རྩོམ་པའི་མྱོང་བ་སྣ་ཟིན་སྤུ་ཟིན།

53.jpg

ཐོ་རེངས། 1987ལོའི་ཟླ8པར་རེབ་གོང་རྒྱལ་པོ་སྨན་ཚང་ཟེར་བའི་རོང་མ་འབྲོག་གི་ཡུལ་སྡེ་ཞིག་ཏུ་སྐྱེས། རང་ལོ་བདུན་པ་ནས་བཟུང་སློབ་གྲྭ་ཆུང་འབྲིང་སོགས་རིམ་པར་འགྲིམས། རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་མི་ལོ་བཅུ་ཕྲག་ཁ་ཤས་འགོར། བོད་ཀྱི་དུས་དེབ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《མི་རིགས་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་ཀྱི་སྟེང་དུ་སྙན་ངག་གཙོས་བརྩམས་ཆོས་མང་ཙམ་སྤེལ་མྱོང་། བོད་ཀྱི་སྙན་ངག་དུས་དེབ《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་དང་མི་རབས་གསུམ་པའི་ཚོགས་མི་བཅས་ཡིན། མི་སྒེར་གྱི་སྙན་དེབ་ལ《ཚོར་བའི་འཇིག་ཉེན》དང《བདག་མེད》སོགས་ཡོད།

རྩོམ་པའི་མྱོང་བ་སྣ་ཟིན་སྤུ་ཟིན།

1

ང་ཚོ་མི་སུ་ཡིན་རུང་འཇིག་རྟེན་གྱི་མགྲོན་པོའམ་རང་བྱུང་ཁམས་ཆེན་མོའི་མགྲོན་པོ་ཡིན་པ་བསྙོན་དུ་མེད། སྤྱི་ལོ1987ལོའི་སྟོན་ཁར་ཚེ་སྲོག་ཆུང་ཆུང་ཞིག་ས་སྒང་རིལ་མོ་འདིའི་སྟེང་ལ་མགྲོན་དུ་སླེབས་ཤིང་གངས་རི་དང་རྩྭ་ཐང་། སྦྲ་གུར་དང་ནོར་ལུག ཁ་ཆར་བུ་ཡུག་དག་གི་ཁྲོད་ནས་རིམ་གྱིས་ནར་སོན། སྐབས་དེའི་དྭངས་གཙང་གི་བྱིས་བློ་ནི་ནམ་མཁའ་བཞིན་དུ་ཅིི་འདྲའི་གཡའ་དག་ཅིང་སྒྲིབ་གཡོགས་བྲལ་ཨང་།

2

རྡོ་ཡི་འཐབ་ར་དང་འདམ་བག་གི་རྩེད་ཆས། འབའ་དང་འུར་རྡོ། དར་ཤུད། རྔོན་འགྲོ་སོགས་ཀྱི་རྩེད་དགའི་སྣང་བ་མཐའ་དག་གིས“ཕུགས་བསམ་གྱི་རྒྱལ་ཁབ”བཙུགས། འཆར་ཡན་གྱི་གཤོག་འགྱུར་རེ་རེར་མུ་མཐའ་བྲལ་བའི་སེམས་ཁོང་གི་བྱང་ཐང་བརྒལ་ནས་འཕུར། རྩེད་ར་ཆུང་ཆུང་དེས་ང་ལ་གནང་བ་ནི་བོད་པའི་འཚོ་བའམ་འདུ་ཤེས་རིགས་ཤིག་གི་ས་བོན་ཡིན།

3

དཔེ་ཁུག་ཆུང་བ་ཞིག་ཕྲག་པར་ཁུར་ནས་ཕུགས་འདུན་ལྕི་མོ་ཞིག་གི་རྡོག་མགོ་གནོན་དུས། ས་རྡུལ་གྱི་ཀློང་ལ་དབྱངས་གསལ་གྱི་རི་མོ་བཏབ། ཡིག་འབྲུ་རེ་རེ་ནི་གསེར་མདོག་འཕྲོ་བའི་འོད་ཀྱི་ཕུང་བོ་རེ་དང་མཚུངས་པར་ཁ་བའི་གསེང་དང་རླུང་བུའི་ཁྲོད། བྱེ་མའི་གཏིང་དང་བུ་ཡུག་གི་ངོགས་ནས་དམར་པོ་མེ་དཔུང་བཞིན་དུ་ཆེམ་ཆེམ་འབར། གདངས་མཉམ་པའི་ཀློག་འདོན་གྱི་དབྱངས་རྟ་ཞིག  སྲོད་ཁའི་མཚམས་སྤྲིན་དང་ཞོགས་པའི་ཉི་འོད་ལ་བརྒྱུས་ཏེ་དབྱངས་གསལ་འཐུ་བའི་རྫི་བོ་ཞིག་དངོས་སུ་ལམ་ལ་ཆས།

4

འཇིག་རྟེན་གྱི་ལམ་ལ་མཐའ་མེད་པ་ནང་བཞིན་མི་རེ་རེའི་འདོད་མོས་དང་དགའ་ཕྱོགས། ཕུགས་བསམ་སོགས་ཀྱང་བགྲང་གིས་མི་ལངས། ཁེར་སྡོད་ལ་གོམས་པས་ལན་ནམ། ལོ་དེ་སྙན་ངག་གིས་ང་རང་བཙལ་ནས་རྙེད་བྱུང་། དེ་དུས་ཕོ་ལོ་བཅུ་བཞི་ཙམ་ཡིན། ངས་རྫུ་བག་ལྡན་པའི་སྙན་ངག་གི་ལྷ་མོ་གང་དེའི་འདོད་པའི་ཟུར་མིག་མཐོང་ཞིང་ངོ་མཚར་སྐྱེས། རྗེས་སུ་ལྷ་མོ་དེས་ང་རང་གཟུགས་མེད་ཀྱི་སྡོམ་རྒྱ་ཞིག་ཏུ་གཡུགས།

5

དེ་ནས་བཟུང། ཐོག་མར་ཉིན་ཐོའི་བར་གསེང་ནས་དུས་ཚོད་ཀྱི་གོམ་འགྲོས་བསྙེགས་ཤིང་བར་དུ་ལྷུག་རྗོད་ཀྱི་ཕྲེང་བ་མགུལ་དུ་སྤྲས་ཏེ་སྲོལ་རྒྱུན་གྱི་མཆོར་གོས་ལུས་སུ་མནབས། མཐར་རང་མོས་ཀྱི་མགྲིན་པ་མཐོ་རུ་བཏེགས་དེ་མི་ཚེའི་སྐྱིད་སྡུག་གི་གདངས་དབྱངས་གླུ་རུ་དྲངས། གསར་རྩོམ་གྱི་གོ་རིམ་དེའི་ཁྲོད་དུ་ངས་ཚྭ་སྒོག་གཡེར་གསུམ་ལས་འདས་པའི་མི་ཚེའི་འཚོ་བའི་ལོངས་སྤྱོད་ཅིག་རེག་བྱུང་།

6

འཚོ་བ་ནི་གཟུགས་མེད་པའི་ཁུར་པོ་ལྕི་མོ་ཞིག་རེད འཁོར་བའང་གཟུགས་མེད་པའི་འདོགས་ཐག་ཅིག་རེད

བརྩེ་དུང སྡུག་བསྔལ  མྱ་ངན་སོགས་ཀྱང་དེ་བཞིན་ནོ

གཟུགས་མེད་པ་མང་པོ་ཞིག་གིས་བསྡམས་ནས་བཙུར་བྱུང

ཤོག་དངུལ་གྱིས་སྐྱོམས་པའི་འཇིག་རྟེན་ལ

ངས་རང་སེམས་མཚོན་པའི་གཞས་ཤིག་གཏོང་གིན་ཡོད

དེ་ནི་ང་ཡི་མི་ཚེའི་ལམ་རྒྱག་དང་དབང་ཐང་ཡིན

ཤི་ཡང་རྣམ་ཤེས་འཁོར་ས་དེ་ཡིན

དེའི་མིང་ལ་ཚེ་སྲོག་གིས་བསྲུངས་པའི་རྩོམ་རིག་ཅེས་འབོད

7

རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་རྩོམ་རིག་ཅེས་རང་ལུས་ཀྱི་འཕར་རྩ་བཞིན་ལྷོད་མ་མྱོང་བའི་རྩོམ་གྲོགས་རེ་གཉིས་ཤིག་དང་འཕྲད། ཁོ་ཚོའི་ཁྲག་རྗེས་དང་རྔུལ་ཆུ། ཁེར་རྐྱང་། སྡུག་ཡུས། དཔའ་མི་ཞུམ་པ་སོགས་ཀྱིས་ང་ལ་སྒྱུ་རྩལ་གྱི་བླ་གནས་ཤིག་མཐོང་དུ་བཅུག ཚེ་ཡི་མར་མེ་རླུང་གིས་མ་གཟིམ་བར་དུ་ཕྱི་སྣུར་བྱ་མི་འོས་པའི་ཆོད་སེམས་དང་དམ་ཚིག་ཀྱང་འདི་ནས་བཞག ང་ལ་མཚོན་ན་འདི་ནི་སྙན་ངག་པ་ཞིག་གི་དམ་བཅའ་ཡིན།

8

སྙན་ངག་ནི་དཔྱོད་ཤེས་ལས་ཚོར་ཤེས་ཀྱི་འདར་སྐྱོམ་གཙོ་བས་དགའ་སྡུག་གི་ཚོར་བ་ཕྲ་མོ་ཙམ་ཡང་སྐད་ཅིག་སྐད་ཅིག་གིས་མཚོན་ཐུབ་དགོས། དེ་ལས་འགོངས་ན་ཆུ་ལས་རི་མོ་མངོན་པ་བཞིན་ཤུལ་མེད་དུ་འགྱུར་སྲིད་པས།  རྔམ་བརྗིད་ལྡན་པའི་ཐ་སྙད་ཀྱི་རུ་དཔུང་ཇི་ལྟར་བསྒྲིགས་ཀྱང་ཕ་རོལ་པོའི་ནང་སེམས་སྐྱོམ་པར་དཀའ་ཞིང་ཁྱེད་ལ་མཚོན་ནའང་ནད་མེད་འཁུན་སྒྲ་འབྱིན་ཙམ་མོ། །

9

སྙན་ངག་མང་དག་ཅིག་གིས་ས་མཚམས་ཆུ་མཚམས་དང་འགན་འཁྲི། སྒལ་ཚིགས་སོགས་ཀྱི་རྡོག་ཁྲེས་གང་ཡང་ཁུར་མི་འདུག་ཀྱང་།  ཁྱེད་ལ་ཚྭ་སྒོག་གཡེར་གསུམ་ལས་འདས་པའི་སྨྲ་བསམ་བརྗོད་མེད་ཀྱི་བསམ་པའི་ལོངས་སྤྱོད་ཅིག་སྟེར་ཐུབ། དེའི་མིང་ལ་སྒྱུ་རྩལ་གྱི་བསླུ་བྲིད་ཅེས་བཏགས་ན་འགྲིག

10

རྣ་བར་སྐད་ཆ་མང་པོ་ལྡུག་མཁན་ཚོས་དུས་དང་བསྟུན་ནས་འཚོ་བ་རོལ་བར་སྐུལ། ང་ཚོས་རང་གི་ཤ་ཁྲག་གྲུབ་བྱེད་ཀྱི་རྫས་རྒྱུན་ཡོད་ཚད་ཀྱང་སྙན་ངག་གི་ལམ་ནས་མཚོན་པར་སྔ་མོ་ནས་སྟ་གོན་བྱས་ཚར་ཡོད། ཐོབ་དང་གོ་ས། རྒྱུ་དང་འབྱོར་བ། མཚན་དང་སྙན་པ་མཐའ་དག་ནི་སྒྱུ་རྩལ་པའི་རེ་བ་འཆང་ས་ཞིག་མ་ཡིན་པས། འདི་ལས་ལོགས་སུ་གྱེས་པའི་གཤིས་ཀ་དེ་ལ་སྙན་ངག་པའི་རང་གཤིས་ཟེར།

11    

དབུལ་ཕྱུག་གི་ཧེ་བག་ཙམ་གྱིས་སྙན་ངག་པ་ཞིག་ཏུ་འགྱུར་བར་བགེགས་རྐྱེན་དང་བཀག་འགོག་བྱ་མི་སྲིད་མོད། ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་བརྩམས་ཆོས་ཀྱིས་གཟོད་ཁྱོད་རང་དབུལ་པོ་དང་ཕྱུག་པོ་གང་ཡིན་པ་ར་སྤྲོད་འོང་ངེས་རེད།  དེས་སྙན་ངག་པའི་མི་ཚེའི་རིན་ཐང་མཚོན་ཐུབ་ལ་སྒྱུ་རྩལ་གྱི་བླ་གནས་ཤིག་ཀྱང་བསྲུངས་ཡོད་དོ། །

12

གདན་དཀར་གྲུ་བཞིར་བསྡད་ནས་རྩོམ་ལ་དགའ་བའམ། དཔེ་ཀློག་མཐོང་རྒྱ་བཅད་ནས་གསར་གཏོད་གླེང་བ། འཚོ་བའི་ཉམས་མྱོང་བོར་ནས་དངོས་པོའི་གཤིས་ལུགས་འཚོལ་བ། རང་ཤོང་སྤྱིལ་བོར་འཛུལ་ཏེ་འཛམ་གླིང་ཤར་ནུབ་རྩོད་པ་ནི་རྨི་ལམ་ལས་རྨི་ལམ་འཚོལ་བའམ་བཟི་བོས་བཟོ་བོ་འདེགས་པའི་ཚུལ་ལས་མ་འདས་པས། ཉི་མ་འཁྱོལ་ཐབས་ཙམ་ཡིན་ན་འགྲིག་བཞག་རེད།

13

སྙང་ངག་ནི་ཚོང་རྫས་དང་ལག་ཆ་མིན། སྙན་ངག་ནི་མེ་མདའ་དང་རལ་གྲི་ཡང་མིན། སྙན་ངག་ནི་གཟུགས་མེད་ཀྱི་ཚོར་བ་དྭངས་མོ་ཞིག་གམ་རང་གི་ཁྲག་རྒྱུན་ལས་ཀྱང་བགྲེས་པའི་འདུ་ཤེས་རིགས་ཤིག་གིས་གྲུབ་པ་ཡིན། དེ་ནི་གནམ་འོག་གི་སྐྱེས་བུ་རེ་འགའི་མ་གཏོགས་སེམས་ཀྱིས་མི་ཚོར་ལ་ལག་ནས་མི་འཁྱོངས།

14

སྙན་ངག་མཁན་མི་གཙོ་བར་སྙན་ངག་གཙོ་བར་འདོད་ལ་རྩོམ་འབྲི་བ་མི་གཙོ་བར་སྐད་ཡིག་གཙོ་བར་འདོད་དེ། སྙན་ངག་ནི་རང་བྱུང་ཁམས་ཆེན་མོས་གནང་བའི་བདུད་རྩིའི་གཙང་པོ་ཞིག་དང་འདྲ་བར་འཚོ་བའི་མགོ་མཇུག་གམ་ཉིན་མཚན་གྱི་ཧྲག་བར། དུས་གསུམ་གྱི་རི་ལུང་ཀུན་ཁྱབ་ནས་ཡོད།

15

སྙན་ངག་ནི་རང་དབང་གི་རྣམ་པ་ཅན་ཡིན་ཏེ་གསར་གཏོད་ཀྱི་འདོད་བློ་མངའ་བའི་ཐོན་དངོས་ཤིག་ཀྱང་ཡིན། གལ་ཏེ་འཇིག་རྟེན་མྱ་ངམ་ཐང་དུ་གྱུར་པ་ཡིན་ན་སྙན་ངག་ཁོ་ནས་མི་སེམས་ཀྱི་ངལ་བའམ་སྐོམ་གདུང་། མྱ་ངན། སེམས་གཅོང་སོགས་སེལ་ཐུབ་བྱ་ངེས་ཏེ། ཉི་འོད་དང་རྩྭ་ལོ་འཁྱིལ་བའི་ཡུལ་ལྗོངས་ཤིག་ཁྱེད་ཀྱི་སེམས་ངོར་བཞེང་སྲིད།

16

སྙན་ངག་ནི་མི་རིགས་ཅན་ཡིན་ལ་མི་རིགས་ཅན་ཡང་མིན། སྙན་ངག་ནི་བརྩེ་དུང་གིས་བཞེངས་པ་ཡིན་ལ་བརྩེ་དུང་ཁོ་ནས་བཞེངས་པའང་མིན། སྙན་ངག་ནི་མཚན་ཉིད་རིག་པས་གྲུབ་པ་ཡིན་ལ་མཚན་ཉིད་རིག་པ་ཆིག་རྐྱང་གིས་གྲུབ་པ་ཞིག་ཀྱང་མིན། གང་ལྟར་སྙན་ངག་ནི་བདེན་དགེ་མཛེས་གསུམ་གྱིས་སྤུད་པའི་སྒྱུ་འཕྲུལ་གྱི་ལྷ་མོ་དང་བསམ་པའི་འདོད་ཡོན་གྱིས་ཕྱུག་པའི་རང་དབང་གི་ནམ་མཁའ་དེའོ། །

17

མདོར་ན་རྩོམ་པའི་ལམ་བུ་འདི་འདྲ་ཞིག་བདམས་པ་ཁྱོན་ནས་འགྲིག་འདུག་སྟེ། གོ་གནས་དང་ཁེ་ཕན། གཡོ་སྒྱུ། མིང་གྲགས་སོགས་བོར་བའི་ལམ་ཁ་འདི་ནས་མི་ཡུལ་ལ་ཟས་རིན་ཙམ་དབུལ་ཐུབ་ན། ངས་རང་གི་བླ་སྲོག་གི་རྫས་སྣ་ཡོད་ཚད་གསར་རྩོམ་གྱི་ལམ་ནས་ཀློག་པ་པོ་དག་ལ་འབུལ་བར་ཕངས་སེམས་དང་ནོངས་འགྱོད་གྱིས་རྣམ་པར་སྟོང་ངོ་། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།