ཀྲུང་གོ་བོད་ཀྱི་དྲ་བ།

རྗེ་རྒྱལ་བ་གཉིས་པའི་འཁྲུངས་ཡུལ་སྐུ་འབུམ་ཚོ་དྲུག་གི་ཡུལ་ཕྱོགས་སུ་བསྐྱོད་པའི་མཐོང་ཐོས་དྲན་རེག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་སྦིས་བཤད་སྒྲུབ།   སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྗེ་རྒྱལ་པ་གཉིས་པའི་ཨ་ཅེ་ཚང་གི་བཞུགས་ཡུལ།

སྐུ་འབུམ་བྱམས་པ་གླིང་ནས་ལྷོ་ནུབ་ཏུ་ཆུ་དཀར་ཐང(帐房台)དང་ཆུ་དཀར་རི་ཁྲོད(静房)ཡོད་པ་དང་། སྐུ་འབུམ་ནས་བྱང་ཕྱོགས་སུ་ཟི་ན་ཐང་དང་མདོ་བ(多巴)། ལྷོ་བྱང་དུ་ལ་འབུར་ཚོ་ཤོག(拉布尔)དང་ཀླུ་འབུམ(楞本)། ཨ་དཀར་དང་བུམ་པ(文巴)། ཞལ་དཀར་ཚོ་ཤོག་བཅས་ཡོད།

སྐུ་འབུམ་བྱམས་པ་གླིང་ནས་ལྷོ་ནུབ་མཚམས་སུ་ལེ་བར་བཅུ་ལྷག་བསྐྱོད་པ་ན་སྐུ་འབུམ་ཆོ་ཤིས(维新)སྡེ་བའི་ནེའུ་ལུང་ཉག་ཁའི་རྗེ་ཁོང་གི་སྐྱེས་ལྷ་ཨ་མྱེས་སྐྱ་ཏེའུ་ཏོག་དཀར་དང་གུར་ སྟེང་ལྷ་རིའི་ལབ་རྩེར་ཞལ་མཇལ་བྱས་ཐུབ་པ་མ་ཟད།  ཆོ་ཤིས་སྡེ་བའི་མ་ཀྱ་སྒར་བའི་ལྷ་ཁང་ལའང་མཇལ་ཐུབ།  ལྷ་ཁང་གི་ཆོས་རའི་ནང་དུ་ལོ་རེར་སྐུ་འབུམ་དགོན་པའི་གྲྭ་བ་དྲུག་བདུན་རེ་གདན་ དྲངས་ཏེ་ཉིན་གསུམ་གྱི་རིང་ལ་མ་ཎི་བུམ་གྲུབ་བཙུགས་པ་ཡིན་ཟེར།  ཆོ་ཤིས་སྡེ་བ་ནས་ལྷོ་ནུབ་ཕྱོགས་ཀྱི་ལེ་བར་བཞི་ལྔ་ཙམ་ན་རྒྱ་མ་བོད་ཀྱི་སྡེ་བ་ མཚེར་ཐོག(赛多)དང་རློན་པ་འབོད་པའི་ རོང་སྡེ་གཉིས་ཡོད།  དེ་ནས་ལེ་བར་བརྒྱད་ལྷག་གི་མཚམས་ན་སོ་བ་སྐྱིད་འབོད་པའི་སྡེ་བ་ཞིག་ཡོད།  སོ་བ་སྐྱིད་ནི་རྗེ་རིན་པོ་ཆེའི་ཨ་ཅེ་བཞུགས་ཤག་གི་སྡེ་བ་ཡིན།  སྡེ་འདིའི་གོང་རོལ་གྱི་ས་ལེ་བར་གསུམ་གྱི་ལམ་ན་བཀའ་བརྒྱུད་དགོན་ཟེར་བའི་ཞྭ་ སེར་གྱི་དགོན་རྙིང་ཡ་མཚར་པོ་ཞིག་ཡོད།  དེ་ནས་ལེ་བར་དྲུག་ལྷག་ལ་སོང་བ་ན་མཛོ་མོ་ལུང་༼སྐྱོར་མོ་ལུང་།苏木什༽ཁོག་ནང་དུ་ བོད་སྐད་མི་ཤོད་པའི་བོད་རིགས་རྐྱང་རྐྱང་གི་ངོ་ཤེས(盘道)ཟེར་བའི་སྡེ་བར་རྡོ་ཆེན་དང་ཆུ་ཁ་འབོད་པའི་སྡེ་བ་གོང་ཞོལ(汉称南村北村) གཉིས་ཡོད། སྡེ་འདིར་སྐུ་འབུམ་དགོན་པའི་བླ་སྤྲུལ་གསུམ་འཁྲུངས་མྱོང་།  རྒྱ་ཡག་ཚང་དང་བཀྲ་ཤིས་ཚང་། སྨོན་ཤིས་ཚང་།  དེ་ནས་ས་ལེ་བར་བཅུ་ལྷག་གི་བར་ན་དྲེད་ཁོག་འབོད་པའི་རོང་མ་འབྲོག་གི་སྡེ་བ་ གཉིས་ཏེ། དྲེད་ཁོག་ཆེ་ཆུང(东岔西岔)གི་ལུང་ཁོག་ན་ཆགས།  དྲེད་ཆུའི་སུམ་མདོ་ཐང་ན་སྐུ་འབུམ་ཨ་ཀྱ་ཚང་གི་བཞུགས་ཁྲི་དང་ཐོ་བཀྭན་ཆོས་ཀྱི་ ཉི་མའི་བཞུགས་ཁྲི་དང་དར་ལྕོག་བཅས་བཙུགས་ཡོད།

རྗེ་ཙོང་ཁ་པའི་ཨ་ཅེ་ཚང་གི་ཁྱིམ་གཞི།

སོ་བ་སྐྱིད་སྡེ་བའི་བཀའ་བརྒྱུད་དགོན་རྙིང་།

6.jpg

རྗེ་རིན་པོ་ཆེའི་སྐྱེས་ལྷའི་ལབ་ཙེ་སྐྱ་ཏིའུ་ཏོག་དཀར།

8.jpg
སྐུ་འབུམ་རྒྱ་ཡག་ཚང་གི་འཁྲུངས་ཡུལ་ཨ་ལགས་བཀྲ་ཤིས་ཚང་གིས་བཞེངས་པའི་མཆོད་རྟེན།

9.jpg

བོད་ཀྱི་ས་མིང་ཞིབ་འཇུག་ཏུ་བསྐྱོད་པ།


དེ་ཡང་བྱང་ཆུབ་ལྗོན་ཤིང་ལ་སེང་གེའི་སྐུ་བརྙན་བྱོན་པའི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་གི་ཤར་ལྷོའི་སྤྱི་ལེ་སུམ་བཅུ་ལྷག་གི་སར་སོང་བ་ན། རྗེ་ཀརྨ་རོལ་བའི་རྡོ་རྗེས་ལུང་བསྟན་དུ་སྦྱར་བའི་གནས་མཆོག་གམ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གྲུབ་གནས་སུ་གྱུར་པའི་ཆུ་དཀར་ཐང་གཤོང་གི་(帐房台)ཆུ་དཀར་རི་ཁྲོད་འབོད་པའི་གནས་མཆོག་གི་སར་ཐོན། མཐོང་བ་ཙམ་གྱིས་བྲག་ངོའི་མཚམས་ཁང། (静房)དང་སྒྲུབ་ཕུག ལྷ་ཁང་གི་སྐུ་གསུང་ཐུགས་རྟེན་མང་པོས་དད་པ་སྙིང་ནས་འདྲེན་པར་གྱུར། ད་ལྟ་གསར་དུ་བཞེངས་པའི་གཙུག་ལག་ཁང་གང་མང་པོ་ཞིག་ཡོད་པ་ལའང། ལྷ་རྟེན་ཆོས་གསུམ་མང་པོས་གང་འདུག་ཡོད་པ་དང། དེ་ནས་རྒྱ་ཡག་ཐང་གི་རི་ཁྲོད་དང་སྒོམ་ཁང།  ཨ་གྱ་སྒར་ཁག་གཙོས་ཟི་ན་སྒར་ཁག་དང་མི་ཉག་སྒར་ཁག། ཆུ་བཟང་སྒར་ཁག གསེར་ཏོག་སྒར་ཁག། སྟག་མཚེར་ཚོ་ཤོག་གཙོས་སྒར་ཁག་བརྒྱད་ཀྱི་ཚོ་ཤོག་མཆོད་ཡོན་དང་ལྷ་སྡེ་མི་སྡེ་གང་མང་པོ་ཞིག་གི་སྐྱེས་ལྷའི་གནས་རི་དང་རི་ཁྲོད། མཆོད་རྟེན། ལབ་རྩེ། མཚམས་ཁང། འབུམ་ཁང། རྡོ་མཆོད་རྣམས་རིམ་པ་ལྟར་ཆགས་བཞིན་གནས་ཡོད་པ་རྣམས་ལ་རྒྱང་ནས་ཞལ་མཇལ་ཡང་ཡང་མཐོང་པ་དང་ཞོར། བརྙན་པར་རེ་ཡང་བླངས་ནས་ལོན་ཐུབ་པ་བྱུང། དེ་ནས་གནས་མཆོག་རྡོ་རྗེ་གདན་དང་མཚུངས་བའི་སྐུ་འབུམ་བྱམས་པ་གླིང་གི་རུ་གསར་(鲁沙尔) འའབོད་པའི་བྱང་ཤར་ཕྱོགས་སུ་ས་ལེ་བར་བཅུ་ལྷག་གི་སར་བརྒལ་བས་ན། རྒྱ་ཡག་ཐང་དང་ཟི་ན་ཐང། མདོ་བ་ཐང། (多巴)ཞིང་སྐྱོང་ཐང་(申中)དུ་འབོད་བཞིན་ཡོད་པའི་ཐང་ཆེན་བཞིའི་ཚོ་ཤོག་གི་བོད་པ་རྐྱང་གི་སྡེ་འབངས་ཀྱི་ལ་འབུར་ཚོ་བ་(拉布尔)དང་ཀླུ་འབུམ་(楞本)ཚོ་བ། ཨ་དཀར་ཚོ་བ། བུམ་པ་ཚོ་བ། (文巴)ཞལ་དཀར་ཚོ་བ་དང་བཅས་བའི་སྐུ་འབུམ་ཚོ་དྲུག་གི་ལྷ་སྡེ་མི་སྡེ་གང་མང་པོ་ཞིག་གི་བསྡོད་འབངས་རྣམས་སྐུ་འབུམ་བྱམས་པ་གླིང་གི་གཡས་གཡོན་སྟོད་སྨད་ཀུན་དུ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་བཞིན་བརྗིད་ཆགས་སུ་གནས་ཡོད་པ་མཐོང། ཁྱད་པར་སྐུ་འབུམ་ཚོ་དྲུག་གི་ཡོན་བདག་དད་ལྡན་དང་བླངས་པ་རྣམས་ཀྱིས་སྐུ་འབུམ་དགོན་གཞུང་གཙོས་ཨ་ཀྱ་སྐུ་ཕྲེང་རིམ་བྱོན་ཚང་གི་ཐུགས་དགོངས་སྤྱི་བོའི་ཅོད་པན་དུ་བཀུར་ཏེ་བརྩེ་སེམས་དང་དད་གུས་ཆེན་པོས་ཞྭ་སེར་བསྟན་པའི་རིང་ལུགས་དྲི་མ་མེད་པར་མཐུན་རྐྱེན་སྦྱོར་འཇགས་གང་ལེགས་ཤིག་ཆད་མེད་དུ་སྒྲུབ་བཞིན་ཡོད་པ་སྟེ། ས་གནས་ཚོ་དྲུག་གི་ཡུལ་མི་ཀུན་པོས་ད་ལྟའི་བར་གཅིག་མཐུན་གྱིས་གླེང་གྱིན་འདུག་གོ

 སྐུ་འབུམ་བྱམས་པ་གླིང་ནས་ལྷོ་ནུབ་མཚམས་སུ་ལེ་བར་བཅུ་ལྷག་ལ་བསྐྱོད་པ་ན། སྐུ་འབུམ་ཚོ་དྲུག་གི་ཁུངས་གཏོགས་ཏེ་ཆེ་ཤོས་སྡེ(维新)བའི་ནེའུ་ལུང་ཉག་ག་ཟེར་བའི་སྒང་བརྒྱུད་གཅིག་མཐོང་ནས་ཐོན་པ་ན།  རྗེ་རིན་པོ་ཆེ་ཁོང་གི་སྐྱེས་ལྷ་ཨ་མྱེས་སྐྱ་ཏེའི་ཏོག་དཀར་དང་གུར་སྟེང་ལྷ་རིའི་ལབ་རྩེ། དར་ལྕོག་དང་རྡོ་མཆོད། རྡེའུ་འབུམ་མང་པོ་འབུལ་པ་སོགས་ལ་ཞལ་མཇལ་ཡང་ཡང་མཐོང་རྒྱུ་ཡོད་པར་མ་ཟད། ཆེ་ཤོས་སྒར་ཤོག་(共和) གི་སྐུ་འབུམ་ཆེ་ཤོས་མཁན་ཆེན་སྐུ་ཕྲེང་དང་པོ་སྐུ་བལྟམས་པའི་གཞི་ཁྱིམ་ཆེན་པོའི་ཤུལ་དང་བོད་ཕྱུག་ཁྱིམ་ཆེན་བཞིའི་གནའ་མིའི་ཆུ་འཁོར་རང་འཐག་ཆེན་པོ་བཞིའི་རྗེས་ཤུལ་དང་མ་རྒྱ་སྒར་བའི་ལྷ་ཁང་དང་འབུམ་ཁང། མ་ཎི་ཁང་གི་ཆོས་རའི་ཤུལ་རྟེན། སྐུ་ཁང་དང་མཆོད་ཁང་བཅས་བ་ད་ལྟ་སྔར་བཞིན་དྲན་རྒྱུ་རེག་རྒྱུ་གཉིས་ཀ་ཡོད་པ་དང། ལོ་རེར་དུས་བཅད་ལྟར་སྡེ་འབངས་ཡོངས་ཀྱིས་བོད་ལྭ་གོན་ནས་མ་ཎི་བུམ་གྲུབ་ཀྱི་དུས་ཚུགས་སུ་སྐུ་འབུམ་དགོན་པའི་གྲྭ་བ་དྲུག་བདུན་རེ་གདན་འདྲེན་བགྱིས་ཏེ། ཉིན་བཞི་ལྔ་ཙམ་གྱི་རིང་ལ་མ་ཎི་བུམ་གྲུབ་བཙུགས་པ་དང་ཧོར་ཟླ་དྲུག་པའི་ཚེས་མགོ་ནས་བཟུང་གླུ་དགའ་རྩེད་མོར་རོལ་བཞིན་ལབ་རྩེ་མ་བུ་བཅུ་གསུམ་བསྟོད་དགོས་པ་དང་རྨུ་ཐག་འཐེན་ནས་ཆོས་གཏེར་འབུལ་པ། ཆོས་སྐྱོང་སྲུང་མར་གསེར་སྐྱེམས་མཆོད་པ་དང་བཅས་བའི་ཆོས་ཀྱི་ཆོ་ག་གང་མང་ཞིག་གི་སྲོལ་རྒྱུན་མ་ཉམས་པར་ད་ལྟའི་བར་ཆད་མེད་དུ་སྤེལ་བྱེད་བཞིན་མཆིས་སོ།  ནང་དགོས་སུ་ཚོ་བསྐོར་རེ་འགའི་ནང་དུ་གཉེན་སྟོན་གྱི་དུས་སུ་རྒན་གྲས་རྣམ་པས་ནས་ཆང་ཧུབ་རེ་འཐུང་རྗེས།  བརྡ་རྙིང་གིས་མཚོན་པའི་གཉེན་བཤད་ཆ་ཚང་བ་རེ་བཤད་ཐུབ་པའི་མི་ཡང་གང་མང་པོ་ཞིག་བྱུང་འདུག།  ཆེ་ཤོས་སྡེ་བ་ནས་ལྷོ་ནུབ་ཕྱོགས་ཀྱི་ལེ་བར་དྲུག་ཙམ་ན་རྒྱ་མ་བོད་ཀྱི་རོང་སྡེ་མཚེར་ཐོག(赛多)ཟེར་འབོད་པ་ཞིག་དང་རློམ་པ་(龙巴)ཟེར་བའི་བོད་སྐད་ངག་ནས་མི་ཤོད་པའི་བོད་ཀྱི་རོང་སྡེ་ཆེ་ཁག་གསུམ་ཆགས་འདུག  དེ་ནས་ནུབ་ཕྱོགས་སུ་ལེ་བར་བརྒྱད་ལྷག་གི་མཚམས་སུ་སོང་བ་ན་སོ་བ་སྐྱིད་(苏尔吉)འབོད་པའི་རྒྱ་མ་བོད་ཀྱི་རོང་སྡེ་གཉིས་ཆགས་ཡོད། སོ་བ་སྐྱིད་ནི་རྗེ་རིན་པོ་ཆེའི་ཨ་ཅེ་ཚང་གི་བཞུགས་ཤག་ཡིན་པར་འདོད་མོད།  དོན་དངོས་སུ་ཁོང་གི་མ་ཡུམ་གྱི་མ་ཁྱིམ་རྙིང་པོ་ཞིག་ཡིན་པ་འདྲ། (宗喀巴大师母亲之村落)རུ་སྡེ་འདིའི་གོང་རོལ་ནས་ས་ལེ་བར་བཞི་ཙམ་གྱི་ལམ་བར་ན་དབེན་གནས་ཤིན་ཏུ་ལྟ་ན་སྡུག་པའི་བཀའ་བརྒྱུད་པའི་དགོན་གནས་ཡ་མཚར་པོ་ཞིག་ཆགས་འདུག་ལ།  དགོན་པའི་གཙོ་སྐུ་ནི་འོད་དཔག་མེད་དང་ཐུགས་རྗེ་ཆེན་པོ། རྗེ་ཡབ་སྲས་ཀྱི་སྐུ་བརྙན་བཅས་བཞུགས་སུ་གསོལ་པ་དང་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་རྣམས་གྲྭ་བ་དྲུག་བདུན་རེ་རྒྱུན་བཞུགས་མཛད་དེ་སྒྲུབ་བཞིན་ཡོད། དེ་ནས་ས་ལེ་བར་དྲུག་ལྷག་ལ་སོང་བ་ན་མཛོ་མོ་ལུང་སྲིབ་(苏木什)འབོད་པའི་ལུང་ཁོག་ཅིག་གི་ནང་དུ་བོད་སྐད་བཤད་ཤེས་པའི་བོད་པ་རྐྱང་གི་སྡེ་མིང་ལ་ངོ་ཤེས་ཟེར་(南村北村)བའི་འབྲོག་མ་རོང་གི་རུ་སྡེ་གཉིས་ཀྱི་ཚོ་ཤོག་ཡོད། སྡེ་བ་གཅིག་གི་མིང་ལ་སྟོབས་ཆེན་དང་གཅིག་གི་མིང་ལ་ཆུ་ཁ་འབོད་པའི་རུ་སྡེ་གོང་ཞོལ་གཉིས་སུ་ཆགས་འདུག། རུ་སྡེ་འདི་གཉིས་ཀས་ལོ་རེའི་ཧོར་ཟླ་བཞི་བ་དང་དྲུག་པའི་ནང་དུ་བོད་སྤྱིའི་ཆ་ལུགས་ལྟར། གླུ་ལེན་གར་རྩེད་ཀྱིས་ལྟད་མོར་རོལ་བཞིན་སྡེ་འབངས་ཕོ་མོ་ཡོངས་ཀྱིས་རང་རང་གིས་རང་བཟོས་བོད་ལྭ་གསར་བ་ཆ་ཚང་རེ་གྱོན་ནས་ཞིང་ལ་ལོ་ལེགས་རྒྱས་པའི་བསྔོ་སྨོན་དུ་རང་གི་ཡུལ་ལྷར་བསང་མཆོད་དཔེ་མེད་རེ་ཕུལ་ཞོར། སངས་རྒྱས་ཀྱི་ཆོས་དཔེ་གང་མང་པོ་ཞིག་རྒྱབ་ལ་འཁུར་བ་དང་མ་ཎི་དབྱངས་ལ་གྱེར་བཞིན་ས་ཞིང་ལ་ཆོས་བསྐོར་བྱེད་སྲོལ་དང་མ་ཎི་བུམ་གྲུབ་བཙུགས་སྲོལ། སྨྱུང་གནས་སྲུང་སྲོལ། ལྷ་ཀླུར་མཆོད་གཏོར་འབུལ་སྲོལ། གུར་མགོན་གཙོ་བོར་གྱུར་པའི་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་རྣམས་ལ་བསྐང་གསོལ་དང་གསེར་སྐྱེམས་འབུལ་སྲོལ་བཅས་ཀྱིས་ཆོས་ལུགས་ཆོ་གའི་རིམ་གྲོ་སྣ་ཚོགས་ཤིག་གིས་སྤེལ་སྲོལ་ནི། གནའ་ནས་ད་བར་དུ་ཆད་མེད་དུ་སྒྲུབ་བཞིན་ཡོད་པ་སྟེ་བོད་ཡུལ་གཞན་དང། གཞན་གྱི་ཆ་ལུགས་དང་གཅིག་མཚུངས་སུ་གྱུར་ཡོད།  གཞན་ཡང་རུ་སྡེ་འདིའི་རྒན་པ་ལོ་ལོན་ཚོས་གང་དྲན་དུ་ལབ་པ་ལྟར་ན། རུ་སྡེ་འདི་སྐུ་འབུམ་དགོན་པའི་མཁན་སྤྲུལ་རྣམ་པ་གསུམ་གྱི་འཁྲུངས་ཡུལ་ཡིན་པར་བསྔགས་ཤིང། ཨ་ལགས་རྒྱ་ཡག་ཚང་དང་བཀྲ་ཤིས་ཚང། སྨོན་ཤིས་ཚང་འབོད་པའི་བླ་མ་རྣམ་གསུམ་འཁྲུངས་སའི་ཁྱིམ་ཤུལ་ད་ལྟ་སྔར་བཞིན་གསལ་དག་པས་མཐོང་གནས་སུ་གྱུར།  སྐུ་འབུམ་དགོན་པའི་ཨ་ལགས་སྨན་པ་བཀྲ་ཤིས་ཚང་གིས་རང་གི་ཕྱག་ཡུལ་དུ་སྐུ་གསུང་ཐུགས་རྟེན་གྱིས་ཕྱུག་པའི་བྱང་ཆུབ་མཆོད་རྟེན་ཆེན་པོ་ཞིག་བཞེངས་འདུག་པ་དང། ལོ་རེར་སྐུ་འབུམ་དགོན་གཞུང་ནས་གྲྭ་བ་རེ་འགའ་ཕེབས་ཏེ་སྤྱན་འདྲེན་འཁྲུས་གསོལ་དང་སྨོན་ལམ་གསོལ་འདེབས་སོགས་གནང་བཞིན་ཡོད་ཟེར།  ད་ལྟ་རུ་སྡེ་འདིའི་སྡེ་འབངས་ཕོ་མོ་ཡོངས་ཀྱིས་མཆོད་རྟེན་མཐོང་གྲོལ་ཆེན་པོ་འདི་ལ་དུས་རྒྱུན་མཆོད་མེ་དང་མཆོད་པ་ཆད་མེད་དུ་འབུལ་བཞིན་ཡོད་པ་དང། ཕྱག་དང་སྐོར་བ་བྱེད་པ་སོགས་ཚོགས་གསོག་སྒྲིབ་སྦྱོང་བྱེད་ཡུལ་དུ་གྱུར་འདུག། གཞན་ཡང་ཁོང་པ་ཚོས་ཡང་ཡང་གསུངས་བར། ད་ལྟ་ང་ཚོ་བོད་པས་བོད་ངོ་མི་ཤེས་བ་དང་རྒྱས་ང་ཚོར་བོད་མ་རྒྱ་ཡིན་ཟེར་ནས་ལབ་ཀྱིན་འདུག་པ། བར་མཚམས་ཤིག་ན་ང་ཚོ་ནི་གང་ལའང་མི་མཐུན་པའི་བོད་སྐད་མི་ཤོད་པའི་བོད་པའི་ན་ཆུང་མང་པོ་ཞིག་རྒྱ་འགྱུར་གྱི་ཉེན་ཁར་སླེབས་བཞིན་འདུག་པ་སྟེ། ཁྱེད་ཅག་གིས་མཁྱེན་གསལ་ལྟར་དུ་སྣང་ཡོད་ཟེར།  དེ་ནས་ནུབ་ཕྱོགས་སུ་ས་ལེ་བར་བཅུ་ལྷག་ལ་སོང་བ་ན། དྲེད་ཁོག་(盘道)འབོད་པའི་བོད་སྐད་མི་ཤོད་པའི་བོད་ཀྱི་རོང་མ་འབྲོག་གི(藏牧民) མིང་ལའང་དྲེད་ཁོག་འབྲོག་རུ་འབོད་པའི་ལུང་ཁོག་ཆེ་པོ་གཉིས་ཆགས་(东岔西岔)ཡོད་པ་དང། དེར་གཡས་རུ་གཡོན་རུ་གཉིས་སུ་བཀར་ནས་ལུང་ཁོག་གཉིས་ན་རུ་སྐོར་ཆེ་པོ་གཉིས་རེ་ཆགས་འདུག།  འབྲོག་རུ་ཆེན་པོ་འདི་གཉིས་ལ་རྩྭ་ཆུ་ཧ་ཅང་འཛོམས་ཤིང་ནོར་ལུག་གི་ཤ་ཤེད་ཡང་ཧ་ཅང་དར་རྒྱས་ཆེ་བས། གཞན་སུས་ས་རྐོ་རྡོ་སློག་གིས་གནོད་པ་མེད་པར་ད་ལྟའི་བར་སྔར་བཞིན་གོ་བརྡའ་མ་ཤོད་པ་དང་གཉོམ་ཆུང་གིས་ཚུལ་དུ་བཏང་སྙོམས་ལ་གནས་འདུག་ཡོད་པ་ན། འདི་ལ་རང་རེ་རྣམས་དགའ་མགུ་ཡི་རང་གིས། སྤྲོ་བ་རབ་ཏུ་རྒྱས། སྐྱོ་གདུང་ཀུན་ནས་གྲོལ། དེ་བཞིན་དུ་ཡུལ་འདིའི་དྲེད་ཆུའི་གསུམ་མདོ་ཐང་ན་སྐུ་འབུམ་ཨ་གྱ་ཚང་གི་སྒར་ཁའི་བཞུགས་ཤུལ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་སྒར་ཁའི་བཞུགས་ཤག་གི་ཤུལ་ཡིན་ཟེར་བའི་རྡོ་མཆོད་དང་རྡེའུ་འབུམ། བསང་ཁྲི། དར་ལྕོག་བཅས་ཀྱི་བཙུགས་ཤུལ་གང་མང་པོའི་ཤུལ་རྟེན་རྣམས་སྔར་བཞིན་ཆགས་འདུག་ཡོད་པ་མ་ཟད། ཡུལ་ལྗོངས་འདིའི་ནུབ་ཕྱོགས་སུ་བལྟས་མ་ཐག་ཏུ་རི་བོ་ཉི་ཟླའི་རི་བརྒྱུད་རྣམས་འདུན་ངོས་སུ་གསལ་ལྷངས་ངེས་མཐོང་ཐུབ་པ་དང། ད་ལྟའི་ཟི་ལིང་མཁར་གྱི་གྲོང་ཁྱེར་བསྡོད་འབངས་ཡོངས་ཀྱི་འཐུང་ཆུ་ནི་དྲེད་ཁོག་གཡང་རའི་ཆུ་མཛོད་ནང་གི་(盘道水库)གཙང་ཆུ་ཡིན་འདུག་ཟེར་མང་པོས་གླེང།     སྤྱིར་མདོ་སྨད་ཙོང་ཆུ་སྟོད་སྨད་ཉི་སྲིབ་ཏུ་ཐུའུ་བཀྭན་སྒར་ཁག་གི་ཚོ་ཤོག་དང་ཆེ་ཤོས་སྒར་ཁག་གི་རུ་སྡེ། ཚེ་འབུམ་སྒར་བ་དང་བུམ་པ་སྒར་བ། ཀླུ་འབུམ་སྒར་བ། ནུབ་བྱང་གི་ཕྱོགས་གཏོགས་སུ་བྲ་མ་ལུང་གི(扎麻隆上下川)དཔའ་མདའ་རུ་སྟོད་སྨད་(巴达村)ཀྱི་ལྷ་སྡེ་ཚོ་ཁག་དང་ལམ་ལུང་ཁུག་གི་(拦隆口)བཀྲ་ཤིས་གཡང་སྡེ་(扎什营村)དང་ཉི་མ་ལུང་གི་(呢嘛隆村落) རུ་སྡེ་བའི་མཆོད་ཡོན་དང་བླངས་པ། མདོ་བ་ཐང་གཞོང་(多巴上下川)སྟོད་སྨད་ཉིན་སྲིབ་དུ་སྔན་མ་ན་ཆོས་སྲིད་གཉིས་ལྡན་གྱི་བླ་དཔོན་གང་མང་པོ་ཞིག་རིམ་པར་བྱོན་མྱོང་ཡོད་པར་གླེང་བ་དང། བླ་མ་དང་དགེ་བའི་བཤེས་གཉེན་ཆེན་མོ་རེ་འགར་སྟོད་ཉི་མ་ལྷ་སའི་གདན་ས་གསུམ་དང་རྒྱལ་བ་པཎ་ཆེན་རྣམ་པས་དབུ་ཞྭ་སྣ་ེརིང་ཡང་བསྩལ་མྱོང་ཡོད་པར་ངག་རྒྱུན་མང་པོས་བསྔགས་ཀྱིན་འདུག་མོད། དུས་ཀྱི་འཁོར་ལོ་ལྡོག་མེད་ཀྱི་དབང་གིས་ཙོང་ལ་རིང་མོའི་རྫ་འདབས་ཀྱི་སྡེ་འབངས་མཐའ་དག་གི་སྒར་ཁག་སོ་སོའི་ལྷ་སྡེ་མི་སྡེ་དང་ཚོ་ཁག་ཆེ་ཆུང་གང་མང་པོ་ཞིག་གིས་ད་ལྟ་བོད་སྐད་གསལ་བོ་ངག་ནས་ཤོད་དཀའ་ནའང《དམིགས་བརྩེ་མ།》དང་《བར་ཆད་ལམ་སེལ།》《སྒྲོལ་མ།》ལ་སོགས་པ་ཁ་ཏོན་དུ་གྱེར་ཐུབ་ལ། ལོ་རེའི་བོད་ལོ་ནང་གི་བཅའ་བ་རིམ་གྲོ་དང་ཧོར་ཟླ་བཞི་བ་དྲུག་པའི་ནང་དུ་སྐུ་འབུམ་དགོན་པའི་དགེ་སློང་སྤྱན་དྲངས་ཏེ་ཀླུ་དབང་རྒྱལ་པོའི་འབུམ་ཁང་དང་སྙིང་གཏེར་འབུལ་པ། མ་ཎི་བུམ་གྲུབ་དང་སྨྱུང་གནས་སྲུང་བ། དར་ལྕོག་འཛུགས་སྲོལ་བཅས་ཀྱི་རིམ་གྲོལ་གང་མང་པོ་ཞིག་སྔར་ལྟར་སྒྲུབ་བཞིན་ཡོད་ཟེར་བ་མང་པོས་ཁ་ན་ལྷན་གནས་སུ་གླེང། ཟི་ལིང་ཙོང་ཆུ་སྟོད་སྨད་ཉིན་སྲིབ་ཀྱི་ལྷ་སྡེ་མི་སྡེའི་རུ་ཁག་ཐམས་ཅད་སྐུ་འབུམ་ཚོ་དྲུག་གི་ཁུངས་སུ་གཏོགས་ཐུབ་ཡོད་པར་མ་ཟད། རྗེ་རྒྱལ་བ་གཉིས་པ་ཆེན་པོ་འདི་བས་སྐུ་དྲིན་དུ་ཙོང་ཁའི་འཁོར་འབངས་ཚང་མ་བོད་འབངས་སེམས་ཅན་ཀུན་དང་འདྲ་བར་བོད་བརྒྱུད་ནང་བསྟན་དང་བཅས་བར་སྔར་བཞིན་བརྩེ་སེམས་ཟབ་པ་དང་དད་སྟོབས་ཧ་ཅང་ཆེ་བར་གྲགས་པའི་བོད་པ་ཐུན་མོང་གི་མི་གཤིས་དང་ཀུན་ནས་མཚུངས་སོ།  གོང་གསལ་འདི་དག་ནི་རྡོ་སྦིས་བཤད་སྒྲུབ་དང་ཨ་ཁུ་ཚེ་དབང་རྡོ་རྗེ། རྡོ་རྗེ་བཀྲ་ཤིས་བཅས་ཡུལ་འདིའི་ཡུལ་དངོས་སུ་ཟབ་ཞུགས་དང་རྩད་གཅོད། བཅར་འདྲི་བཅས་བྱས་པའི་མཐོང་ཐོས་དྲན་རེག་གི་ཟིན་བྲིས་ཙམ་མོ།  །(མཚོ་སྔོན་བོད་རིགས་དྲ་བ་ལས་བཤུས།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།