ཀྲུང་གོ་བོད་ཀྱི་དྲ་བ།

“ཁྱེད་ཀྱི་ལང་ཚོ་གངས་ཀྱི་རི་བོའི་དཔྱིད་དུ་ཟད་ནའང་།”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (ཟི་ལིང་།)མཛེས་སེ།   སྤེལ་དུས། : 2017-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཁྱེད་ཀྱི་ལང་ཚོ་གངས་ཀྱི་རི་བོའི་དཔྱིད་དུ་ཟད་ནའང་།”

——ལྷུག་རྩོམ་པ་སེང་གཤོང་སྙིང་བྱམས་རྒྱལ་གྱི་དུངས་བརྗོད་ལྷུག་རྩོམ་བཀླགས་རྗེས།    

སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར།ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱ་ཡིག་གི་ལོ་རེའི་རྩོམ་རིག་བརྩམས་ཆོས་ལེགས་གྲས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་ལས་གཞི་དེ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འགན་བླངས་རྗེས།ལྷུག་རྩོམ་གྱི་སྐོར་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་ཀ་དེ་ངའི་ཕྲག་ཏུ་བཀལ་བྱུང་བས།བོད་ཡིག་གིས་ལྷུག་རྩོམ་འབྲི་མཁན་བཅུ་ཕྲག་ལྷག་གི་མིང་ཐོ་རྩོམ་སྒྲིག་ཁང་ཁ་ཤས་དང་ཀློག་མཁན་མི་ཉུང་བ་ཡིས་ང་ལ་འདོན་སྤྲོད་གནང་བའི་ཁྲོད་དུ་སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་མིང་ཡང་འདུག

ངས་སེང་གཤོང་སྙིང་བྱམས་རྒྱལ་ལགས་ངོ་མི་ཤེས་ནའང་སྔོན་ཆད་ཁོང་གི་ལྷུག་རྩོམ་བཀླགས་མྱོང་ཕྱིར།ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱས་ཤིང་རྒྱ་ཡིག་གི་ལྷུག་རྩོམ་བོད་ཡིག་ཏུ་བསྒྱུར་བའི་ལས་གཞི་འདིའི་ཁྲོད་དུ་ཞུགས་རྒྱུའི་རེ་བ་བཏོན་པ་ལ།ཁོང་གིས་མིན་ཞེས་མ་བརྗོད་པར་ཤིན་ཏུ་ཁེངས་སྐྱུང་དང་བཅས་དང་དུ་བླངས་ནས་ང་ལ་རྒྱབ་སྐྱོར་གནང་སོང་བས་ངའི་སེམས་སུ་ཁོང་ཉིད་ནི་འགན་འཁྲའི་འདུ་ཤེས་ཆེ་ཆེར་ལྡན་ཞིང་རྩོམ་རིག་གི་ལས་ཀ་གང་རུང་ལ་དགའ་བོ་བྱེད་པའི་རྩོམ་པ་པོ་ཞིག་རེད་བསམས་བྱུང་།ད་ལྟ་ལས་གཞི་དེའི་འབྲས་རྟགས་དཔེ་དེབ་རེ་རེ་པར་དུ་བསྐྲུན་ཟིན་པ་དང་།ལྷུག་རྩོམ་གྱི་དེབ་ནི་སེང་གཤོང་སྙིང་བྱམས་རྒྱལ་སོགས་མཚོ་སྔོན་ཕྱོགས་ཀྱི་ལྷུག་རྩོམ་པ་དག་གིས་བོད་ཡིག་ཏུ་བསྒྱུར་པ་ཡིན་པས་ངས་སེམས་ཁོང་ནས་ཁོང་ཚོའི་ངལ་རྩོལ་ལ་བཀའ་དྲིན་ཞུ་བཞིན་ཡོད།

སེང་གཤོང་སྙིང་བྱམས་རྒྱལ་ལགས་ནི་སྐྱེས་པ་ཞིག་ཡིན་པས།ཁོང་གི་གཟུགས་བྱད་ཅི་འདྲ་ཡིན་པ་དང་ལོ་ན་ག་ཚོད་སླེབས་ཡོད་པ་དེ་ང་དང་འབྲེལ་བ་མེད།དེ་ནི་སྐྱེས་མ་ཚོས་དོ་སྣང་བྱ་འོས་པར་སྙམ།ངས་གླེང་འདོད་པ་ནི་ཁོང་གིས་ལྷུག་རྩོམ་ཅི་འདྲ་བྲིས་འདུག་པ་དང་བརྩམས་ཆོས་དེ་དག་གིས་གང་ཞིག་མཚོན་གྱིན་ཡོད་པ་དེའི་སྐོར་ཡིན།

སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་དུངས་བརྗོད་ལྷུག་རྩོམ་ནི་ཡིད་འགྱུ་རྐྱང་རྐྱང་མཚོན་པ་དང་དུངས་པ་ཁོ་ན་བརྗོད་པ་ཞིག་མ་ཡིན་པར། ཁོང་གི་ལྷུག་རྩོམ་གྱི་ཁྱད་ཆོས་གཅིག་ནི་དུངས་བརྗོད་དང་གཏམ་གླེང་ཟུང་དུ་འབྲེལ་ནས་བརྗོད་བྱའི་དོན་གྱི་སྙིང་པོ་བསྟན་ཡོད་པ་རེད།ལྷུག་རྩོམ《ཕ་ཡུལ》ཞེས་པའི་ནང་དུ་ཁོང་རང་ཉིད་ཀྱི་ཕ་ཡུལ་དང་ཁ་བ་རི་བ་ཡོངས་ཀྱི་ཕ་ཡུལ་དེ་འདི་ལྟར་བྲིས་འདུག་སྟེ།“དུས་རབས་འཕེལ་འགྲོས་ཀྱི་བརྡབ་གསིག་གིས་ཁྱེད་ཀྱི་ངོ་གདོང་ཇི་ལྟར་འགྱུར་ནའང་།ཁྱེད་ཀྱི་བླ་སྲོག་གཏན་དུ་རྟག་པར་ང་ལ་ཡིད་ཆེས་ཡོད།དེ་ནི་གཞི་ནས་ཉི་ཟླ་དང་ཆེས་ཉེ་བའི་གོ་ལ་ཟླུམ་པོའི་ཟེ་བ་ན།གངས་དཀར་ས་འཛིན་མུ་ཁྱུད་ཀྱི་ལྕགས་རིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ།སུ་དང་གང་གི་ཁ་དུག་དང་འདྲེ་ལག་གིས་མ་རེག་པའི་སྔོ་ལྗང་གཡུ་ཞུན་བྱུགས་འདྲའི་སྣོད་ཀྱི་མཛེས་སྡུག་གཅིག་ཏུ་ལེགས་ཚོགས་བྱེ་བའི་གཏེར་དུ་རྫོགས་ཤིང་།མུ་གེ་འཁྲུག་རྩོད་ཞི་བའི་བཅུད་ཀྱི་ཕུན་ཚོགས་འདོད་རྒུ་ཆར་དུ་བསྙིལ་བའི་འཛམ་གླིང་སྤྱི་གཙུག་གི་ཆེས་མཇུག་མཐའི་དྭངས་གཙང་གི་ཁྱིམ་གཞིས་དེ་ཡིན་པས་སོ། །”ཡང་ལྷུག་རྩོམ《རྨི་ལམ་མེད་པའི་ང་ཚོ》ཞེས་པའི་ཁྲོད་དུ། “སྔོན་ཐོན་འབྱོར་ཕྱུག་གི་བཙན་ས་སྙེག་པའི་རྨི་ལམ་གྱི་མཐུན་རྐྱེན་ཡང་སྒོ་ཀུན་ནས་ཚང་ནའང་།སྒྱིད་ལུག་དང་སོས་དལ་གྱི་མལ་དུ་སུ་ཞིག་ལན་པའི་ཁག་འགེལ་ཁ་གཡོར་གྱིས་འདའ་ཞིང་།ལེ་ལན་ཡོད་ཚད་ཀྱི་ཞྭ་ནག་ཡུལ་དུས་གང་རུང་གི་མགོར་བསྐོན་ལ།ལོ་རྒྱུས་འཕེལ་རྒྱས་ཀྱི་བཤུལ་དུ་རང་གི་གནས་བབ་མི་མཐོང་ཞིང་ཕ་ཤུལ་བུ་ཡིས་མི་ཟིན་པའི་རྫོབ་རྟགས་ཀྱི་ངང་ཚུལ་འདིར་དུས་ཀྱི་ཚངས་པ་དཔང་དུ་བུད་དེ་ར་སྤྲོད་བཞིན་ཡོད་ཀྱང་།ད་དུང་ཁ་ཕོའི་འབྲུག་སྟོང་ལྡིར་ཞིང་དཔའ་ཉམས་ཀྱི་ཕུ་ཐུང་དཔུང་རྩར་བརྫེས་ཏེ་རྫིག་ཉམས་སྟོན།དོན་དུ་ང་ཚོའི་རྩམ་ཁུག་ཏུ་ཅི་ཞིག་ལྷག་ཡོད་པ་མིག་ཟུང་བཙུམ་དུས་རང་རྒྱུས་རང་ལ་མི་གསལ་ལམ།”ཞེས་ན་ཟུག་གིས་བརྗོད་ཅིང་ཀུན་ལ་དྲི་བ་བཏོན་འདུག་པ་ནི་རང་གི་མི་རིགས་ལ་བཅངས་པའི་བརྩེ་བ་ངོ་མ་དེ་རེད།

སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་ལྷུག་རྩོམ་དེ་རྗོད་བྱེད་ཀྱི་ཆ་ལ་སྙན་ངག་གི་བྲོ་བ་ཆེས་ཆེར་ལྡན་པ་དང་བརྗོད་བྱའི་ཐད་ལོ་རྒྱུས་དང་རིག་གནས་ཀྱི་གྲིབ་མ་གང་སར་མཐོང་ཐུབ།དཔེར་ན་ལྷུག་རྩོམ《ལྷ་རྟ་རྒོད་པོ》ཞེས་པའི་ཚན་པ་དང་པོ་ནི་འདི་ལྟ་སྟེ།“འཇིག་རྟེན་གྱི་མིག་ཟུང་ཐོག་མར་ཕྱེ་དུས།ཁྱེད་ཉིད་ཡར་ཀླུང་ཁོག་ནས་ལམ་དུ་ཆས།ཁྱེད་ཀྱི་དབུ་འཕང་གཏན་དུ་ཨ་སྔོན་དགུང་དང་མཉམ་ཆེད།ཕ་མཆོག་སྤྲེའུ་སེམས་དཔའི་བྱིན་རླབས་ཀྱིས་རྒྱུད་བརླམས་མྱོང་།ཁྱེད་ཀྱི་གོམ་འགྲོས་སྐྱི་བསེར་རླུང་དང་འགྲོགས་པར།མ་ཅིག་བྲག་གི་ལྷ་མོས་མགོན་པོ་རི་ནས་རྒྱང་སྐྱེལ་གནང་མྱོང་།”ཞེས་དང་།ད་དུང་ཡང“འོད་གསལ་ལྷ་ལས་བབས་པའི་ལྷ་སྲས་གཉའ་བར་བཏེགས་ནས་ཡུལ་རྗེ་བཅུ་གཉིས་ཀྱི་དབང་པོོར་བཀུར་པ་དང་།ཡར་ཀླུང་ཁོག་ཏུ་ཕོ་བྲང་བཞེངས་དུས……།པོ་ཏ་ལའི་ཕོ་བྲང་བརྩིགས་ཤིང་བོད་ཁམས་གཅིག་གྱུར་གྱིས་དབང་མཛད་པ་དང་།ས་གསུམ་སྣང་བའི་གསལ་བྱེད་ཀྱི་སྒྲོན་མེ་སྦར་ནས་ལུགས་གཉིས་ཀྱི་བ་དན་མངོན་མཐོར་བསྒྲེངས་པའི་འཕྲིན་ལས་ཐབས་ཤེས་ཟུང་གིས་སྤེལ་དུས……།མདོ་རྒྱུད་ཀྱི་བསྟན་བཅོས་བྲག་རི་བཞིན་བརྩིགས་ནས་བདག་གིར་མཛད་ཅིང་།ཕྱོགས་བཞིའི་དགྲ་སྡེ་ཆམ་ལ་ཕབ་སྟེ་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་དུས……།བསྐྱར་གསོན་གྱི་མེ་ཁ་སླར་ཡང་གསོ་བར་ལྷ་ལུང་དཔལ་རྡོར་གྱིས་ཉག་ཕྲན་གཅིག་གིས་ཡོད་ཚད་ལ་བཞི་ཤད་འབྲི་དུས། སིལ་བུ་ནས་སུལ་བུར་ཐོར་ཞིང་ཕ་ཤུལ་བུ་ཡིས་མ་ཟིན་པར་འཁྲུག་ལོང་འཕྲོག་རྩོད་ཀྱི་ལོ་རྒྱུས་ཁྲག་གིས་འབྲི་དུས……།”ཞེས་པའི་རང་རེའི་རྒྱུན་ཤེས་ཀྱི་གྲས་སུ་གཏོགས་འོས་པའི་ལོ་རྒྱུས་དོན་ཆེན་དེ་དག་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་འཛོམས་པའི་ཚིག་ཏུ་བསྒྱུར་པ་ན་ཀློག་མཁན་ང་ཚོའི་སེམས་སུ་དགའ་བ་དང་སྤོབས་པ།སྐྱོ་བ་དང་སྡུག་བསྔལ་སོགས་བསྣོལ་མར་སྐྱེས་ཡོང་།ལྷུག་རྩོམ་འདིའི་ནང་གི“ཁྱེད་ཀྱི་ལང་ཚོ་གངས་ཀྱི་རི་བོའི་དཔྱིད་དུ་ཟད་ནའང་།ཁྱེད་ཀྱི་ཁོང་ན་མྱ་ངན་གྱི་གྲིབ་རིས་མ་ཕོག་ཅིང་།ཁྱེད་ཀྱི་མིག་ཀོང་ནས་རེ་ཆད་ཀྱི་མཆི་མ་མ་བཞུར།རྟ་རྒོད་ལགས།རྒྱང་རིང་རྒྱང་རིང་ནས་ཆས་ཤིང་རྒྱང་རིང་རྒྱང་རིང་དུ་སྙེག་པའི་ཁྱེད་ཀྱི་གོམ་སྟབས་འདི་ཅི་འདྲའི་སྙིང་དུ་སྡུག་ཨང་།”ཞེས་པའི་ཚིག་འདི་ལ་ང་རང་ཧ་ཅང་དགའ་སྟེ།རྒྱུ་མཚན་ནི་ང་ཚོ་མི་རབས་འདི་དང་རྗེས་རབས་པ་དག་ལ་ད་ལྟའི་གནས་བབ་དང་མཐུན་ཞིང་མ་འོངས་པའི་ལམ་ལ་འཇུག་པར་ཧུར་སེམས་བསྐྱེད་ཐུབ་པའི་དྲང་ཕྱོགས་ཀྱི་ནུས་པས་སྣེ་འདྲེན་དང་སྐུལ་འདེད་བྱ་རྒྱུ་དེ་ཤིན་ཏུ་ཤིན་ཏུ་གལ་ཆེའོ། །

སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་ལྷུག་རྩོམ་བརྩམས་ཆོས་ལས་ཁོང་གིས་རང་ཉིད་ཀྱི་བསམ་བློ་ལ་གཙིགས་ཆེན་བྱེད་ཀྱིན་ཡོད་པ་ཤེས་ཐུབ།ལྷུག་རྩོམ་གྱི་སྲོག་ནི་བསམ་བློ་ཡིན་ཏེ།བསམ་བློ་མེད་པའི་ལྷུག་རྩོམ་ནི་ཚིག་སྦྱོར་ཅི་འདྲའི་ལེགས་ནའང་ལྗང་ལོས་བརྒྱན་པའི་ཤིང་སྡོང་ཁོག་རུལ་ཞིག་དང་གཉིས་སུ་མ་མཆིས།སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་ལྷུག་རྩོམ་གྱི་བརྗོད་བྱའི་དོན་ནི་ཁོང་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ལས་ཐོབ་པའི་ཉམས་མྱོང་དང་།སྤྱི་ཚོགས་འཚོ་བ་དང་དུས་རྒྱུན་གྱི་ལས་ཀའི་ཁྲོད་ཀྱི་མཐོང་ཐོས་དྲན་རེག་ཡིན་ལ།ཁོང་གིས་དེ་རྣམས་རང་གི་བསམ་གཞིག་ལ་བརྟེན་པ་དང་སྒྱུ་རྩལ་དང་སྦྲེལ་ཏེ་མཐོ་ཚད་ངེས་ཅན་ཞིག་ནས་ཕྱིར་མཚོན་བཞིན་ཡོད་པ་ལས་གཞན་གྱི་བཤད་སྟངས་དང་དྲན་ཕྱོགས་སོགས་ཀྱི་རྗེས་སུ་འབྲངས་མེད།《ལྷ་རྟ་རྒོད་པོ》ལས “ནམ་རྒྱུན་མེས་པོའི་ཞབས་རྗེས་སུ་དྲོད་ཁོལ་འཚོལ་བའམ།ཡང་ན་མི་རབས་རྗེས་མའི་ནམ་ཟླ་དྲོ་བར་སྐྱབས་འཇུག་ཙམ་གྱིས།རྐང་གཉིས་མི་རུ་སྐྱེས་པའི་དོན་སྒོ་ཡོངས་སུ་འགྲུབ་པ་ཡིན་ནམ།མེས་པོས་ང་ཚོར་བསྐྱུར་བ་ཉུང་མི་སྲིད་ནའང་།ང་ཚོས་མེས་པོར་དབུལ་རྒྱུ་ཅི་ཞིག་ཡོད།མེས་པོའི་རེ་བཞག་གི་ཞལ་ཆེམས་དྲོན་མོ་རྣ་རྒྱབ་ཀྱི་ལྷགས་པར་བསྐྱུར།སྐྱེ་ཐོག་རང་གི་བྱ་གཞག་ཡོད་ཚད་སྒུག་བརྟེན་སློང་གསུམ་གྱིས་གཡོལ།འབད་མེད་ལྷུན་འགྲུབ་ཀྱི་རེ་འབྲས་སྣུམ་པོ་སྟོང་པའི་དབྱིངས་ནས་སྨིན་པར་འབུར་ཚུགས་སུ་ཅེར་བ་དང་།ད་དུང་།དུས་རབས་ཀྱི་དགོངས་པའི་མདུན་དུ།ང་ཚོས་ཐ་ན་མི་ཡུལ་གྱི་ཟས་རིན་ཙམ་ཡང་གཞལ་མེད་པས།ནོངས་འགྱོད་ཀྱི་སེན་མོས་རང་གི་བྲང་ཁར་སྤར་འདྲད་བྱེད་ལ་རན།”ཞེས་བྲིས་ཡོད་པ་དང་།ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྗེས་སུ་དྲན་པའི་ལྷུག་རྩོམ《ཞུ་གསོལ་སེམས་ཀྱི་རོལ་མོ》ཡི་ཁྲོད་དུ།“ཁྱེད་ཉིད་ཕེབས་ཤུལ་དུ།རིགས་ཀྱི་ཕོགས་ཟན་གླང་གཉའ་ཚིལ་རྐྱལ་ཚོས་ཁ་ནས་རང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་དགོས་ཞེས་རིགས་མཐུན་རོང་འབྲོག་མང་ཚོགས་ལ་བསྐུལ་བ་དང་།ཁོག་ནས་དེང་གི་ལས་ཞུགས་ཀྱི་བབ་ལ་བསྟུན་ནས་རང་གི་བྱིས་པ་རྒྱ་ཡིག་སློབ་གྲྭར་མངགས་ཏེ་ཅ་ནེ་ལེན་པའི་གཡོ་ཇུས་འཐེན།”ཞེས་བྲིས་པར་མ་ཟད།ད་དུང་མུ་མཐུད་དུ“ཁྱེད་ཉིད་ཕེབས་ཤུལ་དུ།ང་ཚོས་མེས་པོའི་ཤུལ་ནོར་ཁོ་ནར་མཆུ་ཏོ་བཙུགས་ཏེ་ངོམ་སོའི་ཁ་ཕོ་འཐེན་པ་ལས།རང་ལུས་ལ་རིག་གནས་གསར་པའི་ཟུངས་བཅུད་ཀྱིས་ཕོངས་ཏེ་མགོ་བོ་ནག་ཡོམ་ཡོམ་གྱི་མུན་པ་འཐིབ་བཞིན་པ་ཡང་ཚོར་ཀྱིན་མི་འདུག  སྙིགས་བཅུད་མ་ཕྱེ་བར་ཨ་གསར་གཡམ་རྒྱུག་གི་བརྟུལ་ཞུགས་ཀྱིས་གཞན་ལ་ལད་མོ་བྱེད་ཚུལ་ལ་གཞིགས་ན།མི་འགྱངས་པར་ང་ཚོ་རང་ངོ་རང་གིས་ཀྱང་མི་ཟིན་པའི་སྤྲེའུ་ཁྱུ་ཞིག་ཏུ་མི་འགྱུར་བའི་ངེས་པ་བྲལ།”ཞེས་སྐྱེས་ཆེན་དྲན་པའི་གདུང་བ་དང་ད་ལྟའི་སྤྱི་ཚོགས་སྣང་ཚུལ་གྱིས་བསླངས་པའི་སེམས་ཁྲལ་སྣ་ཚོགས་ལྗིད་ཏིག་ཏིག་གི་ཡིག་འབྲུ་ལ་བརྒྱུས་ནས་རང་རིགས་ཡོངས་ཀྱི་སྤྱན་སྔ་རུ་ཉེན་བརྡའི་ཚུལ་དུ་ཕུལ་ཡོད་པ་རེད།

སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱི་ལྷུག་རྩོམ་གསར་པ་སྐོར་ཞིག་རྩོམ་རིག་དུས་དེབ་ཀྱི་ངོས་སུ་བཀོད་འདུག་སྟེ།དཔེར་ན《མ་ཡུམ》དང《བླ་སྲོག་གི་བདག་མོ》དང《རེབ་གོང་།ངའི་ཕ་ས་དྲོན་མོ》དང《ཁྱོད་དྲན་ཚུལ》ལ་སོགས་པ་ལྟ་བུ།དེ་དག་ལ་ཀློག་མཁན་མང་པོས་གདེང་འཇོག་མཐོན་པོ་གནང་གིན་ཡོད་པས་ངས་འདི་རུ་གཞན་གྱི་སྐད་ཆ་བཏུས་ཤིང་བསྐྱར་ཟློས་བྱས་ནས་ཡིག་ངོར་ཕབ་དགོས་དོན་མེད།ཞར་ལ་བརྗོད་འདོད་པའི་ཚིག་འགའ་ནི།སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱིས་རྗེས་མར་དུངས་བརྗོད་ལྷུག་རྩོམ་སྣ་གཅིག་པུ་མིན་པར་ལྷུག་རྩོམ་འབྲི་སྲོལ་གཞན་དག་ལའང་མཐོང་ཆེན་བྱས་ཏེ་མཚོན་ཐབས་ཕུན་སུམ་ཚོགས་པར་གཏང་རྒྱུ་ནི་རེ་བ་དང་པོ་ཡིན།དུངས་བརྗོད་ལྷུག་རྩོམ་ལ་ལར་བརྗོད་བྱའི་དོན་དེ་རྗོད་བྱེད་ཚིག་དང་བསྟུན་པའམ་དེའི་རྗེས་སུ་འབྲངས་པའི་སྣང་བ་ཞིག་སྟེར་བས།རྗོད་བྱེད་ཚིག་ལ་ཚོད་འཛིན་དང་བརྗོད་བྱའི་དོན་དེ་ཉུང་བསྡུས་བྱ་རྒྱུ་ནི་རེ་བ་གཉིས་པ་ཡིན།འཇིག་རྟེན་སྐྱེ་བོ་ཞིག་ལ་མཚོན་ན།སུས་ཀྱང་ལང་ཚོ་བདག་ཏུ་འཛིན་མི་ཐུབ་ལ།མཐའ་མར་ཚེ་སྲོག་ཀྱང་ཡལ་འགྲོ་བ་ཇི་བཞིན།ཁྱེད་རང་ཡང་ང་དང་མཚུངས་པའི་གཞུང་ཞབས་པ་ཞིག་ཡིན་པར་དམིགས་ནས་བཤད་ན།གོ་གནས་ནི་མིང་ཆེ་ཡང་དོན་གྱིས་སྟོང་།དབང་ཆ་ནི་ཀུན་གྱིས་སྨོན་ཡང་ཡུན་མི་བརྟན།ཤེས་ཡོན་པ་ལ་དབང་བ་ནི་བསམ་བློ་ཡིན་ལ།བསམ་བློ་གཏོང་རྒྱུར་དགའ་མཁན་ཞིག་ཡིན་ཚེ་རྩོམ་རིག་གསར་རྩོམ་ལ་འཇུག་པར་དཀའ་ཚེགས་ཆེན་པོ་ཡོད་མི་སྲིད་ཅིང་།རྩོམ་རིག་གིས་ཐོག་དྲངས་པའི་སྒྱུ་རྩལ་བརྩམས་ཆོས་ཐམས་ཅད་ནི་ད་གཟོད་ང་ཚོས་མི་ཡུལ་དང་རྗེས་རབས་ལ་ལོ་ངོ་སྟོང་ཕྲག་བར་དུ་བསྐྱུར་ཐུབ་པའི་ཤུལ་ནོར་ཡིན་པས།ངའི་རེ་བ་གསུམ་པ་ནི་སེང་གཤོང་སྙིང་བྱམས་རྒྱལ་ལགས་ཀྱིས་གཞུང་གི་ལས་ཀའི་བྲེལ་ཟིང་ཁྲོད་ནས་མུ་མཐུད་དུ་བོད་ཀྱི་རྩོམ་རིག་སྤྱི་དང་སྒོས་སུ་ལྷུག་རྩོམ་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་གདོན་རྒྱུ་དེའོ། །

2016-10-23ཟི་ལིང་ནས་བྲིས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།