ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་མགོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

21.jpg

སེང་གཤོང་སྙིང་བྱམས་རྒྱལ། 1976ལོར་མཚོ་སྔོན་རེབ་གོང་སེང་གེ་གཤོང(རྒྱ་ཚང་མ)སྡེ་བར་སྐྱེས།  1998ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན།  ད་ལྟའི་བར《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》  《ཟླ་ཟེར》 《མང་ཚོགས་སྒྱུ་རྩལ》 《རྩེར་སྙེག》  《མཚོ་སྔོན་བོད་ཡིག་གསར་འགྱུར》 《རྨ་ལྷོའི་ཚགས་པར》ལ་སོགས་པའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་ལྷུག་རྩོམ་གཙོས་པའི་སྙན་རྩོམ་དང་དཔྱད་རྩོམ། བསྒྱུར་རྩོམ་སོགས་བརྒྱ་ལྷག་སྤེལ་བར། བརྩམས་ཆོས་ཁ་ཤས་ཤིག་བོད་ཀྱི་རྩོམ་རིག་དཔེ་ཚོགས་སོགས་སུ་བཀོད་ཅིང་། རྩོམ་རིག་གི་གཟེངས་སྐྱེས་ཀྱང་རེ་གཉིས་ཙམ་རེག་མྱོང་།  ད་ལྟ་ཧོ་ནན་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཡོད།

སྟོན་མགོ།

——ཚེ་འདས་ཀྱི་དྲིན་ཆེན་ཕ་ལོ་ཡང་བསྐྱར་དྲན་པ།    

སེང་གཤོང་སྙིང་བྱམས་རྒྱལ།

སྟོན་མགོ་སླེབས་སོང་། སེར་ལམ་ལམ་གྱི་དུས་ཚིགས་ཀྱི་པང་ནས་མགོ་བོ་དང་གར་སྨད་དུས། དབང་མེད་དུ་ཤོར་བའི་དངན་པ་རིང་མོ་སྟོན་རླུང་བསིལ་མོའི་ཁུད་ལ་ལྷུང་།

མི་ལོ་བརྒྱད་ཀྱི་སྟོན་མགོ་དེར།  ཁྱེད་ཀྱིས་ང་རང་རྐང་རྗེན་དུ་བསྐྱུར་ནས་ཕེབས་སོང་།  དུས་ཚིགས་ཀྱི་སྟོན་མགོ་དེས་ཁྱེད་ཀྱི་མི་ཚེའི་སྟོན་མགོ་འགེམས་ཤིང་།  ཁྱེད་ཀྱི་མི་ཚེའི་སྟོན་མགོ་དང་འདྲ་བའི་དུས་ཚིགས་ཀྱི་སྟོན་མགོ་སླེབས་ཐེངས་རེར། ཇི་སྲིད་བརྗེད་པར་དཀའ་བའི་ཁྱེད་ཀྱི་ཡོད་ཚད་རེ་རེ་བཞིན་མིག་ལམ་དུ་འཆར་འོངས།  སྣང་ཡུལ་ཡོད་ཚད་ཀྱི་ཀློང་ན་སེར་ལམ་ལམ་གྱི་འབྲས་བུའི་ཁུར་གྱིས་དུད་དུས་དེར།  མཆི་མའི་ཟུངས་ཀྱིས་དུད་པའི་མགོ་བོ་གཏན་དུ་སྨད་དེ་ཁྱེད་ཁོ་ན་དེ་ལྟར་མ་སྨིན་པར་བཞུད་ཅིང་། དུས་ཚོད་ཀྱིས་གཞར་ཡང་ལྟེབ་མི་ཐུབ་པའི་སྣང་བརྙན་མང་པོ་ང་ཡི་སེམས་ཁོང་དུ་བསྐྱུར་ནས་སོང་།

དུས་ཚིགས་འགྱུར་ལྡོག་གི་ལྷན་སྐྱེས་ཀྱི་བརྩམས་ཆོས་རེ་རེས་ནམ་རྒྱུན་ཁྱེད་ཀྱི་ཟུར་སྣེ་རེ་རེ་མིག་ལམ་དུ་བསྟར་འོངས། དཔྱིད་ཀར།  ཆབ་རོམ་གྱི་སྒྲོག་ལས་ཐར་པའི་ལྷུང་ལྷུང་ཆུ་ཕྲན་གྱི་འབབ་སྒྲ་རྣ་ལམ་དུ་སོན་ཐེངས་རེར། ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་བཞད་སྒྲ་སྙན་མོར་འཁྲུལ་བར་བྱེད།  དཀར་སེར་དམར་སྔོའི་མེ་ཏོག་གི་འཇའ་ཚོན་རི་ལུང་ཀུན་ལ་རྣམ་པར་བཀྲ་དུས། ཁྱེད་ཀྱི་ཟོལ་མེད་ཡིད་འོང་གི་ཞལ་འཛུམ་དྭངས་མོ་མིག་ལམ་དུ་འཆར་འོངས།  ལྷང་ལྷང་འགྱུར་ཁུགས་གསལ་བའི་ཁུ་བྱུག་གི་གྲེ་འགྱུར་ཐོས་འཛིན་གྱི་བཅུད་དུ་སྨིན་དུས། དགའ་སྐྱོ་གདངས་སུ་འཕོས་པའི་ཁྱེད་ཀྱི་གླུ་སྐད་སྙན་མོ་ཡིད་ལ་དྲན། དཔྱིད་རླུང་འཇམ་པོས་རྐང་འཐུང་བྱེ་བའི་ལོ་འདབ་དལ་གྱིས་ཕར་གཡོ་ཚུར་གཡོ་བྱེད་པ་མཐོང་ཚེ། བྱམས་དང་བརྩེ་བའི་སྣུམ་པའི་ཕྱག་ཟུང་གིས་མགོ་བོར་བྱིལ་བྱིལ་གནང་བའི་དྲོད་ཁོལ་དྲན་འོངས། ཉི་འོད་དྲོན་མོས་མ་ཡུམ་ས་གཞི་ཆེན་མོའི་རུམ་ཁོང་དྲོད་ཀྱིས་གསོ་བའི་ངང་ཚུལ་རིག་དུས། ཤ་དྲོད་དང་རྔུལ་ཆུས་གཡང་ཁྱིམ་གྲུ་བཞི་ཐབས་ཀྱིས་བསྐྱངས་པའི་འཇོན་ཐང་མཐོང་ལམ་དུ་འཆར།  ད་དུང་།  དཔྱིད་ཀྱི་དཔལ་མོ་སྣོད་བཅུད་གཉིས་ཀའི་བསོད་སྐལ་དུ་བྱོན་ཏེ་རང་གཟུགས་ཀྱི་ཉམས་འགྱུར་རེ་རེ་མིག་ལམ་དུ་བསྟར་དུས་ཁྱེད་ཀྱི་སྣང་བརྙན་གསོན་པོ་རེ་རེར་སྒྱུ་འཕྲུལ་གྱིས་ལད་ཟློས་བྱེད་པ་དང་འདྲ་བས། ལན་རེར་དཔྱིད་དཔལ་གྱི་མཚར་སྡུག་གིས་བསམ་གཟས་ནས་བདག་སེམས་ཀྱི་ཟབ་སའི་ན་ཟུག་ཅིག་ལ་ཚ་ཤུར་བསླངས་ནས་དྲན་གསོ་བ་དང་མཚུངས།

དཔྱིད་ཟླ་རིང་མོ་རྫོགས་ནས་དབྱར་ཟླ་མགོ་མར་རེག་དུས། འཇིག་རྟེན་དཀར་ངོགས་སུ་དྲོད་དང་སྐྱིད་ཀྱི་དཔལ་ཡོན་མངོན་པར་རྒྱས་ནའང་། ཁྱེད་ཀྱི་དྲོད་ཁོལ་དང་འཛུམ་མདངས་མྱོང་བའི་སྐལ་བ་ཕྲོགས་པས།  ང་ཁོ་ན་སྐྱོ་གདུང་དང་གྲང་སྣང་གི་ཁོང་འདར་ཡང་ཡང་རྒྱག་དགོས་བྱུང་།  མ་གཞི་ནས་ཁྱེད་ནི་ངའི་སེམས་ཁོང་གི་དབྱར་གཞུང་དེ་ཡིན་ཞིང་།  ཁྱེད་ཀྱི་སྤྱན་ལམ་དུ་ང་ཡང་དབྱར་གཞུང་གི་པང་དུ་བཞད་པའི་ཡིད་འོང་གི་མེ་ཏོག་ཅིག་ཡིན་སྲིད། སྔོ་ལྗང་རྦ་རླབས་གཡོ་བའི་བྱམས་བརྩེའི་གཉོར་སྐྱོང་དང་འཛུམ་མདངས་ནི་ངའི་འཛད་མེད་ཀྱི་ལོངས་སྤྱོད་ཡིན་ལ།  དྲོད་འཇམ་ཉི་འོད་ཀྱིས་འཁྱུད་པའི་མཉེས་གཤིན་གྱི་རུམ་ཁོང་ནི་ངའི་རྨི་ལམ་ལ་འཇའ་གུར་ཕུབ་སའི་འགུལ་སླེ་མ་ཡིན་ནམ།  ཁྱེད་ཀྱི་སོར་རྩེའི་འདུ་བྱེད་ལས་འཁྲུངས་པའི་བརྩམས་ཆོས་རེ་རེར། དབྱར་གཞུང་གི་མཛེས་ཆོས་མ་ལུས་གཅིག་ཏུ་སྤུངས་པའི་སྣོད་ཀྱི་བཀོད་པ་གསོན་པོར་བཞེངས་ཡོད།  དེ་ལྟ་བུའི་བརྩམས་ཆོས་རེ་རེ་འཇིག་རྟེན་དཀར་ངོགས་ཀྱི་གྲུ་ག་ཁ་ཤས་སུ་ཁྱེད་ཀྱི་རྐང་རྗེས་ཀྱི་ཟོལ་དུ་ད་དུང་ཡང་སྲོག་གི་དབང་པོོས་མ་སྟོངས་པར་འཚོ་ཞིང་། བརྩམས་ཆོས་དེ་དག་གིས་ཁྱེད་ཉིད་དབྱར་གཞུང་ལ་བརྩེ་ཞིང་དུངས་པའི་ཚོར་འདུ་དེ་ཚོན་མདངས་ཀྱིས་རྗེན་པར་མཚོན་ཡོད་པས། དབྱར་གཞུང་རེ་རེར་ངས་ཁུ་སིམ་མེར་ཁྱེད་རང་དྲན་པ་ཡང་རྒྱུ་མཚན་མེད་པར་ཚོད་ཚོད་དུ་དྲན་པ་ཞིག་ག་ལ་ཡིན།

ཁྱེད་རང་བཞུད་དེ་མི་ལོ་བརྒྱད་ཙམ་འགོར། མ་བརྟག་སེམས་ཀྱི་འཆར་ཚུལ་ལ་ནམ་ཞིག་ཁང་མིག་འདིའི་སྒོ་གླེགས་ཁྲོག་གེར་ཕྱེ་ནས་བྱམས་བརྩེའི་འཛུམ་ཆུང་ལྷུག་ལྷུག་ཏུ་ཕྱིར་ཐོན་སྲིད་སྙམ་ཡང་། དྲན་པའི་གཞུ་མོ་ནང་དུ་འགུག་དུས་སྙིང་ཁོང་སྔར་ལས་འཁྱག་སིབ་སིབ་ཏུ་འགྱུར་འགྲོ།  ལས་དབང་གིས་ནམ་རྒྱུན་འདི་ལྟར་མནར་གཅོད་གཏོང་ན་ཡང་། དྲན་པ་མུ་མེད་ཀྱི་ཞིང་ཁམས་ནས་མནར་གཅོད་ཀྱི་ཁོག་སྡུག་ཡོད་ཚད་བཙན་གྱིས་ཕྱིར་ཁོག་ཏུ་མི་མིད་པའི་རང་དབང་བྲལ། ཤི་བ་ལས་ཀྱང་ཐུ་བའི་ཚེར་གསེང་ནས་རྐང་རྗེན་དུ་ནམ་རྒྱུན་ཁྱེད་ཀྱི་ཡུན་ཐུང་མི་ཚེའི་ཕྲེང་རྡོག་གི་སྣང་བརྙན་རེ་རེ་སེམས་ཀྱིས་བཀླགས་དུས།  སྐྱོ་སྡུག་སྨྲེང་གསུམ་གྱི་ཚོར་བ་རེ་རེས་ངུས་ན་མིག་ཆུ་མི་ཡོང་ཞིང་།  དྲན་གདུང་ཕངས་གསུམ་གྱི་ཁོག་སྡུག་ལྕི་མོས་སོང་ན་གོམ་པར་ཡང་ལྕི་ཤོར་བས། འུ་ཐུག་ཐབས་ཟད་ཀྱིས་བྱང་དུ་འབབ་པའི་དགུ་ཆུ་སྔོན་མོས་ཁྱེད་ཀྱི་སྐོམ་གདུང་སེལ་བར་བཅོལ་གསོལ་བྱས་ཤིང་།  ལྷོ་རུ་བཞུད་པའི་སྤྲིན་ཚོམ་རེ་རེས་ཁྱེད་ཀྱི་ཚ་གདུག་འཇོམས་པར་སྨོན་ལམ་བཏབ། ནུབ་ནས་ལྡང་བའི་རླུང་བུ་རེ་རེས་ཁྱེད་ལ་བདེ་སྣང་སྩོལ་བར་ཞུ་འབུལ་བྱས་ལ།  ཤར་ནས་འཕགས་པའི་ཉི་ཟེར་འཇམ་པོས་ཁྱེད་ལ་དྲོད་ཁོལ་སྦྱིན་པར་སྐྱབས་འཇུག་ཞུས། ངོ་མ།  སྔོན་བསགས་ལས་འཕྲོ་སྨིན་པའི་རྩེད་མཚར་འདིའི་སྲིབ་ནས་ངའི་མགོ་བོ་ཡར་ལ་འདེགས་དཀའ་བས།  གལ་ཏེ་འདི་ཕྱི་གཉིས་ཀྱི་བར་ཐག་དེ་སེང་རས་ཀྱི་ཡོལ་བ་ལྟ་བུ་ཞིག་ཡིན་ན།  ངའི་སྨོན་ལམ་གྱི་ཐོང་རྩེ་ནས་རྣམ་ཤེས་ཀྱི་འཛམ་ཞལ་ལན་གཅིག་སྟོན་རོགས་ཀྱེ།

དབྱར་ཟླས་སྟོན་མགོར་རེག་པའི་དུས་མཚམས་དེར། ཕ་ཡུལ་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་གསེར་མདོག་གི་འབྲས་བུ་སྨིན་པའི་སྟ་གོན་དུ་ཞུགས་ནའང་། མི་ཚེའི་སྟོན་མགོར་ཁེལ་བའི་ཁྱེད་ཁོ་ན་སྟོན་གྱི་འབྲས་བུ་བཞིན་སྨིན་སྐལ་མ་བྱུང་ཞིང་།  སྟོན་མགོའི་ཉིན་ནག་དེའི་མཆེ་སྡེར་རྣོན་པོས་ཁྱེད་ཁོ་ན་གུ་ཡངས་སུ་མ་བཏང་། བརྩེ་མེད་གདུག་རྩུབ་ཀྱི་སྟོན་མགོ་དེའི་ཞེ་རྩ་ཅི་འདྲའི་གནག་ཨང་། དེ་ནས་བཟུང་ང་ཚོའི་བར་ཐག་འདི་ཕྱི་གཉིས་ཀྱིས་ཕྱེས་པར། ཁྱེད་ཀྱི་འཇིག་རྟེན་དུ་དབྱར་དགུན་སྟོན་དཔྱིད་དང་འགྲོ་རོགས་འདུག་རོགས་ཡོད་མེད་ཙམ་ཡང་སུ་ལ་འདྲི།  མཚམས་དེ་ནས་བྱམས་དང་བརྩེ་བས་སྣུམ་པའི་ཨ་ཕ་ཞེས་པའི་མིང་འདི་ངའི་འཚོ་བ་དང་རིང་དུ་གྱེས་ཏེ་དྲན་པའི་སེམས་གཅོང་དུ་གྱུར་ལ། གཞན་གྱི་ངག་ནས་ཐོས་ཐེངས་རེ་ཡང་སྙིང་ལ་དབང་མེད་དུ་ཙག་ཤད་རེ་འདྲེན། ནམ་རྒྱུན་སྡེ་བའི་སྲང་ལམ་ནས་ཁྱེད་ཀྱི་ཆུང་གྲོགས་རེ་དང་འཕྲད་ཚེ། ངའི་མིག་ཀོང་དུ་མཆི་མའི་དོག་པ་འཛུམ་འོང་ཞིང་ཕྱིར་འཁོར་ཏེ་དེར་མིག་སྐྱེལ་ཡུན་རིང་མི་བྱེད་པའི་རང་དབང་བྲལ། དེ་ལྟར་ཁྱེད་ཀྱི་རྩེད་ཡ་དགོད་གྲོགས་དང་ཤ་ཉེ་སྤུན་མཆེད། འགྲོ་ས་འདུག་ས་སོགས་ཡུལ་དུས་རེ་རེ་མིག་ལམ་དུ་མངོན་ཐེངས་རེར།  དྲན་པའི་མུ་ལ་དྲན་པ་མཐུད་ནས་ང་རང་རེ་ཞིག་རྣམ་ཤེས་བོར་བའི་ཐོ་ཡོར་བཞིན་མིག་ཅེར་རེ་གང་དེར་ཧད་དེ་ཡུན་རིང་མི་འདུག་ཀ་མེད་འགྱུར།  སྐབས་འདིར། ཡང་བསྐྱར་སྟོན་མགོ་ཚུགས་སོང་། འདི་ནི་ཁྱེད་ཉིད་ཕེབས་རྗེས་ཀྱི་སྟོན་མགོ་བརྒྱད་པ་ཡིན་ལ།  ཁྱེད་རང་དྲན་ནས་ཉིན་ཞག་རེ་རེ་ཁོག་སྡུག་གིས་བསྐྱལ་བའི་སྟོན་མགོ་བརྒྱད་པའང་ཡིན། དུས་རྒྱུན་དང་འདྲ་བའི་སྟོན་མགོ་འདི་ལའང་།  གསེར་མདོག་གི་དུས་ཚིགས་ཀྱི་དྲོད་ཁོལ་མ་མྱངས་པའི་ཁྱེད་ཀྱི་མི་ཚེའི་ན་ཚོད་དྲན་འོངས་ལ། ཐན་སེར་གྱིས་ཁྱེར་བའི་ཁྱེད་ཀྱི་མི་ཚེའི་སྟོན་མགོ་ཡིད་ལ་དྲན་པས་སྟོན་ཀའི་རུམ་ཁར་སེར་ལམ་ལམ་གྱིས་དུད་པའི་འབྲས་བུ་ཡོད་ཚད་ལ་སྨོན་པ་གྲངས་མེད་འཆོར།

ནམ་རྒྱུན་སེར་ལམ་ལམ་གྱི་དུས་ཚིགས་ཀྱི་པང་ནས་མགོ་བོ་དང་གར་སྨད་དུས། དབང་མེད་དུ་ཤོར་བའི་དངན་པ་རིང་མོ་སྟོན་རླུང་བསིལ་མོའི་ཁུད་ལ་ལྷུང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།