ཀྲུང་གོ་བོད་ཀྱི་དྲ་བ།

ཐོ་རེངས་ཀྱི་ཉེ་བྲིས་སྙན་ངག་འགའི་བཀླགས་ཚོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (ཟི་ལིང་།)སྒྲེན་པོ།    སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཟའ་མཇུག་གི་བར་གླགས་འདི་དང་བསྟུན་ནས་ཐོ་རེངས་ལགས་ཀྱི་ཉེ་བྲིས་སྙན་ངག་འགའ་བཀླགས་པ་ན། མྱོང་བཤད་ལྟ་བུ་ཞིག་ངང་ངམ་ཤུགས་ཀྱིས་འབྲི་འདོད་སྐྱེས་པ་ལ་རྐྱེན་བྱས་ཏེ་གཤམ་གྱི་ཚིག་དང་ཐ་སྙད་ཀྱི་དཔུང་འདི་བསྐྱེད་པ་ཡིན།  སྤྱིར་ན་སྙན་ངག་ལ་འགྲེལ་བསྐྱོན་དཀའ་ཞིང་དཔྱད་བརྗོད་སྤེལ་རྒྱུ་ནི་ཕྱོགས་གཅིག་ནས་བསམ་ན་དགོས་མེད་ཀྱི་དོན་འབའ་ཞིག་ཏུ་འདོད། རྒྱུ་མཚན། སྙན་ངག་ནི་སེམས་དོན་རིགས་ཤིག་གི་འགྲེལ་བརྗོད་མ་ཡིན་ལ། གཏན་ཚིགས་རིགས་ཤིག་གི་འགྲེམ་སྟངས་ཡང་མ་ཡིན།དེ་ནི་ཤེས་རྟོགས་ཁོ་ན་དབང་བཙན་པོར་བྱས་ཏེ་བསྒྲུབས་པའི་ཤེར་རྟོགས་རིག་པ་དང་ནང་བསྟན་མཚན་ཉིད་རིག་པ་ལྟ་བུ་ནི་དེ་བས་ཀྱང་མ་ཡིན། འོ་ན་དོན་དམ་སྙན་ངག་ཅེས་པ་ཇི་ལྟ་བུ་ཞིག་རེད་ཅེ་ན་དེ་ནི་རྨི་ལམ་ཆ་ཚང་ཞིག་གི་ཟུར་ངོས་རེ་རེ་མངོན་ཚུལ་ཞིག་གམ་ཡང་ན་ཀུན་རྟོག་གི་བླ་བྲེ་ནམ་མཁའ་མཐའ་དབུས་མེད་པའི་ཀློང་ནས་རབ་ཏུ་འབྱམས་པར་བྱས་པ་ཞིག་ཡིན།

དེ་ལ་དམིགས་ས་འདི་ཞེས་མཛུབ་མོ་འཛུགས་ས་ཞིག་མེད་ཅིང་བསྟན་དོན་འདི་ཞེས་དམར་རྗེན་མ་ཞིག་གུད་དུ་སྟོན་རྒྱུ་མེད།དེ་ལ་དཔྱོད་ཤེས་ཀྱི་གཏན་ཚིགས་ཚ་བོའི་གཅུན་སྡོམ་མི་མཁོ་ཞིང་བརྡ་དོན་གྱི་མངོན་སུམ་ཚད་མའི་དཀྱུ་སྟངས་མི་མཁོ། དེ་ལ་མཁོ་བ་ནི་ཀུན་རྟོག་གི་འགྱུ་ཤུགས་དང་རང་བཞིན་གྱིས་གྲུབ་པའི་སྤོབས་པ། ཁམས་གསུམ་འཁོར་བ་ཐ་སྙད་ཀྱི་ལུགས་གོང་ཁྲོད་རྡུལ་དང་མ་འདྲེས་པར་གཙང་མ་རུ་བརྫི་ཐུབ་པའི་འཆར་སྒོ་ཡངས་མོ་བཅས་མཁོ། སྙན་ངག་ལེགས་པོ་ཞིག་ཡིན་ན་སྙན་ངག་པ་དེའི་ཡིད་ལ་བརྣགས་ཡུན་རིང་བའི་མ་བཤད་ཐུ་མེད་ཀྱི་ཚོར་སྣང་གང་རུང་ཞིག སྐད་ཅིག་མའི་ཚོར་རླབས་ཤིག་ཤིག་གཡོས་པ་ལ་རྐྱེན་བྱས་ཏེ་བྲིས་པ་ཞིག་ཅིས་ཀྱང་ཡིན་དགོས། ཆ་རྐྱེན་དེ་འདྲའི་འོག་ཐོན་པའི་སྙན་ངག་ལ་ད་གཟོད་རྩོམ་མཁན་གྱི་གཤིས་ཀས་བརྒྱན་ཅིང་དངོས་བརྒྱུད་ཀྱི་མྱོང་སྟོབས་ཀྱིས་ཕྱུག་ཡོད། དེ་ནི་གཞན་གང་གིས་ཀྱང་མ་ཡིན་པར་སྙན་ངག་པ་རང་གི་དགའ་སྐྱོ་ཆགས་སྡང་གདངས་སུ་འཕོས་པ་ལས་བྱུང་བའི་མ་བཅོས་རང་བྱུང་གི་ཐོན་དངོས་རེད། བརྩམས་ཆོས་དེ་འདྲ་ལ་ད་གཟོད་སྙན་ངག་པའི་ཚེ་ནོམ་དང་རྣམ་ཤེས་ཀྱི་འོད་ཟེར། ཚེ་སྲོག་གི་མངར་ཁ། རང་བྱུང་གི་དགའ་མ་བཅས་སུ་བསྙད་ཆོག

འདིར་གླེང་བར་བྱ་བའི་ཐོ་རེངས་ལགས་ཀྱི་ཉེ་བྲིས་སྙན་ངག་དེ་དག་ནི་ཁོའི་ཚེ་སྲོག་གི་ལྗོན་རྩ་ནས་ངང་གིས་རྒྱས་ཏེ་རྣམ་ཤེས་ཀྱི་ལྷུམས་སུ་འཁྱིལ་ཡུན་རིང་བའི་ཤ་ཁྲག་གི་ཕྲ་ཕུང་རེ་རེའི་དགའ་སྐྱོ་ཆགས་སྡང་མ་ལུས་ཚིག་དང་ཐ་སྙད་ཀྱི་སྲད་བུར་བརྒྱུས་ནས་འུ་ཅག་གི་གཟིགས་མོར་བཀྲམ་པ་དང་འདྲ་བོ་འདུག སྙན་ངག་འདི་དག་ནི་ཁོའི་སྔོན་ཆད་ཀྱི་ཆགས་སྡང་ཁོ་ནས་བརླམས་པའི་ཚིག་དང་ཐ་སྙད་ཀྱི་ཚོགས་པ་དེ་དག་དང་ཡེ་མི་འདྲ་བར། རང་གི་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མ་སྲོག་ཏུ་བཟུང་ནས་བྲིས་ཡོད་པས། ཉེ་བྲིས་སྙན་ངག་འདི་དག་ཁོའི་གྲིབ་མས་ཟིན་ཡོད་ཅིང་ཁོའི་འཚོ་བས་བཟུང་ཡོད། ཁོས་སྔོན་ཆད་བྲིས་པའི་སྙན་ངག་མི་ཉུང་བ་ཞིག་ལ་ཚོར་བ་ཁོ་ན་དབང་བཙན་པོར་བྱས་ཏེ་འཚོ་བའི་མངར་ཁ་གཞིབས་པའི་ནུས་པ་འཁོས་ཞན་དུ་བཏང་ཡོད་འདྲའི་མྱོང་བ་བཅོས་མིན་དུ་སྟེར་ནའང་། ཉེ་བྲིས་སྙན་ངག་འདི་དག་བཀླགས་པ་ལས་རྟོགས་ཐུབ་པ་ནི།དེང་གི་ཁོའི་གསར་རྩོམ་བྱེད་སྐབས་ཀྱི་སེམས་ཁམས་དེ་ནི་ཚོར་སྣང་མེད་ན་གསར་རྩོམ་བྱེད་མི་བཏུབ་པ་དེ་འདྲ་མ་ཡིན་པར།ཚོར་བའི་ཕན་ན་དངོས་བརྒྱུད་ཀྱི་མྱོང་བ་སྲོག་ཏུ་བྱས་ནས་གྲུབ་པའི་སེམས་དོན་ཕྲ་ཞིང་ཕྲ་བ་མི་ཉུང་བ་ཞིག་བག་ཆགས་ཀྱི་གཏིང་རུམ་ན་སྦས་སྐུང་བྱས་ཡོད་པ་ཚོར་སྣང་དང་མྱོང་སྣང་བསྣོལ་བསྡེབས་ཀྱིས་རམ་བུ་བཏེགས་ནས་དཀྲུགས་དཀྲུགས་གནང་སྟེ་རྟོག་པའི་ཆུ་ཁར་ཡེངས་ཡེངས་ཐོན་པར་བྱེད་ལ་བྲེལ་བཞིན་པ་དེ་འདྲ་རེད་པས།འདི་ནི་གསར་རྩོམ་པ་ཞིག་ལ་མཚོན་ནས་བཤད་ན་ཐོག་མའི་ཚོར་བ་དང་དགའ་ཞེན་ཁོ་ནར་རྐྱེན་བྱས་ཏེ་རྩོམ་རིག་གི་གྲུ་བོར་ཞུགས་པ་ནས་མཐར་རྩོམ་རིག་ཅེས་པ་རང་ངོས་ནས་འདི་འདྲ་ཞིག་རེད་སྙམ་པའི་མོད་ལ།དེར་ཡིད་གདེང་འཁེལ་བའི་ངོས་ནས་ཧམ་པས་འཇུག་གིན་པའི་ཐོད་བརྒལ་ལེགས་པོ་ཞིག་ཏུ་འདོད། འདི་ནི་ལེགས་ཆ་རེད།

སྐྱོན་ཆ་ལྟ་བུ་ཞིག་གླེང་ན།སྙན་ངག་འདི་དག་ཚང་མས་སེམས་ཀྱི་དམར་དམར་པོ་བཤད་ཨེ་ཐུབ་ལ་སེམས་ཁྲལ་གྱིས་ནོན་ཡུན་རིང་ནས།ཚིག་གི་ལྡ་ལྡི་འཐེན་ལུགས་ཀྱིས་རྟོག་པའི་ཕང་ཕུང་ཆེན་པོ་ཞིག་བསྐྱེད་མ་ཐུབ་པ་ནི་ཕངས་སེམས་སྐྱེས་པ་ཞིག་རེད། ཚོར་བའི་འཕར་འཇགས་ཀྱི་ཆ་དེ་ཚོར་སྣང་རིས་སུ་འགྲེལ་ན་འདོད་པའི་ཧམ་ཤེད་ཀྱིས་ཀོ་རློན་མེ་ལ་བསྲེགས་ན་མཐའ་བཞི་ངང་གིས་བསྟུངས་པ་བཞིན་སྙན་ངག་གི་ཁམས་ཉམས་དམས་སུ་བཏང་འདུག་སྙམ། སྙན་ངག་ནི་བྱུང་རིམ་ཆ་ཚང་ཞིག་ལ་བརྟེན་ནས་དོན་དག་ཅིག་ཀློག་པ་པོར་འགྲེལ་བརྗོད་བྱེད་དགོས་པ་དེ་འདྲ་གཏན་ནས་མ་ཡིན་པར།རང་གི་རྟོག་འགྱུ་རྒོད་པའི་འཕྲུལ་ཤུགས་ལ་བརྟེན་ནས་སྣང་བ་འཕྱོ་ཞིང་ལྡེམ་པའི་རླབས་རིས་ཡམ་ཡོམ་དེ་ཅིས་ཀྱང་མཁོ་བ་ཡིན། མདོར་དྲིལ་ན་སྙན་ངག་ལ་མཁོ་བའི་ཚོར་བའི་འཕར་ལྡིང་གི་ཆ་དེ་ནི་རོལ་དབྱངས་གི་སྒྲ་རླབས་ཕྱོགས་དང་ཕྱོགས་སུ་མཆེད་པ་བཞིན་ཁ་ཕྱོགས་ངེས་མེད་དང་དུས་ངེས་མེད།དམིགས་ས་ངེས་མེད་ཅིག་ཡིན་ན་ཤིན་ཏུ་འགྲིག་སྙམ།དེ་འདྲའི་སྙན་ངག་གིས་གཞི་ནས་ཁྱེད་རང་མཚོན་དོན་མེད་པའི་ནགས་ཀློང་ཞིག་ཏུ་འཁྱར་བཞིན་པའམ་ཡང་ན་འགྲེལ་བརྗོད་དཀའ་བའི་རྨི་ལམ་གྱི་ཕུག་པ་རིང་མོ་ཞིག་ཏུ་འགྲིམ་སྣང་སྟེར་ཐུབ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།