ལོ་ཟླ་ནི་གཙང་པོ་བཞིན།

ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་ནས་ནམ་ཡང་གསུབ་མི་ཐུབ་པ་ནི་བྱིས་དུས་ཀྱི་རྨི་ལམ་དང་མཚར་སྡུག་གིས་བཞེངས་པའི་ནར་སོན་གྱི་ལོ་ཟླ་ཡིན།བྱིས་དུས་ཀྱི་རྨི་ལམ་ནི་ངའི་སྙིང་ཁོང་གི་གཤོག་པ་ཆ་གཅིག་ཡིན་ལ།དེར་མཐོ་དམན་དང་ཤོང་རྒྱ་སོགས་འཛེམ་དོགས་ཅི་ཡང་མེད་པར་རང་དབང་གི་ཁོར་ཡུག་ཅིག་ནས་མི་ཚེ་ལ་མཚར་སྡུག་གི་གཤོག་པ་སྤྲད་ཆོག  དྲིན་ཆེན་ཕ་མ།དགེ་བའི་བཤེས་གཉེན་དམ་པ།སྙིང་ཉེ་བའི་ཕུ་ནུ་སྤུན་མཆེད།ལས་མཐུན་སློབ་གྲོགས།བློས་ཐུབ་གྲོགས་པོ་སོགས་ཚང་རྩིས་བརྒྱབ་ཆོག་ལ།དོགས་སྣང་ཅི་ཡང་མེད་པར་སྙིང་ཁོང་གི་སྐད་ཆ་རྗེན་པོ་དེ་ལྷུག་པོར་བརྗོད་ཆོག  འོན་ཀྱང་།ངས་འཚོ་བར་བཟུང་བའི་དགའ་མོས་དང་ ། གོམས་ལོབས་སུ་གྱུར་ཕྱོགས་སམ་དུས་ཀྱི་བཞུད་ཕྱོགས་ཀྱིས་ངའི་བློ་ཁོག་ཏུ་སྦུབས་པའི་དྲན་སྣང་།འཆར་ཡན་གྱི་བློ་རྒྱ།འུར་ཟིང་གི་རྩེད་ར་གྲུ་བཞི་ལ་མོས་པའི་ང་རང་འགྱུར་འདུག་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། ནར་སོན་གྱི་ལོ་ཟླས་ང་རང་ཚོ་བཅུ་དྲུག་ལང་ཚོའི་འདབ་མ་ཡོངས་སུ་རྫོགས་པར་བྱས་ལ།དེ་དུས། དྲིན་ཕ་མའི་བཤད་རྒྱུན་ཞིག་ལ།“བུ་རེ་བ་ཅན་ལ་རེ་བཞག །གོས་རི་མོ་ཅན་ལ་རྒྱང་བལྟས།།”ཞེས་བུ་ལོའི་མདུན་ལམ་འོད་ཟེར་ལྡན་པར་གྱུར་ཅིག་ཅེས་བརྗོད་མྱོང་ལ།དེ་དུས་སུ་ངས་ཀྱང་ངའི་ཕུ་ནུ་མིང་སྲིང་ཚོར་ལེ་བདའ་བྱེད་ཀྱིན་དུ།ངའི་ཕྲག་པར་བབས་པ་ནི་སློབ་སྦྱོང་ཡིན།དེ་ལས་གཞན་པའི་བྱ་བ་ཅི་ཡང་མེད་ཅེས་བརྗོད་མྱོང་།འོན་ཀྱང་མི་ལོ་ཉི་ཤུའི་སྐས་རྐང་དུ་བུད་པ་ནས་བཟུང་།ངའི་ཡ་ཆུང་ཁོག་ཏུ་སྦུབས་པ་ནི་དེ་དག་ལས་ག་ལ་ཚད།ད་དུང་།དྲིན་ཕ་མའི་འཛུམ་ཞལ་དང་དགེ་བའི་བཤེས་གཉེན་དམ་པའི་ཐུགས་བརྩེའི་འོག་ནས་རང་སྐད་རང་ཡིག་ལ་མཁས་པར་སྦྱང་དགོས་ལ།གཞན་པའི་རིག་གནས་ཀྱི་ཕུན་ཚོགས་ཡན་ལག་ནང་བྱན་ཆུད་པ་ཞིག་སྦྱང་དགོས་པའི་བློ་རྒྱ་ཞིག་བཅོས་མིན་དུ་སྐྱེས་བྱུང་།

ནར་སོན་གྱི་ལོ་ཟླའི་ལྟེབ་གཉེར་རེ་རེར་ངའི་མི་ཚེའི་མཚར་སྡུག་དང་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་མིང་ཐོ་ཡོད་ཅིང་།མིང་ཐོ་དེ་ནི་ང་དང་འདྲིས་ཆེ་བའི་ཤེས་ལྡན་རེ་རེ་དང་དྲིན་ཆེན་དམ་པ་རེ་རེར་འབྲེལ་ཡོད་ལ།ངས་འབྲེལ་ཐག་འདི་དམ་པོར་བཅིངས་ནས་དྲིན་ཆེན་ལ་དྲིན་བཟོའི་སྒོས་སྲིད་པའི་རྩེ་མོ་འདི་ནས་ལ་རྒྱ་ཅན་གྱི་སྐྱེ་བོ་ཞིག་ཏུ་འབད་པའི་བློ་བསམ་སྦྲུམ་མྱོང་།

ངའི་འདས་མ་ད་གསུམ་གྱི་ལོ་ཟླ་ནི་གཙང་པོ་བཞིན། གྲམ་གཞུང་དང་ཡངས་པའི་ཐང་། གཡང་གཟར་གྱི་འགག  གཤོངས་ཡངས་པའི་རྩྭ་ཐང་དང་བརྗིད་བརྟན་གྱི་གངས་རི་བསྐོར་ནས་ཡངས་པའི་རྒྱལ་ཁམས་བསྙེགས།སྟོད་ཀྱི་གངས་དཀར་ལྷུན་པོ། བར་གྱི་ནགས་ཀླུང་ཕྱུག་མོ། སྨད་ཀྱི་རྫ་རི་སྨུག་པོའི་གསེང་དུ་རྒྱུ་བའི་གཙང་ཆུ།ངའི་ལོ་ཟླའི་ལྟེབ་གཉེར་དུ་བཞུར་བའི་གཙང་ཆབ་སྔོན་མོ། མི་ཚེའི་བཤུལ་ལམ་རིང་མོ་གཙང་ཆུའི་འགྲོས་རྒྱུན་ཇི་བཞིན་བར་མེད་རྟག་ཏུ་རྒྱུ། དབྱར་གསུམ་ཆར་ཆུའི་འབབ་རྒྱུན།དགུན་གསུམ་གངས་དང་ཁ་བའི་ཉིང་བཅུད།སྟོན་གསུམ་སད་རླུང་གི་ཙག་ངར།དཔྱིད་གསུམ་ཁངས་ཆར་དྲོད་རླུང་གི་ལམ་གྲོགས། ངའི་གློ་སྙིང་མཆིན་གསུམ་གྱི་སྦུབས་སུ་ཐིམ་པའི་ཟུངས་ཁྲག་ལ་དྭངས་གསལ་བདུད་རྩི་མངར་མོས་མངར་ཁ་བླུད་པའི་གཙང་ཆུ།ངའི་གཞིས་ཁྱིམ་དྲོན་མོའི་ཕང་བར་འཁྱིལ་བའི་གཙང་ཆུ་ལགས། ཁྱེད་ནི་ངའི་སྐྱེ་རྒ་ན་འཆིའི་གཟུང་ཐག་གཅིག་ཏུ་གནས་ལ། ཁྱེད་ནི་ངའི་མི་ཚེའི་མདུན་ལམ་འོད་དུ་སྒྲོན་བྱེད་ཀྱི་གསེར་གྱི་ལྡེ་མིག་ཅིག་གམ་ཕ་གཞིས་གཡང་འཛིན་ཕྱུག་མོར་སྙན་པར་ཕུལ་བའི་བློ་སྤོབས་ཡིན། གཙང་ཆུ་ལགས། ཆུ་སྣ་སྟོང་ཕྲག་ལས་འདུས་པའི་གཙང་ཆུ། གཟར་བའི་ངམ་གྲོག་ལས་འབབ་པའི་གཙང་ཆུ། ཁྱེད་ཀྱིས་གཡང་ར་གྲུ་བཞིའི་རྟ་ནོར་ལུག་གསུམ་ལ་གཟི་སྟོབས་ཀྱི་མངར་ཁ་བླུད་ཡོད་པ་མ་ཡིན་ནམ། གཙང་ཆུ་ལགས། ངའི་ནར་སོན་གྱི་ལོ་ཟླའི་འགྲུད་ལམ་དུ་བཞུར་བའི་གཙང་ཆུ། ངའི་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་འདུ་བྲལ་ཁྱེད་ལ་བཅོལ་ཡོད། ངའི་འདུ་བྱེད་གཉིས་ཀྱི་བདེན་པ་ཁྱེད་ཀྱི་འགྲོས་རྒྱུན་དུ་ཕུལ་ཡོད། གཙང་ཆུ་ལགས། ངའི་བློ་ཁོག་གི་སྦུབས་སུ་ཐིམ་པའི་ཟུངས་ཁྲག་ནི་འབྱུང་གཞིའི་བླ་དང་སྲོག་ཡིན།

བྱིས་དུས་ཀྱི་འཚར་ལོངས་ཁྲོད།  ངའི་དྲན་པའི་ཁྲོད་དུ་ལུས་ཡོད་པ་ནི་བགྲེས་པོ་དག་གིས་མ་ཎི་ཆུ་འཁོར་གྱི་གམ་དུ་ལོག་སྟེ་བསིལ་ཆུ་སྙིམ་པར་བླངས་རྗེས་རང་ཉིད་ཀྱི་སྤྱི་གཙུག་ཏུ་ཐིགས་པའི་རྣམ་པ་ལས་རང་ཉིད་ཀྱི་སྡིག་སྒྲུབ་དག་པར་ངེས་ཞེས་པའི་བཤད་རྒྱུན་དེ་ཡིན། མ་ཎི་འཁོར་ལོའི་འགྲམ་གྱི་ལོ་ཟླ་དེ་དག་ནི་ཁོ་རང་ཚོའི་ཕྲེང་བར་བརྒྱུས་པའི་མ་ཎིའི་རང་སྒྲ་ཡིན།སྟོད་ཀྱི་འབྲོག་སྡེ་ཕྱུག་མོ།སྨད་ཀྱི་ཞིང་གྲོང་གི་འགྱུར་ཁུགས།བསོད་ནམས་ཞིང་གི་མི་རྣམས་ཀྱིས་མི་ཚེའི་མཚར་སྡུག་ལ་ཁ་དོག་གི་རི་མོ་འབྲི་བཞིན།མཛངས་མིའི་ལས་སུ་བྱུང་བའི་ཕུ་ཆུ་ཡུར་དུ་འདྲེན་པ་ཇི་བཞིན།ངལ་རྩོལ་གྱི་རྔུལ་ཆུའི་ཐིགས་པ་རེ་རེའང་འབྲུ་རིགས་སྣ་ལྔའི་རྩད་པར་ཟགས་ཡོད་ཅིང་།འབྲོག་པའི་ནོར་ལུག་གི་འཕེལ་ཁ།ཞིང་པའི་འབྲུ་མཛོད་ཀྱི་བང་ཁ་ཁྱེད་ལ་འབྲེལ།ལོ་ཐོག་ཟླ་རྩེག་གི་འགྲུལ་ལམ་བར་ནས་ངས་ཚེ་སྨོན་ལས་ཀྱི་བགོ་སྐལ་དང་།བསོད་ནམས་ཞིང་གི་བདེ་སྨོན་ལ་སྐྱབས་བཅོལ་བྱས།

ངས་ཀྱང་མི་ལོ་ཉི་ཤུའི་མིང་བྱང་འདི་གླེང་དུས།ཡུལ་སྡེ་ཕྱུག་མོར་འཚོ་ཞིང་གནས་པའི་འབྲོག་ཕྲུག་རྣལ་མ་དེ་དག་ཡིད་ལ་ཝ་ལེར་དྲན་བྱུང་།རང་དང་ལོ་ཚོད་མཉམ་པའི་ཟླ་བོ་དེ་དག་མཚོ་ཆུ་ཁར་རྩེན་པའི་ངང་ཚུལ་དེ་དྲན་བྱུང་།ཡིད་ཀྱི་དྲན་པར་བརྒྱུས་པའི་མཚར་སྡུག་གི་རྨི་ལམ་དང་།མཛེས་སྡུག་བཅུད་ཀྱིས་ཕྱུག་པའི་ན་ཆུང་བའི་འཚོ་བ་དེ་དྲན་བྱུང་།

ལོ་ཟླ་བཞུད་ཤུལ་དུ་ལུས་པའི་སྐྱིད་སྡུག་གི་འཚོ་བ་ནི་གཞོན་པ་ང་ཚོའི་སེམས་ཁོང་གི་འབོད་པ་དང་།རྒན་པ་ཚོའི་སྐྲ་ལོར་འཐམ་པའི་གཟི་འོད་དང་དཔྲལ་བར་འཁྱིལ་བའི་འོད་མདངས་དྭངས་མོ་ཡིན།ལོ་ཟླ་ཡི་བཞུད་ཤུལ་དུ།ངའི་ཕྱི་ནང་གསང་གསུམ་གྱི་གཟུགས་རིས། ཡ་ཆུང་མིག་གི་མཐོང་རྒྱ་དང་གོམ་སྟབས་རེ་རེའི་རྐང་རྗེས་ཡོད། གཞོན་སྐྱེས་སྐྱེ་བོ་ཞིག་གི་ཚུལ་དུ་འགྲེང་སྟེ། དབྱངས་གསལ་སོ་བཞིའི་དབྱངས་འགྱུར་ངག་ལ་གྱེར་བཞིན། བཅུ་ཕྲག་རིག་པའི་གནས་ལ་འཁྲེང་བཞིན། མི་ཚེའི་འོད་སྟོང་ལྡན་པའི་སྒྲོན་མེ་སྦར་བཞིན།ནར་སོན་གྱི་ལོ་ཟླ་འོད་སྟོང་འཕྲོ་བར་བྱེད་པའི་ཆོད་སེམས་ཤིག་ཡིད་སེམས་ཀྱི་གཏིང་མཐར་འཁྱིལ་མྱོང་།

ལོ་ཟླའི་གཙང་ངོགས་ནས་ངས་ཐོབ་ཤོར་གྱིས་བསླད་པའི་མགྲོན་པོ་བསུ་ཆོག་ལ།མ་འོངས་པའི་མདུན་ལྗོངས་ལ་རེ་ལྟོས་དང་མིག་རྒྱང་འཇལ་ཆོག  གཙང་པོའི་བཞུར་འགྲོས་སུ་ཐིམ་པའི་དགའ་སྐྱོ་འདྲེས་མའི་འཚོ་བར་ཚོན་མདོག་གི་རི་མོ་བྲིས་ཆོག  སྙན་དབྱངས་མགུ་བའི་རམ་དཀྲོལ་གྱི་རོལ་ཆས་ཁྱེད་ལ་བསུ་མ་དང་སྐྱེལ་མ་བྱས་ཆོག ལོ་ཟླའི་དབང་འགྲོས་ཀྱི་ཐང་ཆེན་ན་སྐྱོམ་པའི་ལོ་ཏོག་གི་རྩི་བཅུད།ཡངས་པའི་ཐང་ན་བཀྲམ་པའི་མེ་ཏོག་གི་ཟེའུ་འབྲུ་དང་གཡང་དཀར་འབའ་སྒྲ།  མཐོན་པོའི་མཁའ་རུ་འཚེར་བའི་རྟ་བདུན་དབང་བོའི་གསེར་གྱི་གུར་ཁྱིམ་དང་།ཆུ་འཛིན་གྱི་བང་རིམ་བརྟོལ་བའི་ཁྱུང་ཆེན་གྱི་བློ་སྤོབས་ནི་ངའི་མཚར་སྡུག་གི་མིང་བྱང་དུ་བརྐོས་ཆོག་པ་མ་ཡིན་ནམ།

ལོ་ཟླའི་འགྲུལ་ལམ་བར་ནས་ང་ཚོས་མི་ཚེའི་བདེན་པ་དང་ཡང་སྙིང་བཙལ་ཆོག ཐོབ་ཤོར་དང་འདུ་བྲལ་གྱི་ཕལ་བའི་ལོ་ཟླར་རྒྱང་མིག་འཕངས་ཆོག རྩྭ་ཐང་གི་མེ་ཏོག་ཚོམ་བུའི་གསེང་དུ་ཟུག་པའི་འཇའ་ཚོན་གྱི་གུར་ཁང་ནས་འཚོ་བར་གསེར་མདོག་གི་རི་མོ་བྲིས་ཆོག ཉི་མའི་འོད་ཁྱིམ་ཕྱོགས་སུ་གོམས་ཁ་སྒྱུར་ཆོག ལོ་ཟླ་ལགས།གཙང་ཆུ།ངའི་མི་ཚེའི་བཞུད་ལམ་དུ་འཁྱིལ་བའི་གཙང་ཆུ།རེ་སྨོན་དང་འཁྲེང་ཞེན་ལ་བརྒྱུས་པའི་མི་ཚེའི་རྟོགས་པ་ཁྱེད་ལ་འབྲེལ་ཞིང་། ཁྱེད་ལ་དབང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།