ཆུ་འབབ་པའི་ལྷུང་ལྷུང་གི་བཞུར་སྒྲ་ཞིག་ཀྱང་ངའི་རྣ་ལམ་དུ་བསིལ་རླུང་དང་འགྲོགས་ནས་འོངས་ཏེ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་སོང་།

ཉེ་སྔོན། ངས་ཐོ་རེངས་ཀྱི་དུས་ཤིག་ལ་རྨི་ལམ་དུ་ཕ་ཡུལ་རྨིས་བྱུང་། རྨི་ལམ་གྱི་ཁྲོད་དུ། ཕ་ཡུལ་གྱི་ཁོར་ཡུག་ཐམས་ཅད་ཧ་ཅང་མཛེས་ཤིང་སྡུག་ལ། ལྷག་པར་དུ་སྡེ་བའི་གཞུང་གི་སིལ་སྡོང་ཆེན་པོ་དེའི་ཁ་མལ་དུ་བཙུགས་ཡོད་པའི་སིལ་སྡོང་དེ་ཆེ་རུ་རྒྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སིལ་སྡོང་ཆེན་པོ་ཞིག་ཏུ་གྱུར་འདུག་ཅིང་། དེའི་ཉེ་འཁོར་དུ་ལང་ཚོར་བཀྲག་མདངས་བཀྲ་བའི་བདག་གི་བུ་ཆུང་ཚེ་རིང་སོགས་སྡེ་བའི་བྱིས་པ་སྐོར་ཞིག་དགའ་ལྷང་ངེར་རྩེད་འཇོར་གཡེང་ནས་འདུག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།