ཀྲུང་གོ་བོད་ཀྱི་དྲ་བ།

སྐལ་རྒྱམ་གྱི་ལྷུག་རྩོམ་གསར་པ། 《སྒོ་ཁྱི།》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྐལ་རྒྱམ།(མངའ་རིས)   སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20171011113758.jpg

སྐལ་རྒྱམ།  དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་དུས་སྨད་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྒོ་མེ་ཚོ་བར་སྐྱེས་ཤིང་།  ཕ་མ་བཟང་བོའི་སྐུ་དྲིན་དུ་སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།  ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཤིང་།  སྤྱི་ལོ་2006ལོར་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཏེ་བོད་ལྗོངས་ཡིག་ཚགས་ཁང་དུ་བྱ་བར་ཞུགས།  ད་ལྟ་ལས་ཁུངས་དེ་གར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་ཞིབ་འཇུག་གི་བྱ་བ་གཉེར་གྱིན་ཡོད།  1996ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་ད་ལྟའི་བར་དུ《ཀྲུང་གོའི་བོད་རིག་པ》དང་《བོད་ལྗོངས་ཞིབ་འཇུག》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སོགས་ཀྱི་སྟེང་དུ་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་དང་ལྷུག་རྩོམ་གཙོ་བྱས་པའི་སྒྱུ་རྩལ་རྩོམ་རིགས་མང་ཙམ་སྤེལ།  རྩོམ་ཡིག་ཁ་ཤས་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་།  དཔྱད་རྩོམ་དང་ལྷུག་རྩོམ་ཁ་ཤས་མི་རིགས་དཔེ་སྐྲུན་ཁང་དང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་པར་སྐྲུན་བྱས་པའི་འབྲེལ་ཡོད་བསྡུས་རྩོམ་དེབ་ཏུ་འདེམས་ཡོད། 

1

ང་ཚོ་འགྲོ་བ་མིའི་རིགས་ནི་འཇིག་རྟེན་འདིའི་སྲོག་ཆགས་གཞན་དག་དང་བསྡུར་ན་ཧ་ཅང་བློ་རིག་དང་ལྡན་པ་ཞིག་ཡིན་ལ།  རང་ཉིད་ཀྱིས་རང་ཉིད་ལ་སྨྲ་ཤེས་ཤིང་དོན་གོ་བ་ཞེས་ཆེ་བསྟོད་ཀྱི་ཆོ་ལོ་སྙན་པོ་ཞིག་ཀྱང་སྤྲད་ཡོད་པ་རེད།   དེ་བཞིན་རང་ཅག་མིའི་རིགས་ནི་གོ་ལ་འདིའི་སྟེང་གི་སྒེར་སེམས་དང་འདོད་ཧམ་ཆེས་ཆེ་བའི་སྲོག་ལྡན་རྫུ་བག་དང་བྲལ་བ་ཞིག་ཀྱང་ཡིན་ཏེ།  རང་བྱུང་གི་ཁོར་ཡུག་དང་སེམས་ཅན་མང་པོ་ཞིག་སྒེར་གཅོད་དང་བཙན་དབང་གིས་རང་ཉིད་ཀྱིས་བདག་གིར་བཟུང་ཡོད་པ་རེད།  རེད་ཡ།  སྒོ་ཁྱིའང་མིའི་རིགས་ཀྱིས་རྒོད་ནས་གཡུང་ལ་ཕབ་སྟེ་བདག་འཛིན་བྱས་ཡོད་པའི་སེམས་ཅན་མང་པོ་དེའི་ཁྲོད་ཀྱི་རིགས་གཅིག་ཡིན་ལ།  བདག་པོ་གང་དེར་བློ་སེམས་དཀར་ཞིང་རང་ཉིད་ཀྱི་དཀའ་སྡུག་དང་རྔུལ་ཁྲག་ཡོད་ཚད་གཞིས་ཁྱིམ་ཞིག་གི་བདེ་འཇགས་ལ་ཕུལ་བཞིན་པའི་སྲོག་ཆགས་རླབས་ཆེན་ཞིག་ཀྱང་ཡིན་ལགས།

2

སྒོ་ཁྱི་ནི་སྦྲ་ཁྱིམ་དང་ཁང་མིག་གང་རུང་གི་སྒོ་ཁར་བཏགས་ཡོད་པའི་ཁྱི་དེའི་མིང་སྟེ།  བབ་ཆགས་པའི་ཐ་སྙད་འདི་ལས་ཀྱང་སེམས་ཅན་གང་དེའི་ལས་དབང་གིས་བསྐོས་པའི་གོ་གནས་དེ་མངོན་མཚོན་བྱས་ཡོད་པ་རེད།   དེར་བརྟེན།  ཁང་ཁྱིམ་དང་རླངས་འཁོར་གྱི་ཡ་གིའི་ཕུགས་ན་བྱིས་པ་བཞིན་བདེ་སྐྱིད་ཀྱི་རྨི་ལམ་རྨི་བཞིན་པའི་ཁྱི་གུ་དེའི་རིགས་ནི་སྒོ་ཁྱི་མིན་ལ།  སྟོད་གོས་ཀྱིས་གཟབ་མཆོར་སྤྲས་ཤིང་ཐོག་ཁང་གི་མལ་ཁྲིའི་སྟེང་ན་གན་རྐྱལ་དུ་ཉལ་བའི་ཁྱི་རྒན་དེའི་རིགས་ཀྱང་སྒོ་ཁྱི་ག་ལ་ཡིན།  

3

སྒོ་ཁྱི་ནི་ཉིན་མཚན་དུས་དྲུག་ལ་འདོགས་ཐག་འདོམ་གང་གི་རང་དབང་ཁྲོད་ཚེ་ཚད་ཟད་ཀྱིན་པའི་སེམས་ཅན་སྙིང་རྗེ་བོ་དེ་ཡིན་ལ།  སྒོ་ཁྱི་ནི་ཁ་ཟས་ཐུན་གཅིག་གིས་ཉིན་ཞག་ཁ་སྤྲོད་ལ་སྒོ་ཕྱུགས་དང་ཁང་ཁྱིམ་གྱི་ཆགས་འཇིག་སྲུང་བཞིན་པའི་བློས་ཐུབ་ཀྱི་གྲོགས་པོ་དེ་ཡིན་ལགས། ནམ་རྒྱུན། ང་ཚོས་སྦྲ་ནག་གི་དྲོད་ཁོལ་འོག་ཏུ་ཞིམ་མངར་གྱི་བཟའ་བཏུང་ལ་རོལ་དུས།  སྒོ་ཁྱི་ནི་བཙན་རྒོལ་གྱི་སོ་སྲུང་ཇི་བཞིན་ཁ་ཆར་དང་བུ་ཡུག་ཁྲོད་དུ་ཀྲོང་ངེར་འགྲེང་ཡོད་ལ།  ང་ཚོས་ཁང་ཁྱིམ་གྱི་མལ་གདན་སྟེང་དུ་རྨི་ལམ་གྱི་ཞིང་ཁམས་མྱུལ་དུས།  སྒོ་ཁྱི་ནི་ལྷས་འགྲམ་གྱི་འདོགས་ཕུར་འཁྲིས་ན་ལྟོག་སྐོམ་གྱི་ན་ཟུག་སྒོམ་གྱིན་མཚན་ལྗོངས་ཀྱི་ལྷིང་འཇགས་དཀྲོག་བཞིན་གདའ།

4

སྒོ་ཁྱིས་ང་ཚོར་གནང་བ་ནི་ཟོལ་མེད་ཀྱི་བརྩེ་བ་དང་འགྱུར་མེད་ཀྱི་ཡིད་རྟོན་དེ་ཡིན་ལ།  ང་ཚོས་སྒོ་ཁྱིར་ཕུལ་བ་ནི་ལྕགས་ཐག་འདོམ་གང་གི་རང་དབང་དང་ཟས་ལྷག་སྐྱོགས་གང་གི་དྲོད་ཁོལ་དེ་ཡིན།  སྒོ་ཁྱིས་ང་ཚོར་བསྐྲུན་པ་ནི་བདེ་འཇགས་ཀྱི་ཁྱིམ་གཞིས་དང་རི་སྤྱང་གི་འགོག་རྒོལ་དེ་ཡིན་ལ།  ང་ཚོས་སྒོ་ཁྱིར་བསྐྲུན་པ་ནི་ཚེ་གཅིག་གི་ཁེར་རྐྱང་དང་ཚ་གྲང་གི་སྡུག་ཡུས་དེ་ཡིན།  སྒོ་ཁྱིས་ང་ཚོར་བསྩལ་པ་ནི་ཞུམ་མེད་ཀྱི་སྙིང་སྟོབས་དང་མུ་མེད་ཀྱི་བདེ་སྐྱིད་དེ་ཡིན་ལ།  ང་ཚོས་སྒོ་ཁྱིར་བྱིན་པ་ནི་སུན་སྣང་གི་ལོ་ཟླ་དང་རྔམ་བརྗིད་ཀྱི་འོས་འགན་དེ་ཡིན་ལགས།

5

སྒོ་ཁྱི་ལའང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཡོད་ལ།  སྒོ་ཁྱི་ལའང་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་ཡོད་ལོས་ཡོད།  སྒོ་ཁྱི་ལའང་ཕ་མ་སྤུན་མཆེད་ཀྱི་ནང་མི་ཡོད་ལ།  སྒོ་ཁྱི་ལའང་བཟའ་ཚང་བུ་ཕྲུག་གི་འདོད་བརྩེ་ལོས་ཡོད།  དེར་བརྟེན།  ང་ཚོས་སྒོ་ཁྱིའི་གཏོང་ཕོད་ཀྱི་སྙིང་སྟོབས་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་ཏེ།  གཞན་ཕན་གྱི་ལྷག་བསམ་དང་བདག་མེད་ཀྱི་འདུ་ཤེས་ཟེར་བ་དེ་སྒོ་ཁྱི་ལ་དངོས་ནས་ལྡན་པ་རེད།  ང་ཚོས་སྒོ་ཁྱིའི་དཀའ་སྡུག་གི་འཚོ་བ་ལ་ངེས་པར་དུ་བསམ་གཞིགས་བསྐྱེད་དགོས་ཏེ།  ཁེར་རྐྱང་གི་སྡུག་བསྔལ་དང་སུན་སྣང་གི་ཉིན་མཚན་གྲངས་མེད་གཞན་དོན་ཁོ་ནར་བསྐྱལ་མཁན་དེ་སྒོ་ཁྱི་རེད།  ང་ཚོས་སྒོ་ཁྱིའི་ལས་དབང་གི་གདམ་ཀ་ལ་སེམས་གཏིང་ནས་འགྱོད་བཤགས་གཏོང་དགོས་ཏེ།  རང་ཉིད་ཀྱི་མིག་ཆུ་དང་དཀའ་ཚེགས་ཡོད་ཚད་ང་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་འབུལ་མཁན་དེའང་སྒོ་ཁྱི་རེད་ཡ།

6

སྒོ་ཁྱིས་དུས་རྒྱུན་དུ་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བག་དང་བསྟུན་ཏེ།  སྦྲ་ཁྱིམ་དེ་སྐྱས་སྤོར་བྱེད་པའི་ཉིན་མོ་དེར་རེ་བསྒུག་བྱས་ཡོད་དེ།  རྒྱུ་མཚན་ནི་ཉིན་མོ་དེར་ཁོ་རང་འདོགས་ཐག་གི་བཀག་རྒྱ་ལས་གྲོལ་ཏེ་རང་དབང་གི་གོམ་སྟབས་བསྒྱུར་ཆོག་པས་རེད།  ཉིན་མོ་དེར་སྒོ་ཁྱིས་་ལོ་གཅིག་ལ་བཀག་སྡོམ་བྱས་པའི་རྣམ་ཤེས་ཀྱི་གཤོག་ཟུང་དེ་གང་འདོད་དུ་བརྐྱང་ཆོག་པས་རེད།   ཉིན་མོ་དེར་ཁོ་རང་རིགས་མཐུན་གྱི་ཁྱི་ཚོགས་ཁྲོད་ནས་རྩེད་འཇོ་ཐེངས་གཅིག་བྱས་ཆོག་པས་རེད།  རྒྱུ་མཚན་དེའི་དབང་གིས།  སྦྲ་ནག་སྐྱས་སྤོར་གྱི་ཞོགས་པར་བདག་པོས་འདོགས་ཐག་ལས་གྲོལ་མ་ཐག   སྒོ་ཁྱི་ནི་བཙོན་གྲོལ་བྱུང་བའི་བཙོན་མ་ནང་བཞིན་དགའ་སྤྲོའི་ངང་གནམ་ལྡིང་ས་ལྡིང་བྱེད་ལ།  སྒོ་ཁྱི་ནི་ལོང་བར་མིག་ཟུང་སྤྲད་པའི་སྤྲོ་བ་ཇི་བཞིན་གང་འདོད་དུ་ཡར་རྒྱུག་མར་རྒྱུག་བྱེད་དོ།།

7

ང་ཚོས་སྒོ་ཁྱི་ལ་གཅེས་སྤྲས་བྱ་དགོས་ཏེ།  དེའི་ལྷག་བསམ་དང་ཡིད་རྟོན་ནི་སྤྱིར་བཏང་གི་གྲོགས་པོ་ཞིག་ལས་ཆེས་ཆེར་འགོངས་པས་སོ།།  ང་ཚོས་སྒོ་ཁྱི་ཡི་དྲིན་ལན་ཚོར་དགོས་ཏེ།  དེས་གཞིས་ཁྱིམ་འདིའི་སྐྱིད་སྡུག་གི་སླད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ཡོད་པས་སོ།།  ང་ཚོས་སྒོ་ཁྱི་ལ་ཟས་མཆོག་སྤྲོད་དགོས་ཏེ།  དེས་རི་སྤྱང་དང་ཇག་རྐུན་གྱི་འགོག་རྒོལ་ལ་ལུས་ཟུངས་ཀྱི་འཚོ་བཅུད་འཛོམ་དགོས་པས་སོ།།  ང་ཚོས་སྒོ་ཁྱི་དེ་རང་བུ་བཞིན་བསྐྱང་དགོས་ཏེ།  དེས་གནད་འགག་གི་སྐབས་སུ་རང་བུ་ལས་ལྷག་པའི་བྱ་སྤྱོད་ཀྱིས་མི་སེམས་སྒུལ་ཐུབ་པས་སོ།།

8

དེ་ལས་ཀྱང་ཡིད་སྐྱོ་བ་ནི་སྒོ་ཁྱིའི་ཚེ་མཇུག་གི་ལས་དབང་སྟེ།  རྒྱུ་འབྲས་དང་སྙིང་རྗེ་བྲལ་བའི་བདག་པོ་ལ་ལས།  ཚེ་གཅིག་ལུས་གཅིག་ལ་རང་ཁྱིམ་གྱི་སྐྱིད་སྡུག་ཐད་བློ་སེམས་དཀར་པའི་སྒོ་ཁྱི་གང་དེ།  ལོ་ཟླའི་འགྱུར་བག་ཁྲོད་ན་སོ་རྒས་འཁོགས་སུ་གྱུར་ཚེ།  དབང་བོ་ཉམས་རྒུད་དུ་གྱུར་ཏེ་རིན་ཐང་དབེན་ཚེ།  རྐང་ལག་ན་ཚོད་ཀྱི་རྐྱེན་པས་ལྡེམ་མྱུར་བྲལ་ཚེ།   མཚེར་ཤུལ་དུ་གད་སྙིགས་བཞིན་གཡུག་ཅིང་།  སྟོང་འཇགས་འཇགས་ཀྱི་རི་ལུང་དག་ན་བདག་མེད་ཀྱི་དྭ་ཕྲུག་ནང་བཞིན།  མིག་ཟུང་མཆི་མས་རློན་གྱིན་སུ་ཞིག་ལ་རེ་བསྒུག་གི་མིག་ཟུང་བགྲད་ཡོད།  ཁ་ཆར་དང་བུ་ཡུག་གི་འཇབ་རྒོལ་ཁྲོད་ན་གྲང་ལྟོགས་ཀྱི་ན་ཟུག་སྒོམ་བཞིན།  ལུས་ཟུངས་ཉག་གཅིག་གི་གསོན་ཤུགས་ལ་བརྟེན་ཏེ་སུ་ཞིག་གི་ལོག་ཕེབས་ལ་རེ་ལྟོས་བྱས་ཡོད་ཨང་།

9

སྤྱིར་གནའ་མི་ཚོས་རྟག་པར་སྒོ་ཁྱི་ནི་གང་འདོད་དུ་གསོད་མི་རུང་སྟེ།  གལ་ཏེ་བསད་པ་ཡིན་ན་ཚེ་ཕྱི་མར་དེའི་གྲོད་ཁོག་གསེར་གྱིས་ཁེངས་དགོས་པར་གསུངས་ལ།  བོད་མའི་སྲོལ་རྒྱུན་གྱི་གོམས་སྲོལ་དུའང་ཁྱིའི་ཤ་ནི་གཏན་ནས་མི་བཟའ་ལ།  དེ་ནི་རང་ཅག་བོད་རིགས་ཀྱིས་སྒོ་ཁྱིར་བཟུང་བའི་བསམ་བློའི་འདུ་ཤེས་ཤིག་ཡིན་ལ།  སྒོ་ཁྱིའི་ཚེ་སྲོག་ནི་ནོར་ལུག་ལས་ལྷག་པའི་དྲིན་གཟོ་བའི་རྣམ་འགྱུར་ཞིག་ཀྱང་ཡིན་སྲིད་མོད།  ཡིན་ནའང་།  དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ང་ཚོས་སྒོ་ཁྱི་ལ་སྤྲད་པའི་གོ་གནས་དེ་ཤིན་ཏུ་དམའ་དྲགས་པ་སྟེ།  རང་དབང་དང་ཐོབ་ཐང་བྲལ་བའི་ཉམ་ཐག་པའི་སྒོ་སྲུང་བ་ཞིག་རེད།  ཟས་ལྷག་དང་འཐུང་ལྷག་སྤྲོད་སའི་སེམས་ལྡན་གྱི་གད་སྙིགས་འཕེན་ས་ཞིག་རེད་ཨང་།

10

མདོར་ན།  སྒོ་ཁྱི་ནི་ང་ཚོ་མིའི་རིགས་ཀྱིས་ཐབས་ཤེས་དང་གཡོ་ཇུས་ཀྱིས་གྲོགས་སུ་བཀུགས་པ་ནས།  རང་ཅག་ལ་ཆེས་བློ་སེམས་དཀར་བའི་སེམས་ལྡན་གཞུང་དྲང་ཞིག་ཡིན་ལ།  སྒོ་ཁྱི་ནི་འོ་སྐོལ་མིའི་རིགས་ཀྱིས་སྒེར་སེམས་དང་འདོད་ཧམ་གྱིས་ཁྱིམ་དུ་ཉར་བ་ནས།  ཁྱིམ་གཞིས་གང་དེར་ཆེས་ཡིད་རྟོན་བྱེད་པའི་སྲོག་ཆགས་གཏན་ཚིགས་དང་ལྡན་པ་ཞིག་ཀྱང་ཡིན་པས།  ལས་འབྲས་དང་བྱང་སེམས་ཀྱི་རྣམ་གཞག་རྟོགས་པའི་བདག་པོ་ལ་ལ་ཞིག་གིས།  སྒོ་ཁྱི་དེ་རང་གི་ཁྱིམ་མི་ལྟར་བྱམས་བརྩེ་དང་ཐུགས་ཁུར་གྱིས་བདག་སྐྱོང་བྱེད་སྲིད་ཀྱང་།  རང་རེའི་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་དེ་ལྟའི་བདག་པོ་ནི་ཧ་ཅང་ཉུང་ཉུང་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།  དེར་བརྟེན།  ང་ཚོས་ཉམ་ཐག་པའི་བློས་ཐུབ་ཀྱི་གྲོགས་པོ་འདིའི་སྐྱིད་སྡུག་ངེས་དགོས་ལ།  ང་ཚོས་སྙིང་རྗེ་བའི་འགྱུར་མེད་ཀྱི་སོ་སྲུང་བ་དེའི་དྲིན་ལན་རྟོགས་དགོས་སོ།།  ང་ཚོས་བབ་ཆགས་པའི་སྲོག་ཆགས་གང་དེར་བདག་སྐྱོང་ལེགས་པོ་བྱ་དགོས་ལ།  ང་ཚོས་བློ་དཀར་པའི་སྒོ་ཁྱིའི་ལྷག་བསམ་དང་དྲིན་ལན་དེ་བསམ་གཏིང་ནས་འཇལ་དགོས་སོ།།

སྤྱི་ལོའི་ཟླ་ཚེས་ལ་སྟོད་མངའ་རིས་ནས་བྲིས།

 ༢༠༡༧.༡༠.༥

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།