ཀྲུང་གོ་བོད་ཀྱི་དྲ་བ།

ཁ་སྒང་སྟག་འབུམ་རྒྱལ་གྱི་རྩོམ་གསར་བ་ཁག་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁ་སྒང་སྟག་འབུམ་རྒྱལ།   སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1505374019536913.jpg

༧ལ་མོ་ཡོངས་འཛིན་གྱིས་ཀྱང་ཁྱོད་ལ་ཕྱག་ཕུལ།

གངས་ལྗོངས་མདོ་སྨད་ཀྱི་ཡུལ་གྲུ་རྨ་ཀླུང་གཡས་སུ་འབབ་པའི་འགྲམ་རྒྱུད་ཅིག་ཏུ་མིང་ལ་དཀར་མོ་ཕུག་ཅེས་པའི་དགོན་སྡེ་ཆུང་ཆུང་ཞིག་མཆིས་ཤིང་། དེ་ཡི་ཡང་སྙིང་དུ་སུ་དང་གང་གིས་ཀྱང་ཐུགས་མཉམ་མི་འཇོག་པའི་ཁང་ཆག་སྐྱ་ཧྲུལ་ཞིག་སྟེ། རང་ཅག་འབྱོར་དད་ཅན་དང་རྒྱས་སྤྲོས་ཅན་དག་ལྟ་ཅི། ཐ་ན་ལྟོ་གོས་ཀྱིས་ཕོངས་པའི་སྲང་འཁྱམ་སྤྲང་པོ་རྣམས་ཀྱང་འདུག་མི་མོས་ཤིང་ལྟར་མི་བཟོད་པའི་གནས་སུ་རྒྱལ་བ་རྒྱ་མཚོས་གཟིགས་ཚེ་ཐུགས་དགྱེས་པས་སྤྱན་ཆབ་བསིལ་ངེས་ཤིང་། ཁྱིམ་པ་ཕོ་མོ་སོགས་འཇིག་རྟེན་ཕལ་བས་མཐོང་ན་ཅང་མེད་ཉམ་ཆུང་སྤྲང་བོ་འབའ་ཞིག་གི་ཚུལ་གྱིས་ཉིན་ནས་ཟླ་དང་། ཟླ་ནས་ལོ། ལོ་ནས་ལོ་བར་ཞི་བསིལ་དམ་ཆོས་རིན་པོ་ཆེ་ལ་ཐུགས་འགྲུས་སྙིང་སྟོབས་ཆེན་པོས་ཉམས་བཞེས་མཛད་མཁན་གྱི་དགེ་སློང་སྐམ་པོ་འདི་ཡི་མིང་ལ་ལྕང་སྐྱ་ཤེས་རབ་དར་རྒྱས་ཞེས་ཞུ་ཞིང་། ལོ་གྲངས་བརྒྱད་ཅུ་ལྷག་གིས་བསྡུས་པའི་མི་ཚེའི་ནང་མཁས་མཁས་ཡིན་ཚུལ་དང་སྤྲུལ་བསྒྱུར་ཆེ་ཚུལ། བྱིན་རླབས་བཙན་ཚུལ། དབང་ལུང་གཏེར་མཛོད་མངའ་ཚུལ་སོགས་ཆོས་བརྒྱད་ཀྱི་ངོ་སོ་ཅི་མི་སྙམ་པར་ཐལ་བར་བརླགས་ཏེ་སྦས་པའི་བརྟུལ་ཞུགས་ལ་ཐུགས་དམ་མོས་པ་མ་བཏང་བས།  ཆོས་ལྡན་གྱི་མིང་གིས་བསྙད་པའི་བོད་ཁ་བ་ཅན་གྱི་ཡུལ་གྲུ་འདིར་ཐ་ན་ཁྱོད་ཀྱི་མིང་ནས་འབོད་ཤེས་མཁན་དང་ཁྱོད་ཀྱི་མིང་ཙམ་གོ་ཐོས་སུ་གྱུར་པའི་མི་ཡང་ཧ་ཅང་ཉུང་ངུ་ཙམ་ལས་མི་འདུག་ཨང་། ཁྱོད་རང་སྒྱུ་མ་ལྟ་བུའི་འཇིག་རྟེན་འདིར་འོང་བ་ནས་སྲི་ཞེས་པའི་ཆོམ་རྐུན་བཙན་པོ་འདིས་ཁྱོད་དང་ཕུ་ནུ་དང་མིང་སྲིང་དག་གཅིག་རྗེས་གཉིས་མཐུད་ངང་གཏན་དུ་བྲལ་བར་བྱས་ཏེ་མི་རྟག་པའི་ངང་ཚུལ་སྡུག་རྩུབ་ཀྱིས་བསྟན་ཅིང་།ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་གི་སེམས་ཁམས་ལ་བརྩེ་མེད་དང་འཇིགས་སྐྲག ཡི་ཆད་སོགས་ཁུར་དུ་ཐེག་མི་ནུས་པའི་རྨ་ཁ་གྲངས་མེད་པ་ཞིག་བཟོས་པའི་རྐྱེན་ངན་ལམ་འཁྱེར་ལས།ཁྱོད་དང་བུ་རམ་ཤིང་བའི་བསྟན་པ་གཉིས་ཕན་ཚུན་ངོ་ཤེས་སུ་གྱུར་ཅིང་།སྐྱིད་སྡུག་གང་ལའང་མི་འབྲལ་བའི་ཆོད་སེམས་ཀྱི་དམ་བཅའ་བརྟན་པོ་ཕུལ། ཁྱོད་ཀྱི་སྙིང་སྟོབས་དང་དཔའ་ངར་གྱི་གདེང་མ་ལྷོད་པས་མཁས་མང་འདུས་སྡེ་བླ་བྲང་བཀྲ་ཤིས་འཁྱིལ་ནས་རབ་འབྱམས་གཞུང་ལུགས་ལ་དཔྱོད་ཤེས་ཀྱི་སྤྱན་ཟུང་རྙེད་ཅིང་། བླ་མའི་ཐུགས་རྗེ་དང་རང་གི་དད་སྟོབས་ཀྱིས་གསང་ཆེན་དཀར་མོ་ཕུག་ནས་ཚེ་མཚམས་ཀྱི་རྡོ་རིང་བཞེངས་ཏེ་བདེ་ཆེན་ཞི་བ་ཆེན་པོའི་ཕོ་བྲང་དུ་མངོན་པར་གཤེགས་རྗེས།  ང་ཚོས་ད་གཟོད་ཁྱོད་ཀྱི་མིང་གི་སྙན་པ་ཐོག་མར་ཐོས་ཤིང་ཆོས་ཚུལ་གྱི་རྣམ་ཐར་རིམ་བཞིན་ངོ་ཤེས་པར་གྱུར། ཨ་ཧོ། རིན་ཐང་ཅན་དག་གཞི་ནས་བོར་དུས་ད་གཟོད་རིན་ཐང་རྟོགས་ཤིང་གཅེས་སྤྲས་ཤེས་པ་འདི་ང་ཚོར་བསོད་ནམས་མེད་པས་ལན་ཨང་།     ཁྱོད་ནི་འཁོར་དང་སྙན་པ་འཚོལ་ཕྱིར་གསུང་བ་པོ་དང་ཉན་པ་པོའི་གནས་ཚུལ་ལ་མི་བརྟག་པར་དབང་ལུང་མན་ངག་སྲང་ཚོང་བཞིན་གང་དྲན་དུ་སྩོལ་བའི་འདོད་ཧམ་སྙིང་ཁམས་ཅན་དེ་ཚོ་མིན་ལ། རང་ལ་ཐོས་བསམ་སྒོམ་གསུམ་གྱི་སྦྱངས་པ་ཅི་ཡང་མེད་པའི་མཚང་རྟགས་ལ་རང་བྱུང་ཁམས་ཀྱི་འཇའ་ཚོན་ཤར་ཚུལ་དང་སྒྲ་ག་གེ་མོ་གྲགས་ཚུལ་སོགས་སངས་རྒྱས་བསྟན་པར་སྒྲོག་མཁན་གྱི་རྨོངས་ལོག་འཁྲབ་སྟོན་མཁན་དེ་ཚོའང་མིན། ཁྱོད་ནི་དཀོར་ཟས་ལ་བརྟེན་པའི་རྒྱགས་སྟོབས་ཀྱིས་མཐོ་མཐོ་ཁྲི་ཐོག་ནས་འདོད་ཡོན་ཆེན་པོ་ལ་རྔམ་སྤྱོད་བྱེད་བཞིན། བོད་མང་ཚོགས་བྱིངས་ཀྱིིས་ཁུར་ཐེག་མིན་ལ་མ་ལྟོས་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སླ་སླ་ངང་དགོས་ཚུལ་དང་།ཤ་ཟ་མི་རུང་བ་དང་། ཟའང་གཞན་ལ་གསོད་དུ་བཅུག་སྟེ་རང་གིས་ཟ་བར་བསྐུལ་བའི་སྡིག་ཉེས་ལྡབ་བརྩེགས་གཏོང་མཁན་གྱི་ཉེས་ཅན་དམྱལ་འདྲེན་པ་དེ་ཚོའང་མིན། ཁྱོད་ནི་ཆོས་ཚུལ་སྣ་རེ་མཐོང་ཙམ་ནས་འཇིག་རྟེན་གྱི་བདེ་སྡུག་རྩ་ནས་འབོར་ཞིང་། ཆོས་སྒྲུབ་ཙམ་ནས་སྲིད་འདོར་དགོས་པར་སྨྲ་བའི་རང་སྡེའི་སྲིད་འབྱོར་ཁ་ཐུར་དུ་འདྲེན་མཁན་གྱི་ཆོམ་རྐུན་དེ་ཚོའང་མིན།ཁྱོད་ནི་ངུར་སྨྲིག་གི་ཆོས་གོས་ལུས་ལ་བསྣམས་ནའང་རྣམ་འབྱོར་བླ་མེད་ཀྱི་ཉམས་ལེན་ལ་ཁ་གཡར་ཏེ་ཁྱིམ་དང་ཆུང་མ་ཁབ་ཏུ་བསུ་བའི་འདུལ་ཁྲིམས་རྩ་གཏོར་བ་དེ་ཚོ་མིན་ལ། འདོན་ཆོ་ག་ཙམ་ཤེས་ཚུན་ནས་སྟོང་ཉིད་རྟོགས་མཁན་དང་ཀ་ངོ་ཡིག་ངོ་ཙམ་ཆོད་པ་ནས་བླ་ཆེན་དང་མཁན་པོ་ཟེར་བའི་མིང་རྫིག་པོ་དག་ཉོ་མཁན་དག་ཀྱང་མིན། ཁྱོད་ནི་ཁ་ཡར་གྲགས་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལབ་མཁན་དོན་ལ་ཉོན་མོངས་སྡིག་ལས་སྣ་གཅིག་ཀྱང་འདུལ་མ་ཐུབ་པར་ལུས་པའི་ཚུལ་འཆོས་པ་དེ་ཚོ་མིན་ལ། རྒྱུ་འབྱོར་ཅན་གྱི་ཁེ་བདག་མཐོང་ཚེ་སྟོན་པའི་ན་བཟའ་བཀླུབས་པའི་དགེ་བ་དང་དམ་བཅའ་ཡང་ཅི་མི་སྙམ་པར་གཏོར་མཁན་གྱི་ཞབས་འདྲེན་པ་དེ་ཚོའང་མིན།ཁྱོད་ཀྱིས་ནི་ཚུལ་ཁྲིམས་གཡག་རྔ་བཞིན་སྲུང་ཞིང་ཉོན་མོངས་མེ་འོབས་ལྟར་གཟིགས་ལ། གསུང་རབ་གདམས་ངག་ཏུ་ལེགས་པོར་འཁྱེར་བས། ཁྱོད་ལ་རྣམ་རྒྱལ་ཁང་བཟང་ལྟ་བུའི་གྲྭ་ཤག་མེད་ལ་གོང་ཆེན་གཟབ་འཕྱོར་གྱི་རླངས་འཁོར་མེད།  ད་དུང་སྟོན་པས་མ་གནངས་ལ་རང་དང་ཡང་འབྲེལ་མེད་ཀྱི་ཟོང་སྐྱེལ་འདྲུད་འཁོར་དང་ས་རྐོ་འཕྲུལ་ཆས་སོགས་འཇིག་རྟེན་ཁྱིམ་པའི་དྲི་མས་གོས་པའི་ཅ་ལག་ཅི་ཡང་མེད། མདོར་ན་ཁྱོད་ལ་གསེར་གྱི་བཞུགས་ཁྲི་མེད། བ་སོའི་ཕྲེང་བ་མེད། དངུལ་གྱི་ལྷུང་བཟེད་མེད།ཆོས་ལོག་ཉོ་འཚོང་མེད་པ་སྟེ། ཡོད་མི་རུང་བ་ཐམས་ཅད་ཁྱོད་ལ་མེད་པས་ཁྱབ་ཅིང་། མེད་མི་རུང་བ་ཐམས་ཅད་ཁྱོད་ལ་ཡོད་པས་ཁྱབ་པས། ཁྱོད་འདུག་ས་ཁང་ཆག་སྐྱ་ཧྲུལ་དང་།  ཁྱོད་ཀྱི་ཞལ་ཟས་སྲན་རྡོག་སྐྱ་རིལ། ཁྱོད་ཀྱི་འདུག་གྲོགས་གསུང་རབ་པོ་ཊི། ཁྱོད་ཀྱི་བྱ་བ་ཐོས་བསམ་སྒོམ་གསུམ། ཁྱོད་ཀྱི་ཉམས་ལེན་འདོད་ཆུང་ཆོག་ཤེས་སུ་ངེས་པའི་རིན་ཐང་གི་བདེན་པའང་ང་ཚོས་ཆོས་འདུལ་བའི་རྒྱ་མའི་ཐོག་རྙེད་ཅིང་། རྗེ་བཙུན་མི་ལ་རས་པ་དང་།ཀུན་མཁྱེན་ཀློང་ཆེན་པ་དང་། ཆོས་རྗེ་ས་པཎ། རྗེ་ཙོང་ཁ་བ་སོགས་ཀྱིས་མཚོན་པའི་བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་རྣམ་ཐར་ལས་ཁྱོད་ཀྱི་དྲི་མ་མེད་པའི་རྣམ་ཐར་དང་ཐུབ་བསྟན་ཁུར་འཁྱེར་གྱི་ཐུགས་དགོངས་རྣམ་པར་དག་པ་དེ་ཉིད་རྟོགས། ཁྱོད་ཉིད་འདི་ལྟར་དང་པོར་དཀའ་སྡུག་མང་པོར་འཕྲད། བར་དུ་བསླབ་པ་སློབ་གཉེར་མཛད། མཐའ་མར་ཉམས་ལེན་བྲག་ལ་གཏད་དེ་སྐུ་ཚེ་གང་བོར་བསྟན་འགྲོ་འབའ་ཞིག་གི་ཆེད། ཤ་ཟད་དེ་རུས་པར་ཐུག  རུས་སྐྱི་སྟེང་རྩྭ་སྔོན་སྐྱེས་རག་བར་དཀའ་བ་བརྒྱ་ཕྲག་ལ་དཔའ་ཞུམ་གྱི་ཁས་ལེན་རྡོག་ཙམ་ཡང་མ་བྱིན་པས།༧ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་མཆོག་གིས་ཀྱང་ཁ་སྒང་ཐང་གཞི་དགོན་ནས་དུས་འཁོར་དབང་ཆེན་སྩོལ་དུས་རི་གན་གི་ཕ་རོལ་ན་བྱང་ཆུབ་སེམས་དཔའ་ཞིག་བཞུགས་ཞེས་ཁྱེད་ལ་ཕྱག་ཕུལ་མྱོང་བའང་བདེན་ཨང་།

1505374019935540.jpg

ནགས་རྒྱ་རྫོང་དཀྱིལ་གྱི་ཙན་དན་ཡིན།

—དགེ་བའི་བཤེས་གཉེན་བདེ་མཆོག་ལ།

        དགྱེ་སྒུར་དང་འགྲོ་འདུག་སྟབས་བདེ་མིན་ཀྱང་སུ་དང་གང་གིས་བོས་པ་ཐམས་ཅད་ལ་ལན་གྱིས་མ་བཟློག་པར་ཐ་ན་བོང་བུར་ཞོན་ཏེ་འགྲོ་དགོས་ཀྱང་ཐུགས་དགྱེས་དགྱེས་ངང་། གསུང་འཇམ་འཇམ་གྱིས་རང་ཅག་བོད་ཁ་བ་ཅན་གྱི་སློབ་གྲྭ་སོ་སོར་ཞབས་ཀྱིས་བཅག་སྟེ། གདུལ་བྱ་རྒྱ་མཚོར་སུམ་རྟགས་གཙོ་བྱས་ཏེ་ལེགས་བཤད་བདུད་རྩི་ཅི་དགར་སྩོལ་བ་ལ་ཐུགས་ཚེགས་དང་སྐུ་ངལ་ཡོངས་སུ་སྤངས་པའི་བགྲེས་པོ་དབུ་དཀར་ཅན་འདི་ནི་ལོ་གྲངས་བརྒྱད་ཅུར་ཉེ་བའི་དགེ་རྒན་ཆེན་མོ་བདེ་མཆོག་སྟེ། བགྲང་བྱས་ཐལ་བའི་སྟོད་ལྭ་སེར་བོ་དང་། གོས་མདངས་བོར་བའི་རྐང་སྣམ། རྔུལ་ཆུས་ཕབ་པའི་ཟིན་བྲིས། འགྲོ་འདུག་ལམ་གྱི་ལག་རྟེན། ད་དུང་གཤིས་སུ་བརྡོལ་བའི་འཛུམ་མདངས་དང་།ཉན་པ་དོན་ལྡན་གྱི་སྐད་ཆ།ལྷག་བསམ་གྱིས་བསྐྱོར་བའི་ཤེས་རབ་དག་ལས། ཁྱོད་ཀྱི་ཐོག་འོག་དང་གཡས་གཡོན། མཐའ་འཁོར་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཇི་ལྟར་བལྟས་ཀྱང་གང་ལྟར་བཙལ་ཡང་མཐོ་མཐོ་དང་ཆེ་ཆེ།རྫིག་རྫིག་གི་དྲི་མ་ཙམ་ཡང་མེད་པར།ང་ཚོའི་བློ་མིག་ལ་རང་བཞིན་གྱིས་འཆར་ཞིང་སྣང་བ་ནི་རྫུ་བག་དང་ཚུལ་འཆོས་བྲལ་བའི་འཇིག་རྟེན་གྱི་བགྲེས་པོ་སྤྱིར་བཏང་བ་ཞིག་དང་།ལྷག་བསམ་དང་ཤེས་རབ་ཀྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་ལས་ཅི་ཡང་མ་མཐོང་། དུས་ཀྱི་བགྲོད་པ་ད་ལྟའི་མཚམས་འདིར། ཆོས་པའི་ཚད་ཤིང་གསང་སྔགས་ཟབ་ཆོས་སྲང་དུ་འཚོང་ཞིང་འཁོར་དང་སྙན་པ་སུ་ཆེ་ལ་ལྟ་དུས།མཁས་པའི་གོ་རྟོགས་ལས་གནས་དང་ལས་གཞིའི་རྣམ་གྲངས་ཀྱི་མཐོ་དམའ་མང་ཉུང་གི་རྒྱ་མས་འཇལ་དུས། མང་ཚོགས་ཀྱི་དད་ཡུལ་དང་སྐྱབས་གནས་ཕྱི་ནང་གི་གླུ་གར་མཁན་དང་འཁྲབ་སྟོན་པ་ལ་སྨྱོ་ཧམ་གྱིས་འཁྲི་དུས། མདོར་ན་བླ་རྫུན་ཚོས་འཇའ་ཤར་ཚུལ་དང་སྤྲུལ་རྟགས་ག་གེ་མོ་བསྟན་ཚུལ་དམ་པའི་ཆོས་སུ་བསྒྲགས་ནས་མང་ཚོགས་ལ་ཆོས་ལོག་སྤེལ་ཏེ་རྨོངས་འུར་བསླངས་དུས། དགེ་བཤེས་ཚོ་པོ་ཊི་ལྔ་རྫོགས་མཚམས་ནས་རྒྱ་ནང་ལ་འཁྱམས་ཏེ་སྦྱིན་བདག་ཆེ་ཆུང་གི་ངོ་སོ་ཧམ་ཐོབ་ཀྱིས་འཚོལ་དུས། གྲྭ་དཀྱུས་རྣམས་སྡོམ་ཁྲིམས་ཁས་ལེན་བཞིན་དུ་སྲུང་བ་མེད་ཅིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་སྟོང་དུས། དགེ་རྒན་ཚོ་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ལས་གཞི་དང་སྙན་གྲགས། སློབ་མའི་སྐར་གྲངས་མཐོ་དམའ་ཁོ་ནའི་ངོ་གདོང་འཚོལ་དུས།  སློབ་མ་ཚོས་སློབ་སྦྱོང་གི་མཐར་ཐུག་གི་དམིགས་ཡུལ་གཞུང་བྱེད་པ་ཉག་གཅིག་གི་གླ་བར་གྱུར་དུས། སྐྱ་བོ་ཚོས་ཁྱིམ་སྲིད་དང་ཁྱིམ་ལས་དོར་སྟེ་ཉིན་མཚན་རིས་སུ་མེད་པར་ཌ་རུ་དང་དྲིལ་བུ་བཟུང་བཞིན་ཉོན་མོངས་རྒྱ་ཡན་གྱི་ནག་ཁུང་སྒོམ་ཞིང་འཁྲུལ་བྲལ་དག་ཆོས་སུ་རློམ་དུས།  མི་རིགས་འདིས་རྒྱུ་ནོར་རྐྱང་བ་བསམ་སྟེ་རིགས་དང་འཆི་གསོན་བདེ་སྡུག་གི་ལས་དབང་ཐུགས་ཀ་ནས་ཡལ་བར་འདོར་དུས། ཁྱེད་ཉིད་གཡོ་བ་མེད་པའི་རི་རྒྱལ་བཞིན། དུས་འགྱུར་གྱི་དབང་བཙན་པོས་ངུར་སྨྲིག་གི་ན་བཟའ་ཕུད་དགོས་ཀྱང་འདུལ་ཁྲིམས་ལ་རྡོག་རྩིས་མ་བཏང་བས།   ཁྱོད་ཀྱི་མི་ཚེའི་ནང་ཆོས་མིན་ཆོས་ལོག་དང་།ཉེས་སྐྱོན་ཅི་རིགས་ཀྱི་གཏམ་རྒྱུད་ཅི་ཡང་མེད་ལ། ལས་གྲོགས་རེ་འགས་ཁྱོད་ལ་དཔྱད་རྩོམ་རེ་བྲིས་ཏེ་ལས་གནས་འཕར་ཆོག་པའི་ནན་བསྐུལ་བཏང་ཡང་བདག་ལ་ད་ཡོད་ཀྱི་ཟླ་ཕོགས་ཀྱིས་མི་འདང་བ་ཡེ་མེད་ཅེས་དང་།ལྷག་པར་རང་གིས་གཞན་ལ་ཕན་ཐོགས་མི་ཐུབ་པས་ད་ནི་སྒོར་མོ་མང་བས་ཅི་བྱ་ཞེས་ཤ་ཚ་ངང་གདམས་པས། སྐུ་ཉིད་སློབ་ཁྲིད་ལ་ཕེབས་ཡུལ་རེ་རེ་ནས་ཁྲིད་དངུལ་ཅི་འདྲ་བ་བསྟབས་ཀྱང་ཟུར་ཙམ་ཡང་མ་བཞེས་པར་དེ་ཙམ་ཡང་ཕངས་སེམས་ཅི་ཡང་མེད་པར་ས་གནས་དེ་གའི་དབུལ་ཕོངས་སློབ་མ་གསོ་སྐྱོང་གི་ཐད་དུ་སྦྱིན། ཁྱོད་ཀྱི་མི་ཚེའི་ཁྲོད་རང་གི་འདོད་དོན་གྱིས་བསླངས་པའི་ལས་གཞི་ཆེན་མོ་ག་གེ་མོ་དང་བརྩམས་ཆོས་དཔེ་ཆ་ཞིག་ལྟ་ཅི། ཐ་ན་དཔྱད་རྩོམ་ཉག་གཅིག་ཀྱང་མ་མཐའི་སྒེར་གཉེར་ཚགས་པར་ཞིག་གི་སྟེང་དུའང་མཐོང་ཡུལ་དུ་བྲལ་མོད།  དེ་ཙམ་ཡང་གཞན་ལ་ཕན་གནོད་ཁྱབ་ཆེ་ཆུང་གི་ཀུན་སློང་རྣམ་པར་དག་པས་མ་བརྩམས་པ་ཡིན་གྱི་རྩོམ་རྩལ་གྱི་བློ་གྲོས་ཞན་པས་ག་ལ་ཨང་། འདི་ལྟར་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལྡེ་མིག་དང་། ལྷག་བསམ་དྲི་མ་མེད་པའི་གོམ་སྟབས་རེ་རེ་སྟེ། ལུས་ངག་གི་མཚན་མ་རེ་རེ་ང་ཚོའི་མིག་མདུན་དུ་བཤམས་བྱུང་བས།  ང་ཚོའང་བླུན་པོ་ཆུ་སྣ་གར་ཁྲིད་མིན་པའི་དན་རྟགས་ལ་ཁྱོད་ཉིད་ཀྱི་རིན་ཐང་དེ་ཉིད་ཤེས་ཤིང་། ཕྱིའི་བསླུ་བྲིད་དང་བཅོས་མས་གཡོགས་པའི་ལྗོན་པ་མང་པོ་ལས་ཁྱོད་ཉིད་ཙན་དན་ལྗོན་པ་དེ་ཉིད་དུའང་ཤུགས་ཀྱིས་རྟོགས།མཇུག་མཐར་དམ་པ་ཁྱོད་ཀྱི་སྐུ་ཚེ་རིང་ཞིང་ཐུགས་བཞེད་ཐམས་ཅད་འགྲུབ་པ་དང་།  ཆོས་གོས་མ་མནབས་ཀྱང་ཆོས་ཚུལ་ལས་ཆ་ཙམ་ཡང་འདའ་བ་མེད་པའི་དམ་པ་ཁྱོད་ལ་ཕྱག་ཅིག་འབུལ་བར་ཀྱེ། །

ཨ་མྱེས་རྨ་ཆེན་གྱི་འཕྲིན་སྟེགས་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།