རྒྱུ་སྐར་གྱི་རང་འོད།

ཉིན་མོའི་ཕག་ཏུ་གབ་རྩེད་ཀྱིས་བསྐུང་ཞིང་མཚན་མོའི་གདོང་ལ་འཛུམ་ཆུང་ངོམ་པའི་རྒྱུ་སྐར་གྱི་ཕྲ་ཚོམ་ཨང་། 

སུ་ཞིག་གི་བྲང་གཞུང་དང་འདྲ་བའི་ནམ་མཁའ་དེ་ཁྱོད་ལ་མངར་ཞིང་ངད་པའི་ནུ་ཞོ་ལྡུད་མཁན་གྱི་ཨ་མའི་བྱམས་སྐྱོང་གི་པང་ཁ་ཡིན་ནམ། 

 དོ་ནུབ། ངའི་སེམས་ཁོང་གི་བྲོད་སྣང་བསྔོག་པའི་ལྟད་མོ་ལ་ཐིམ་པའི་རྒྱུ་སྐར་གྱི་ཚོགས་དག དགའ་དགའི་རྡོག་སྒྲ་ལས་མངོན་ཏེ་ཨ་སྔོན་གྱི་སྟངས་སྟབས་སུ་དམུལ་བག་གིས་འཚེར་བྱུང་། བསིལ་བུར་བྱིལ་བའི་དྲི་བཞོན་གྱི་ལག་ཟུང་མཉེན་མོས་སེམས་ངལ་གསོ་བའི་དབུགས་དབྱུང་ཐེངས་ཤིག་གིས་མཚན་མོ་འདིའི་འབྲོག་ཐང་གི་ཁོར་ཡུག་ཀུན་གྱི་ལྟོ་བར་ནོམ་ཉུག་བྱེད་པ་དང་འདྲ། དུབ་པའི་འཕག་འཚག་གམ་སུན་པས་གཙེེར་བའི་ཡོལ་རས་ནག་པོ་ཞིག་སེམས་ཀྱི་གནས་མལ་ལས་ཡོངས་སུ་ཕྱེས་པས། སྡུག་ཡུས་ཀྱི་གདོང་ཐུག་གང་ཞིག་གཏིང་བརྗེད་དུ་བཏང་ནས་གན་རྐྱལ་གྱི་འཆག་སར་འགྲོ་དུས་མཁའ་དབྱིངས་ཀྱི་སྐར་ཚོགས་ནི་འཛུམ་རྒྱ་གྲོལ་བའི་ཨ་མའི་བརྩེ་ཞལ་ཇི་བཞིན་ཡིད་ཀྱི་མཚོ་མོར་འོད་ལྷང་ལྷང་དུ་འཚེར། 

 རི་སྒང་གི་གཤོང་འབུར། སྤང་ལྗོངས་ཀྱི་མུ་མཐའ། སྐྱེ་དགུའི་ཐོབ་ཐང་དང་སེམས་རྒྱ་ལྟ་བུར་ཐུགས་བསྐྱེད་ཡངས་པའི་ནམ་མཁར་བྱམས་དུངས་ཀྱི་སྐར་ཚོམ་ལ་རེ་སྨོན་གྱིས་ལྷིང་འཇགས་སུ་བསྟེན་པ་ནི་དེ་ལས་སུ། 

 ང་དང་ངའི་སེམས་ངོགས་ན་བརྩེ་བའི་རང་འོད་འཁྱིལ་བའི་རྒྱུ་སྐར་གྱི་དགྱེས་འཛོམས་ལགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།