“ང”ཡིས་མཐོང་སྣེ་ལ་འཇུས་ཏེ་སྙན་ངག་པའི་ནང་སེམས་སྙོབ་ཚུལ། 

  ——སྙན་ངག་པ་ཐོ་རེངས་ཀྱི་སྙན་ངག་འགའ་ཤས་བཀླགས་པའི་མྱོང་ཚོར་ཐན་ཐུན།

རྒྱའི་དཔྱད་བརྗོད་པ་ཁ་ཤས་ཤིག་གིས་ལྔ་བཞིའི་ལས་འགུལ་ནས་བཟུང་རྒྱའི་རྩོམ་རིག་གི་འཕོ་འགྱུར་ནི་སྙན་ངག་གི་སྟེང་ནས་ལྡོག་འཕྲོ་བྱེད་པ་ལས་སྒྲུང་གཏམ་གྱི་ཐད་ནས་འཕེལ་འགྱུར་མེད་པར་བརྗོད་ཅིང་།  སྙན་ངག་རང་ཉིད་ཀྱི་དར་འཕེལ་ནི་རྣམ་པ་དང་ནང་དོན་གང་གི་ཆ་ནས་ཀྱང་གསར་བསྒྱུར་གྱི་རྣམ་པ་མངོན་ཡོད་པར་བརྗོད་པ་བཞིན། འོ་སྐོལ་གྱི་རྩོམ་རིག་འཕེལ་རྒྱས་ཀྱི་སྣང་ཚུལ་ལ་ཆ་བཞག་ནའང་། སྙན་ངག་གི་འཕོ་འགྱུར་ནི་རྩོམ་ལུས་གཞན་གྱིས་བསྒྲུན་དུ་མེད་པའི་ཚད་ལ་ཐོན་ཡོད་པ་ནི་སུ་ཞིག་གིས་ཀྱང་བསྙོན་འདིང་ཐུབ་པ་མ་ཡིན་ཞིང་། དེ་ནི་སྙན་ངག་གི་ངེས་དོན་ལ་ཉེ་བར་གཅར་བའི་བཞུད་ལམ་གྱི་ཁྲོད་བྱུང་བའི་འབྲས་བུ་ཡིན་ཏེ།  སྙན་ངག་ཇི་ལྟར་ཡང་གཞར་ཡང་ནང་སེམས་ལ་བསྙེགས་ཤིང་སྙོབ་པ་ནི་སྙན་ངག་ལ་འཇུག་པའི་ས་ལམ་གཞན་ཞིག་ཡིན།

ཡིན་ཡང་སྙན་ངག་གི་ཤེད་བུ་ཉིད་ནི་གུ་ཙམ་ཡིན་ཞིང་། དུས་རབས་ཀྱི་མངལ་དུ་སྦྲུམ་པའི་ཁྲ་ཆིལ་དག་གིས་ང་ཚོའི་འདོད་ཡོན་གྱི་ཚོར་བ་སྟོབས་ཀྱིས་བརྔོད་ཀྱིན་པའི་དུས་འདིར། སྙན་ངག་དང་སྙན་ངག་པ་དག་ཁེར་ཧྲེང་གི་གནས་སུ་གྱར་ཡོད་ནའང་རླབས་ཆེ་ཞིང་གཡེར་བག་མངའ་བའི་སེམས་ཀྱི་རྒྱ་ཁྱོན་དཔག་ཚད་ཀྱིས་མི་ཟིན་པས།  སྙན་ངག་གི་བརྗོད་བྱ་དེ་ཇེ་སྐུམ་དུ་སོང་མེད་པར་སྔར་བས་ཀྱང་ཕྱོགས་མཚམས་ཀུན་ཏུ་བརྐྱངས་ཡོད་པའི་ཉམས་སྣང་སྟོབས་ཀྱིན་ཡོད་དེ། མཚན་ཉིད་རིག་པ་ཁ་ཅིག་གིས“མི་རྣམས་ཁེར་ཧྲེང་ལ་གོམས་དགོས”ཟེར་བ་དང“ཁེར་ཧྲེང་ནི་རང་ཉིད་ལ་རྒྱུས་མངའ་བྱེད་པའི་ཐབས་དམ་པ”རེད་ཟེར་ལ།  འུ་ཅག་གི་ནང་དོན་རིག་པའི་ཐད་དུའང་དབེན་པར་བསྟེན་ཚུལ་འདི་གལ་ཆེན་དུ་གསུངས་ཡོད་པས།  ཇི་ལྟར་ཁེར་ཧྲེང་དུ་གྱུར་པ་དེ་བཞིན་ཡུལ་དང་ཡུལ་ཅན་གྱི་གནས་ཚོད་ཐིགས་པ་ཡིན་པ།  ཇི་ལྟར་དངོས་པོའི་གནས་ཚོད་ཐིགས་པ་བཞིན་སྙན་ངག་པ་རང་ཉིད་དང་སྙན་ངག་གི་བརྗོད་དོན་མཐའ་ཀླས་སུ་གྱུར་ཏེ་ཡུལ་དང་ཡུལ་ཅན་ཀུན་ལ་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་འབྲིམ་སྲིད་པས་ན“སྙན་ངག་པ་ནི་དཀོན་མཆོག་དང་ཤིན་ཏུ་ཐག་ཉེ་བ་ཡིན”ཞེས་གསུངས་པའང་གནད་འདི་ལ་གོ་བ་གདོན་མི་ཟའོ། །

དེ་བཞིན་བོད་ཀྱི་ན་གཞོན་སྙན་ངག་པ་ཐོ་རེངས་ཀྱི་སྙན་ངག་གི་འཕེལ་འགྱུར་ཡང་ཚུལ་དེ་ལས་མ་འདས་ཏེ་འཁང་ར་དང་ལེ་བདའ།  ཆགས་འཇིག་དང་གཞན་འགྱུར། སྐྱོ་གདུང་དང་སྨྲེ་ངག ཁོང་ཁྲོ་དང་ཞེ་སྡང་བཅས་ཀྱི་སྙན་ངག་གི་ཐོག་མའི་གོ་རིམ་དག་ལ་སེམས་པ་གླན་ཅིང་། དེ་དག་གི་ཆོས་ཉིད་ལས་བཙགས་པའི་ཚོར་བ་ཡི་གེའི་རྡང་ལ་བཤམས་པ་ནས་ཧ་ཅང་ལྷོད་འཇགས་སུ་གྱུར་ཏེ་རང་ཉིད་ཀྱི་ནང་སེམས་ལ་བསྙབས་ཤིང་ནང་སེམས་ཀྱི་སྒྲ་དབྱངས་དག་ལ་ཞིབ་ཀྱིས་བླགས་པ་ལས་བྱུང་བའི་ཚོར་འདུ་དག་ཡི་གེའི་ཁབ་མིག་ལ་དྲངས་ཏེ་སྙན་ངག་གི་འཕྱོར་ལྭ་དྲུབས་ཡོད། འདི་ནི་ནར་སོན་སྟངས་ཤིག་དང་སྙན་ངག་ལ་གོ་བ་ལོན་སྟངས་ཤིག་ཡིན་ཏེ་ཐོག་མའི་མ་མིན་མི་མེད་ཀྱི་དགག་སྒྲའམ་མི་འདོད་པ་སྒྱེ་གང་ཡོད་པ་ནས་ང་ཡི་ཕྱོགས་ལ་བསྙེགས་ཏེ་ཅི་ཞིག་བྱེད། ཇི་ལྟར་བྱེད། གང་གིས་བྱེད་ཅེས་པའི་སྙན་ངག་གི་བཤུལ་ལམ་ལ་གོམ་ཁ་བསྒྱུར་ཅིང་། སྙན་ངག་གི་ཡལ་འདབས་དེའང་ང་ཡི་ཕྱོགས་ནས་ཕྱི་རུ་རྒྱས་ཡོད་པས་སྙན་ངག་གི་བསྟན་དོན་དང་སྒྱུ་རྩལ་དེ་ཚད་མཐོ་ས་ཞིག་ཏུ་བསྐྱལ་ཡོད། འདི་ནི་སྙན་ངག་གི་འཕེལ་རིམ་ཞིག་དང་སྙན་ངག་པ་གཉོམ་ལག་རྒྱས་ཚུལ་ཞིག་སྟེ་འུ་ཅག་གི་སྙན་ངག་པའི་སྡེ་ན་ད་དུང་ཡང་མི་འདོད་པ་དང་། སྐང་ར་དང་ལེ་བདའ་རྐྱང་རྐྱང་གིས་བསྟན་དོན་དང་མཚོན་ཐབས་ཁ་མལ་ན་ལུས་ཡོད་པ་ཤིན་ཏུ་མང་མོད་ཀྱི། སྙན་ངག་པ་ཐོ་རེངས་ནི་འདི་དག་ལས་འཚར་ལོངས་ཆེས་སྐྱེན་པ་དེ་ཡིན་ཞེས་སྨྲ་ཆོག

གོང་གི་སྙན་ངག་འདི་དག་ལ་མཚོན་ནས་བསྙད་ན་རྒྱའི་རྩོམ་མཁན་ཡུས་ཧྭ་ཡིས“རྩོམ་པ་པོ་ནི་ནམ་ཡང་ནང་སེམས་ཀྱི་སླད་དུ་རྩོམ་འབྲི་བ་ཡིན”ཞེས་པ་ལྟར། བསྟན་དོན་ཇི་སྙེད་ཀྱི་དབུ་སྒོ་རང་ཉིད་ནས་ཕྱེས་ཏེ་ཕྱི་རོལ་ལ་འཕྲོས་ཤིང་། རང་ཉིད་ནས་ཕྱི་རོལ་ལ་འཕྲོས་པའི་སྟབས་ཀྱིས་ཚོར་བ་བརྗོད་པར་ཐོག་རེག་བཀག་གསུམ་མེད་ཅིང་མཇུག་སྡུད་པའི་དུས་སུ་ཡང་བབ་བསྟུན་གྱིས་ཆོག་པ་ཡིན། དེ་ལས་ལྡོག་སྟེ་ཕྱི་རོལ་ནས་ནང་དུ་སིམ་འཛུལ་བྱེད་དུས་ཕྱི་རོལ་གྱི་གནས་བབ་ཀྱི་བཤུ་འབྲི་དང་དེ་ལས་བཙས་པའི་ཚོར་བ།  དེའི་ཁར་རང་ཉིད་ཀྱིས་བརྡར་ཤ་བཅད་པའི་གཏན་ཚིགས་ཤིག་གི་ལྷན་པའང་བཙེམ་དགོས་པས་ཐོས་བརྩོན་གྱི་སྟོབས་མེད་ན་དེ་ནི་སྦྲུམ་མ་མངལ་ཤོར་གྱི་ཚུལ་དུ་འགྱུར་བ་ཡིན།  དེ་བས་སྙན་ངག་པ་ཐོ་རེངས་ཀྱིས་ཀྱང་སྔར་གྱི་ལོ་རྒྱུས་ཀྱི་དྲན་པ་དང་རིགས་ཀྱི་དར་རྒུད་སོགས་མི་རིགས་ཀྱི་རྟགས་ཐམ་བདོག་པའི་རྩོམ་ཡིག་འབྲི་སྟངས་ནས་ཁྱོན་ཆེ་བའི“ང”ཡི་སྟེང་ལ་ཕྱོགས་ཏེ་སྔར་ཡོད་ཀྱི་སྙན་ངག་གི་བཀག་རྒྱ་ཆིག་རྐྱང་བ་སིལ་བུར་གཏོར་ནས་སྙན་ངག་གི་འཕུར་ལམ་གྱི་ནམ་མཁའ་སྔར་ལས་ཡངས་པོར་ཕྱེ་འདུག་ལ། གོ་དཀའ་བའི་སྙན་ངག་གི་བགྲོད་ལམ་ནས་ཅུང་ཟད་གོ་སླ་བའི་ཕྱོགས་སུ་སྨྱུག་ཁ་སྐོར་གྱིན་པའི་ཚོར་བ་བཅོས་མིན་དུ་སྟེར། འདི་ནི་འོ་སྐོལ་གྱི་སྙན་ངག་གི་བློ་སྦྱོང་དབུལ་བ་དང་སྙན་ངག་ཉིད་ཀློག་པ་པོ་དང་རིང་དུ་འགྱེད་ཀྱིན་པའི་གནས་བབ་འདི་ལ་མཚོན་ན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། སྙན་ངག་གི་སྒེའུ་ཡོལ་ཕྱེད་ཙམ་ཕྱེས་ཏེ་ནང་གི་དེ་ཉིད་མཐོང་དུ་འཇུག་པ་ནི་དུས་ནམ་ཡང་སྙན་ངག་གི་བག་མས་དང་དུ་ལེན་དགོས་པའི་རྒྱན་ཆ་ཞིག་སྟེ་འདི་ལྟར་ན་སྙན་ངག་རང་ཉིད་ཀྱི་ཁེ་ཕན་སྲུང་ཐུབ་པ་དང་ཀློག་པ་པོའི་འཁོར་འབངས་ཀྱང་སྐྱོང་ཐུབ་པ་ཡིན།

དེ་ལྟར།  སྙན་ངག་འདི་དག་ལ་ཤར་མར་བལྟས་མ་ཉིད་དུ“ང”ཡི་མྱོང་བ་རྨང་དུ་བཏིང་ཞིང་དེ་ལ་ཐ་སྙད་ཀྱི་སོ་ཕག་བརྩིགས་ཏེ་སྙན་ངག་གི་མཁར་རྫོང་འགྲུབ་པར་བྱས་ཡོད་དེ། 《དཔྱིད་ཀ་ཐོན་ལ་ཉེ་དུས》ཞེས་པ་འདིར་ས་བོན་གང་ཞིག་ཡིན་ཡང་རུང་སྟེ་ས་བོན་མང་པོ་གྲ་སྒྲིག་བྱས་ཡོད་ཟེར་བ་དང་དེ་དག་ནི་འབྲས་བུ་ཇི་ལྟར་ཡང་མིང་དུ“གངས་དཀར་གཡང་འཛོམས”ཞེས་པར་གདགས་རྒྱུ་བྱུང་ན་ཅི་ཞིག་བྱེད་དགོས་ཀྱང་མོས་པ་ཡོད་པའི་སེམས་ངོ་ནན་ཏུར་གྱིས་བསྟན་ཡོད་ཅིང་། 《མིང་མེད》ཅེས་པ་ལས་ང་ཡིས་འདས་པ་གང་ལ་མྱ་ངན་ནམ་རྗེས་དྲན་གྱི་ཚུལ་དུ་བརྗོད་ཡོད་ཅིང་།  ཐོག་མར་ང་ཉིད་ནས་འཕྲོས་རྟོག་གི་ཚོར་འདུ་བསྲིངས་པས་སྙན་ངག་འདི་ཆུང་བ་ནས་ཆེ་བ་དང་ཐག་ཉེ་ནས་ཐག་རིང་ལ་ཕྱིན་པའི་ཐབས་འཕྲུལ་གྱི་ནུས་རྩལ་བླ་ལྷག་གིས་རྩལ་དུ་སྤྲུགས་ཡོད་པས“ང་ཡིས་གང་ལ་ཇི་ལྟར་བལྟས་པ”ལས“གང་ལ་ང་ཡིས་ཇི་ལྟར་བལྟས་པ”མིན་པས་སྙན་ངག་ཉིད་ཀྱི་ཁམས་དྭངས་ཤིང་གཙང་ལ་སྙན་ངག་པའི་གང་ལ་རྗེས་དྲན་ཞུ་བའི་ཡིད་སེམས་དེའང་གཤའ་མ་རང་དུ་གྱུར་ཡོད་མོད། སྙན་ངག་ལ་གུག་རྟགས་ཀྱི་གསལ་བཤད་བྱེད་པ་དེ་ཤར་ནུབ་གཉིས་ཀྱི་སྙན་ངག་གི་བརྩམས་ཆོས་ཁྲོད་ངེས་མེད་དུ་བྱུང་དང་འབྱུང་བཞིན་ཡོད་ནའང་། དེ་ནི་ཆོས་ག་གེ་མོའི་ངོ་བོ་གསལ་བར་བྱེད་པ་དང་དེའི་ངང་ཚུལ་ལམ། ཡང་ན་རང་ཉིད་ཀྱི་ལྟ་ཚུལ་དེའི་སྙན་ངག་གི་སྡེབ་སྦྱོར་གྱི་ལྟོང་ལ་མི་འཕྲོད་པའི་དུས་སུ་གུག་རྟགས་སུ་བཅུག་པ་ཡིན་མོད།  གསལ་བཤད་ཉིད་སྙན་ངག་གི་སྡེབ་སྦྱོར་གྱི་རྒྱུན་དང་མཚམས་ཚེ་གུག་རྟགས་སུ་བཅུག་ན་གཅོམ་སྐྱུང་གི་ཉམས་ལྡན་པས་ཐབས་རྩལ་འདི་དག་བེད་སྤྱོད་བྱེད་ཚེ་ངེས་པར་མཉམ་འཇོག་དགོས་པར་སྙམ།  དེ་བཞིན། 《ཉི་ནུབ་ཀྱི་དུས་སུ་མཐོང་བ་དག》ཅེས་པ་དེ་ཐོལ་གྱིས་བལྟས་ན་མཚན་མོ་སླེབས་པའི་དུས་ཇི་བཞིན་དུ་ངོ་སྤྲོད་བགྱིས་ཏེ་མཚན་མོའི་ཁྲོད་ཀྱི་རྣམ་པ་ལིང་ངེ་བ་དག་མིག་ལམ་དུ་བྲན་ཡོད་ནའང་།  “མགོ་ཐོག་གི་སྤྲིན་པ་མར་ལ་ཅུང་ཟད་བབས་བྱུང”དང་“མུན་པས་ཡུལ་ལྗོངས་ཤིག་བལྟབས་སོང”ཟེར་བའི་སྐད་ཆའི་སྤྲོས་བརྗོད་འདིས་སྙན་ངག་གི་བརྗོད་དོན་དེ་ཉིད་རང་ག་བའི་མཚན་མོ་ཞིག་མིན་པའི་མཚོན་དོན་ཕོན་ཆེ་བ་ཞིག་གི་ཕྱོགས་སུ་མངགས་ཤིང་། “དུས་ཚོད་ཀྱིས་མི་རྣམས་གཉིད་དུ་བཅུག་རྗེས”ཞེས་པ་དེས་མཚོན་བྱ་མོད་པོ་ཞིག་ཧྲག་བསྡུས་ཀྱིས་བསྟན་ཡོད་པས་བསམ་གཞིག་གི་བར་སྟོང་ཆེ་རུ་ཕྱེས་ཡོད། 《རྨི་ལམ་གྱི་འགྲེལ་བརྗོད》དེ་ལས་ང་ཡི་རྨི་ལམ་གྱི་གོ་རིམ་ནར་མར་སྨྲས་ཏེ་འཚོ་བའི་སྣང་བརྙན་དེ་རྨི་ལམ་གྱི་སྣང་བརྙན་གྱི་རླིད་བུར་བརྫངས་ཏེ་རྨི་ལམ་དང་འཚོ་བའི་ངོ་བོ་གཅིག་ཏུ་བྲེས་ཡོད། དེ་མིན་གཙང་པོ་དང་བེམ་པོ། འབུ་སྦྲང་། ལྡིར་སྒྲ་དང་མེ་ལོང་ལ་སོགས་པའི་ཡིད་བརྙན་གྱིས་རང་ཉིད་ཀྱི་བགྲོད་ལམ་དུ་བྱུང་བའི་སྐྱི་བུང་བ་དག་མཐར་ཆགས་སུ་བརྗོད་མོད།  མཇུག་གི་ཚན་པ་དེས་ད་ལྟའི་རྣམ་ཤེས་མེད་པར་གཞན་རྗེས་འབྲང་བར་རངས་པའི་མི་རྣམས་ལ་གཞེན་སྐུལ་བྱས་ཡོད་ལ། ཚིག་རྐང་ཆེས་མཐའ་མས་སྙན་ངག་པའི་མིག་མདུན་གྱི་རྣམ་པའམ་རང་ཉིད་ཀྱི་འཇིགས་སུ་རུང་བའི་གནས་བབ་བརྗོད་ནའང་།  ང་ཚོས་སྙན་ངག་པ་ཉིད་“གཙང་པོ”དང་ཐིམ་མེད་ཅིང“བེམ་པོ”བཞིན་དུ་གྱུར་མེད་པར་འཇིགས་སྐྲག་ཅི་བྱུང་དང་བདེ་བ་ཅི་ཕྲད་རང་ཉིད་ཀྱིས་ཚོར་ཡོད་པས་ད་གཟོད་རང་ཉིད་ཀྱིས“མེ་ལོང་”ནང་གི་འཇུགས་རུང་དེ་མཐོང་བ་རེད། སྙན་ངག་འདི་ཅུང་ཟད་ཡིད་བརྙན་གྱི་ཁེངས་པ་དང་བསྡུས་བརྗོད་ཀྱིས་མཚོན་ཡོད་པས་ཅུང་གོ་དཀའ་ནའང་། གློ་རྡེག་ཏུ་པར་ཀྲ་ཁེ་ཡི་གསུང“ངས་ཐ་སྙད་ཀྱི་རལ་གྲི་བཀོལ་ཏེ་ན་ཕོ་ལུན་གྱིས་བསྒྲུབས་མ་ཐུབ་པའི་བྱ་བཞག་བསྒྲུབ་རྒྱུ”སྐད་པ་དེ་ཡིད་ལ་ཝ་ལེར་ཤར་འོངས་ཏེ། ང་ཚོས་སྙན་ངག་པ་ནི་ལག་ཏུ་ཡི་གེའི་མཚོན་ཆ་བསྣམས་ཏེ་མི་འདོད་པའི་འཚོ་བའི་གཡུལ་ས་ལ་ཞུམ་པ་མེད་པར་འཛིང་གིན་པའི་དཔའ་རྒོད་དེ། ཉིན་མཚན་ལྟོས་མེད་ངང་ཐ་སྙད་ཀྱི་རལ་གྲི་རྡོར་གྱིན་པའི་དཔའ་བོ་དེ་ཡིན་པ་ཤེས་དགོས་སྙམ།《ཤི་གསོན》ནི་མྱོང་ཚོར་གྱི་ཟོལ་དུ་སྦྱར་ཅིང་། དེ་ཡང་ང་ཡི་མཐོང་སྣེ་སྟེ་ང་ལས་རིམ་གྱིས་ཕྱི་ལ་འཁྱར་བའི་ཐབས་ཚུལ་བེད་སྤྱོད་ཀྱིས་ངས་བལྟས་པའི་ཚོར་འདུ་དག་བརྗོད་པ་ལས། གློག་བརྙན་ལ་ལེགས་ཉེས་ཀྱི་དབྱེ་འབྱེད་བྱས་མེད་ཕྱིར།  ང་ཡི་མཐོང་སྣེ་དང་ང་ཡི་ཚོར་འདུ་བརྗོད་པས་ཆོག་པ་རེད།  ལན་རེར་ང་ཚོས་ཅི་དང་གང་ལའང་རྣམ་དཔྱོད་ཀྱི་རལ་གྲི་ཕྱར་ཏེ་ལེགས་ཉེས་ཀྱི་བགོ་བཤའ་རྒྱག་པ་ལས“ཉན་ཐོས”ཀྱི་ཚུལ་དུ་མིག་ཡིད་རྣ་བ་དག་ཀྲོག་ཀྲོག་གེར་ཞིབ་ཀྱིས་བླགས་ན་ཕ་རོལ་པའི་སེམས་པ་དང་ཐག་ཉེ་བར་བསྙེན་ཐུབ་ཅིང་ཚོར་ཤེས་ཀྱི་རྦ་རླབས་རབ་ཏུ་བསྐྱོམ་ངེས་པས་ན། སྙན་ངག་པ་ཁོ་ཡང་ཉན་ཐོས་པ་ཞིག་གི་ཚུལ་དུ་གློག་བརྙན་གྱི་འཕར་འཇགས་དང་བསྟུན་ནས་ཚོར་བ་འཕར་ལྡིང་བྱེད་ཀྱིན་པ་དེ་ཉིད་ཚིག་གི་སྐུད་པར་བརྒྱུས་པ་རེད།  ཚོར་བ་དེའང་དཔྱད་པ་ལས་བྱུང་བ་མིན་པར་བལྟས་པ་ལས་བྱུང་བ་རེད། ཡང་གཅིག་བཤད་ན་མྱོང་ཚོར་དེ་ནི་གློག་བརྙན་གྱི་ཁ་སྐོང་དུ་གྱུར་ཏེ་འཁྲབ་ཁྲིད་པའི་ནང་སེམས་ལ་བསྙབས་པ་རེད།  དེ་ནི་དོན་ངོ་མར་རང་སེམས་ལ་སྙོབ་སྟངས་ཤིག་རེད། 《ད་ནས་བཟུང》ཞེས་པ་ལས་སྙན་ངག་པས་ནམ་མཁར་སོ་ལྟ་མི་བྱེད་ཅེས་སྨྲས་པའི་རྒྱུ་རྐྱེན་ནི་འབྱུང་འགྱུར་གྱི་ལོ་རྒྱུས་ལ་ངང་སྒུག་བྱས་པས་ཡིན་ཞེས་རང་ཉིད་ཀྱིས་མིའི་རིགས་དང་མི་རིགས་ལ་བསྒྲགས་པའི་ཐ་ཚིག་ཅིག་ཏུ་གྱུར་ཡོད་པར་མ་ཟད། “བྱ་གླག་གིས་བདེ་སྐྱིད་བསྐྱལ་པ”དང“རི་རབ་ཀྱིས་མགོ་བོ་བསྒུར་པ”དང་།  “སྤྲིན་པ་གཞན་དབང་གི་རླུང་ཁར་འཕྱོ་བ”སོགས་ནི་རང་ཉིད་ཀྱིས་ཇི་ལྟར་བསམས་པའམ་ལྟ་བཞིན་པ་དག་ལ་ཕྱི་ཡུལ་གྱི་བྱ་དངོས་བཅོལ་ནས་སྨྲས་ཡོད་དེ་སྙན་ངག་གི་སྤྲོས་བརྗོད་དག་བརྗོད་དོན་གྱི་དཔེ་རུ་གྱུར་ཡོད་པས་རེད། དེ་ལྟར་འདས་ཟིན་གྱིས་བཙགས་པའི་ད་ལྟ་བ་དང་བཅས་པ་གང་ཡིན་རུང་སྙན་ངག་པའི་ཞེ་ལ་མ་བབས་པས་འབྱུང་འགྱུར་ལ་ངང་སྒུག་བྱེད་དགོས་བྱུང་བ་ཡིན། ང་ཚོར་སུན་གཙེར་གྱིས་གདུང་དུས་བྱོལ་ས་དང་སྐུང་ས་ཞིག་ཡོད་པ་ནི་འདས་ཟིན་གྱི་གད་སྐྱིབས་ཡིན་པ་ལས་ད་དུང་འབྱུང་འགྱུར་ཞིག་ཡོད་པ་བརྗེད་ངེས་སུ་གྱུར་ཡོད་པ་འདྲ་སྟེ་སྙན་ངག་གི་ཁྱབ་ཁོངས་སུའང་འདས་ཟིན་ལ“ལོག་པ”ལས་འབྱུང་འགྱུར་ལ“སྐྱོད་པ”ཡི་ཆ་དེ་རི་བོང་གི་རྭ་ལྟར་གྱུར་ཡོད་པས། སྙན་ངག་འདིས་དེ་ལྟའི་ཆ་ནས་གསར་བསྒྱུར་ཐེངས་ཤིག་བྱས་ཡོད་སྙམ།

དེ་བཞིན《གཞས་ཤིག་བཏང་ན་ཨེ་ཆོག》ཅེས་པ་ལས་ཀྱང་ང་ཡིས་བསམས་པ་དག་ཐད་ཀར་བརྗོད་ཡོད་ཅིང་།  བསམས་ཤིང་སེམས་པ་དེ་ནི་རང་ཉིད་ཀྱི་འདུན་པ་ཡིན་ཏེ། “ཁྲོན་པར་ལྷུང་བའི་ཟླ་བ་དང་འདྲ། འཇིག་རྟེན་གྱི་ཡིད་དུ་འོངས་པ་དག་ལའང་དགའ་བ་ཆེར་མེད་པ། རང་གི་གྲིབ་མར་བལྟས་ནས་བྲིས་པ་དག་རླུང་བུ་ཡིན་ན་བསམས”ཞེས་པ་འདི་དག་གིས་སྙན་ངག་པའི་སེམས་ཁམས་གསལ་སྟོན་བྱས་ཡོད།  བལྟས་ཚོད་ལ་སྙན་ངག་འདིའི་སྒྱུ་རྩལ་གྱི་ཆ་ཞན་ཙམ་ཡོད་ནའང་མཇུག་གི་ཚན་པ་དེས་སྙན་ངག་གི་སྒྱུ་རྩལ་བླ་རུ་གདེངས་ཏེ་སླར་ཡང་སྙན་ངག་གི་མགོ་མཇུག་བར་གསུམ་ལ་རིམ་བརྒྱུད་བྱེད་དུ་བཅུག་ཡོད། བརྩམས་ཆོས་གང་ཞིག་ཡིན་རུང་སྐད་ཆའི་སྤྲོས་པ་མཐའ་དག་ནི་སྒྱུ་རྩལ་དུ་མི་འགྲོ་བར་ཁ་ཅིག་སྒྱུ་རྩལ་གྱི་རྨང་དུ་འགྲོ་བ་ཡིན་ཞིང་རེ་གཉིས་ཤིག་ད་གཟོད་སྒྱུ་རྩལ་གྱི་ཁྱད་ཆོས་སུ་བགྲངས་པ་ཡིན་ཏེ། དཔེར་ན་རི་མོ་དང་སྒྱུ་མ་མཁན་གྱི་རྩལ་ལྟ་བུའོ། །  དེ་བས་སྙན་ངག་འདིའི་གཞི་འབབ་སའང“……གཞས་ཤིག་བཏང་ན་ཨེ་ཆོག”ཅེས་པའི་ཚན་པ་དེ་ཡིན་ཞིང་གཞན་དག་ནི་ཟུར་བརྒྱན་འབའ་ཞིག་ཏུ་གྱུར་ཡོད། སྙན་ངག་འདི་ལས་ང་ཚོས་སྙན་ངག་པའི་འུ་ཐུག་དང་གཏོད་བྲལ་ཞིག་ཚོར་ཡོང་བར་མ་ཟད། གཏོད་བྲལ་དང་འུ་ཐུག་འཇོམས་བྱེད་ཀྱི་སྙན་ངག་པའི་རེ་བཞག་ཀྱང་རྟོགས་ཐུབ། 《རྒྱལ་སྤྱིའི་ཕ་སྐད་ཉིན་མོར་ཕུལ་བ》དེ་ནི་ཉིན་མོ་འདིར་གཞི་བཅོལ་ཏེ་ཕ་སྐད་ལ་སྙན་ངག་པས་ཇི་ལྟར་བལྟས་པའི་ཚུལ་བསྙད་དེ“ནོར་བུ་རང་ལ་ཡོད་དུས་སུ་ནོར་བུའི་ནོར་ངོ་ཤེས་དགོས་པའི་རེ་སྐུལ་གྱི་ཅོང་བརྡ་སྦྲན་དེ“རྩོམ་རིག་གི་སློབ་གསོ་རང་བཞིན”ཤུགས་ཆེ་ནའང་དཔེ་འཇོག་ཉམས་དམས་པ་དང་རྟགས་གསལ་འདོན་སྟངས་ཅུང་ཟད་ཡང་མ་དག་པ་ཡོད་ཀྱང་།  རྩོམ་རིག་གིས་སྐད་ཆའི་གཏན་ཚིགས་སམ་རྟགས་དེ་དག་ལྟར་སྣང་ཡིན་མིན་ལ་དང་དོད་ཆེས་ཆེར་བྱེད་དགོས་མེད་ལ།རྗོད་བྱེད་ཀྱི་རྒྱན་གོས་ཅུང་ཞན་ནའང་བརྗོད་བྱའི་བུད་མེད་རང་བཞིན་གྱིས་ཡིད་དུ་འོངས་ཤིང་སྙན་ངག་པའི་ཡིད་སེམས་དེ་བས་ཀྱང་སྙིང་དུ་སྡུག་པས་རྗོད་བྱེད་ཀྱི་ཐད་ནས་ཆམས་སུ་བཞག་ཆོག་སྟེ།རྗེ་རིན་པོ་ཆེ་ཡིས“ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང་། །”ཞེས་བཏང་སྙོམས་སུ་བཞག་ཆོག་པར་གསུངས་ཡོད་ལ་ཨ་ལགས་དོར་ཞིའི《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས》ལས་ཀྱང་དེ་དང་ཆ་འདྲ་བར་གསུངས་ཡོད། དེ་བཞིན་དུ《སྨུག་པའི་ནང་གི་བུ་མོ》ཞེས་པའང་སྙན་ངག་པས་ལྷན་ཐབས་ཀྱི་དོད་དུ་སྨྲས་པ་ལྟར་སློབ་བྱོལ་སློབ་མ་ཞིག་ལ་བྲིས་པ་ཡིན་ཞིང་།  དེ་ལས་བུ་མོ་དེའི་འཇོན་ནུས་སམ་ཁྱད་ཆོས། དེ་དང་ལུ་གུ་རྒྱུད་དུ་བྱུང་བའི་མཇུག་འབྲས་དག་བྲིས་ཡོད་པར་མ་ཟད། བུ་མོ་དེའི་ལས་དབང་ནི་སྨུག་པ་ནང་བཞིན་རབ་རིབ་སྒོས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་ནའང་སློབ་བྱོལ་བྱས་པ་ན་དེ་བས་ཀྱང་སྨུག་པ་གཉིད་སོང་ཟེར་བའི་བརྗོད་པ་འདིས་བུ་མོ་དེའི་ལས་དབང་ནི་རྦད་དེ་ཁ་ཕྱོགས་མི་ངེས་པའི་སྨུག་པའི་ཁྲོད་དུའམ་གནས་པའམ་སྨུག་པ་ཇི་བཞིན་ནམ་ཞར་ཡང་རབ་རིབ་ཏུ་འགྱུར་བར་བསྟན་ཅིང་། མོ་ལོ་བཅོ་བརྒྱད་ནི་ཁ་དོག་ཡིན་ནམ་ཞེས་པ་དེས་སྙན་ངག་པའི་ནང་སེམས་ཀྱི་སྐྱོ་གདུང་རྗེན་ནེར་མཐོང་བཏུབ་པར་མ་ཟད། ང་ཚོའི་ཡིད་སེམས་ཀྱང་སྐྱོ་གདུང་གི་སྨུག་པ་སྟུག་པོ་ཞིག་གིས་བཏུམས་པར་བྱས་འགྲོ་བས་འདི་ནི་སྙན་ངག་གི་སྐད་ཆའི་ནུས་པ་རེད། སྙན་ངག་གི་སྐད་ཆའི་ནུས་པ་ནི་སྙན་ངག་ཧྲིལ་པོའི་སྟེང་ནས་མངོན་ཏེ་བོར་དཀའ་ནའང་བཙོ་སྦྱངས་བགྱིས་པའི་སྐད་ཆ་རེ་གཉིས་ཤིག་ལས་མངོན་པར་འབད་ན་འགྲིག་སྟེ།  སྙན་ངག་ཧྲིལ་པོ་ཞིག་ཁོང་དུ་ཆུད་ཁག་ཀྱང་སྐད་ཆ་རེ་གཉིས་ཤིག་ནམ་དུ་ཡང་ང་ཚོའི་སེམས་ངོར་འཐས་ཡོད་ལ་སྐད་ཆ་རེ་གཉིས་ཤིག་གིས་ནམ་དུ་ཡང་ང་ཚོའི་སེམས་ཁམས་ལྕུག་ལྕུག་ཏུ་སྒུལ་བཞིན་ཡོད་པ་མ་ཡིན་ནམ།  དེ་ནི་ད་གཟོད་སྙན་ངག་གི་སྐད་ཆའི་ནུས་པ་རེད་ལ་དེ་ནི་ད་གཟོད་དོན་དམ་གྱི་སྙན་ངག་གི་སྐད་ཆ་རེད།  དེ་ལྟ་བུའི་སྙན་ངག་གི་སྐད་ཆ་ནི་བརྒྱ་ལམ་ཙམ་ན་རེ་གཉིས་ཤིག་ལས་མ་མཆིས་ཀྱང་ང་ཚོས་དེ་ལྟ་བུའི་སྙན་ངག་གི་སྐད་ཆ་རྙེད་པར་འབུངས་དགོས་པར་བསམས།  ཆེས་མཐའ་མའི་ཚིག་རྐང་གཉིས་པོ་དེས་སྙན་ངག་པའི་སྐྱོ་གདུང་གི་སེམས་ཁམས་དང་སེམས་ཁྲལ།  སྐྲག་སྣང་། བུ་མོའི་དེས་བསྐྱེད་པའི་མཇུག་འབྲས་གཉིས་ཆུ་ལ་ཆུ་བཞག་གི་གནས་སུ་འཕོས་སུ་བཅུག་ཡོད་པས། ང་ཚོ་ལ་འདང་རྒྱག་རྒྱུ་མང་པོ་ཞིག་གི་སྐལ་བཀྲམ་ཡོད།  《ཁྱིམ་བདག་ཅིག་གིས་སྡིགས་པ》ཞེས་པ་ནི་གཏམ་གླེང་གི་ཚུལ་དུའམ་དྲང་བརྗོད་ཀྱི་ཚུལ་དུ་ཡུལ་བྱེ་བྲག་གམ་ཡོངས་ཁྱབ་ཀྱི་སློབ་གསོའི་གནས་བབ་ཅིག་བརྗོད་ཡོད་པས་གོ་ཁག་པོ་མིན་མོད།  འོན་ཀྱང་འདི་ལྟའི་སྙན་ངག་གིས་ཀློག་པ་པོ་ལ་གོ་བརྡ་སྤྲོད་པ་མིན་པར་ཀློག་པ་པོས་ཕར་ལ་ཚོད་དཔག་གིས་གོ་བརྡ་སྤྲོད་པའམ་ཕར་ལ་སྲོག་བསྩལ་དགོས་པ་ཡིན་ཞིང་། འདི་ལྟའི་ངལ་གསོའི་སྙན་ངག( 闲适诗)ལྟ་བུ་དང་ཁ་བརྡ་སྙན་ངག(对话诗)ལྟ་བུ་ལ་རྒྱའི་དཔྱད་བརྗོད་པ་སྐོར་ཞིག་གིས་སྐྱོན་མཚང་སྔོག་གིན་ཡོད་མོད། ཁ་ཅིག་གིས་ཐང་གི་སྙན་ངག་པའི་ཁྲོད་དུའང་ངལ་གསོའི་སྙན་ངག་འབྲི་མཁན་ཡོད་པ་གང་ཞིག་བྲིས་པའི་སྙན་ངག་གི་ཆུ་ཚད་རྩེར་སོན་པའང་ཡོད་པས་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་མི་རིགས་ཟེར་མོད། འོན་ཀྱང་བརྗོད་བྱ་ཇི་ལྟར་མཛེས་སྡུག་ཡིན་ཡང་། བརྒྱ་ལ་འདི་ལྟའི་སྙན་ངག་གི་འབྲི་ཐབས་ལ་རྩེ་གཅིག་ཏུ་གཞོལ་ན་སྙན་ངག་གི་ཚིག་སྦྱོར་གྱི་མཛེས་སྡུག་རྒུད་པའི་ཕྱོགས་སུ་གྱུར་ཏེ་ཚབས་ཆེ་བའི་དོན་རྐྱེན་ཞིག་ཏུ་འགྱུར་མི་འགྲོ་གྲང་།

མདོར་དྲིལ་ན། ཁོའི་སྙན་ངག་དག་གི་ཁྲོད་དུ་ལེགས་བཤད་ཀྱི་སྡོམ་ཚིག་ལྟ་བུ་འདུག་མོད། དེ་འདྲ་སྙན་ངག་ལ་མི་རུང་བ་མེད་ནའང་། མི་རྣམས་ཀྱི་ཡིད་སེམས་གུལ་གུལ་དུ་འཁྱོམ་བྱེད་ནི་གཏམ་རྒྱུད་དང་ཚོར་བ།  བརྩེ་དུང་བཅས་ཡིན་པ་ལས་གནས་ལུགས་ཀྱིས་མི་སེམས་སྒུལ་དཀའ་བ་ཡིན་ཞིང་། “རྩོམ་རིག་གིས་ཀློག་པ་པོ་གསང་བའི་ཕོ་བྲང་དུ་འཁྲིད་བར་བྱེད་ཅིང་ཤེར་རྟོགས་རིགས་པས་ཀློག་པ་པོ་ལ་གསང་བའི་ཕོ་བྲང་ནས་ཕྱི་ལོག་ཏུ་ཇི་ལྟར་ཐོན་ཚུལ་བརྗོད་པ་ཡིན”ཟེར་བས་འདི་ལྟའི་སྡོམ་ཚིག་ལྟ་བུའི་སྐད་ཆ་རེ་གཉིས་ཀྱིས་སྙན་ངག་གི་ཁམས་ཆུང་དུ་གྱུར་པའམ་སྙན་ངག་གི་སྒོ་གླེགས་གཏན་ཏེ་ཀློག་པ་པོ་སྙན་ངག་གི་གཡེལ་ཆེ་བའི་གཞལ་ཡས་ཁང་དུ་འགྲོ་དཀའ་ཞིང་སྙན་ངག་གི་སྒོ་གླེགས་རྡུང་མ་ཉིད་ལ་རྒྱང་དུ་སྤྱུགས་ཏེ་སྙན་ངག་དང་ཉེ་བར་བཅར་དཀའ་བ་ཡིན། དེ་ལྟར་སྙན་ངག་པས་རང་ཉིད་ཀྱི་སེམས་འགྱུ་ཕྱི་རོལ་གྱི་བྱ་དངོས་ལ་འཕོས་སུ་བཅུག་ཡོད་པ་ལས་ཕྱི་རོལ་གྱི་བྱ་དངོས་ལ་རང་ཉིད་ཀྱི་སེམས་འགྱུ་གླན་པའམ་དེ་ལ་ཇི་ལྟར་བལྟས་ཚུལ་བྲིས་མེད་སྟབས། སྙན་ངག་པ་རང་ལ་མཚོན་ན་སྙན་ངག་གི་ས་ལམ་ཟིན་པ་རེད་ལ། སྙན་ངག་རང་ལ་ཆ་བཞག་ནའང་སྙན་ངག་ལེགས་འགྲུབ་བྱུང་བའི་རྐྱེན་དུ་གྱུར་འདུག  འདི་ལྟའི་ཕྱི་དབྱིབས་གྲ་དག་ཅིང་ནང་གི་བསྟན་དོན་ཡང“ཆུ་དྭངས་ཉ་མོ་བཞིན”དུ་གྱུར་ཡོད་པ་ནི་ང་ཡི་སེམས་འགྱུ་དེ་ཕྱི་རོལ་བྱ་དངོས་ལ་དཔེ་བཞག་པ་ལས་ཕྱི་རོལ་བྱ་དངོས་མཐོང་བའི་རྗེས་ཀྱི་ང་ཡི་སེམས་ཚོར་ལས་བྱུང་བ་མིན་ལ། ང་ཚོས་གོང་གི་ཟམ་རྟེན་དང་ཟམ་རྔུར་ལྟ་བུའི་སྙན་ངག་གམ་ཐ་སྙད་ཀྱི་ཟམ་པ་བརྒལ་པ་ན་སྙན་ངག་པས་འཚོ་བའི་སྣ་སྒོ་མོ་ལ་སེམས་ཀྱིས་འཚོ་བཞིན་པའི་ནང་སེམས་ཀྱི་འཇིག་རྟེན་ཏེ་སྐྱོ་གདུང་དང་སེམས་ཁྲལ། འུ་ཐུག་དང་རེ་སྨོན་སོགས་མཐོང་ཐུབ་ཅིང་།  སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་ལ་འཐམས་ཚུལ་ནི་སྙན་ངག་བཀླགས་པའི་ཆེས་མཇུག་མཐའི་འབབ་སྟེགས་སམ་ཆེས་མཐོ་བའི་སྙན་ངག་བཀླགས་པའི་ཚད་གཞི་ཡང་ཡིན་པས།  ང་ཚོས་ནམ་ཡང་སྙན་ངག་ཁོ་ནར་མི་དཔྱད་པར་སྙན་ངག་གི་ཐེམ་སྐས་ལ་བརྟེན་ཏེ་སྙན་ངག་པའི་ནང་སེམས་ལ་བསྐྱོད་རྒྱུའང་བཏང་སྙོམས་སུ་འཇོག་མི་རུང་ཞིང་། སྙན་ངག་དེ་དག་བཀླགས་པ་ལས་ངས་ཐོ་རེངས་གཞན་ཞིག་མཐོང་བའམ་ཡང་ན་དོན་ངོ་མའི་ཐོ་རེངས་མཐོང་སོང་ཞེས་བརྗོད་ཆོག་གོ། །

2017ལོའི་ཟླ5པའི་ཚེས8ཉིན་ཞི་ཨན་ནས་སྦྱར།   

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།