ཨ་མའི་འགྱོད་གདུང་། ཨ་མའི་རེ་བཞག

ངའི་ཨ་མ་ལགས་ནི་ཚེ་གང་པོར་ཡུལ་གྱི་སྒོ་ཁྱིམ་བར་ནས་ལུས་ཤིང་འབྲོག་ལས་རྐྱང་རྐྱང་གིས་མི་ཚེའི་རྣམ་ཐར་བྲིས་པའི་སྐྱེས་དམན་ཞིག་ཡིན།

ཆུང་བྱིས་པའི་དུས་སུ་ཨ་མ་ལགས་ལ་ངས་ལག་རོགས་དང་ཞབས་ཏོག་ཅུང་ཙམ་བྱས་མྱོང་། དཔེར་ན་བཞོ་བྱེད་པའི་སྐབས་སུ་རྡང་འདབས་ནས་བེའུ་ཕུད་པ་དང་ཉི་མར་སྐམ་པའི་ཆུར་བ་བསྲུངས་ཏེ་འབྲི་མཛོ་མོ་ཆུར་ཟན་རྣམས་དབྱུག་སྐོར་གྱིས་ཕར་འདེད་པ། ཐང་ས་བཤུ་བ། འོ་བཤིགས་འཕྲུལ་ཆས་སྐོར་བ། ཨ་མའི་སྐྲ་ཤད་དུས་མགོ་ལ་ཆུ་བླུགས་པ་དང་རྒྱབ་འཕྲུག་པ་སོགས་བྱས་མྱོང་། འོན་ཀྱང་ང་ཚོའི་སྡེ་བའི་རྒན་རྒོན་ཚོའི་མིག་ནང་ནས་ང་རང་ཨ་མར་ལག་རོགས་བྱེད་པའི་བྱིས་པ་ཡ་རབས་ཤིག་ཡིན་པ་ལྟ་ཞོག སྲིད་པའི་དྲ་བར་ཚུད་ཐབས་མེད་པའི་བྱིས་པ་པྲ་ཆལ་ཞིག་རེད་ཟེར། ངས་ད་ལྟ་བསམ་བློ་བཏང་ན་དེ་ལྟར་ཟེར་བའི་རྒྱུ་རྐྱེན་གཙོ་བོ་རིགས་འགའ་ཡོད་དེ། གཅིག་ནི་ངའི་སྐྱེས་བཞིན་ལ་འབྲེལ་བ་ཡོད་སྙམ། མགོ་སྐྲ་ཧ་ཅང་སེར་བ་དང་སྨིན་མ་ཅུང་ཙམ་ཡང་སྐྱེས་མེད་པའི་ངོ་ཚུགས་ཀྲོག་ཀྲོག་དགོད་བྲོ་བ་ཞིག་ཡིན་པས། ཁྱིམ་དུ་ཡོང་བའི་མགྲོན་པོ་ལ་ལས་ང་ནི་ངེད་ཚང་གི་ཕ་མ་གཉིས་ཀྱི་བུ་མིན་པར་རྒྱ་ཁོག་ཅིག་ནས་ཁྱེར་ཡོང་བ་རེད་ཅེས་ཀྱལ་ཀ་སློང་བར་བྱེད། གཉིས་ནི་ང་མི་ཧ་ཅང་གཤིས་ངན་རྒྱུད་གྱོང་ཞིག་ཡིན་ཏེ། ཨ་མ་ལས་གཞན་མི་སུས་མངགས་ན་གོམ་གང་ལ་མི་འགྲོ་བར་མགོ་འཕྲུག་ཞོར་དུ་ཨ་མའི་རྗེས་ནས་རྔ་ལི་ལྟར་རྒྱུག་གིན་ཡོད། གསུམ་ནི་དཔྱིད་ཀ་སླེབས་ན་སྡེ་འདབས་ཀྱི་གཙང་འགྲམ་ནས་ཉིན་གང་པོར་སྦལ་ལྕོང་དང་འདམ་འབག་གིས་རྩེད་སྤྱད་བྱེད་པ་དང་། དགུན་ཁ་གཙང་པོ་དེའི་སྟེང་ནས་དར་ཤུད་ཀྱིས་ཉི་མ་གཏོང་བ། མཚམས་མཚམས་སུ་ང་ཚོའི་སྡེ་བའི་རྒྱབ་རི་ལབ་རྩེ་ཅན་དེའི་ཡང་རྩེར་འཛེགས་ནས་མེས་ཚིག་ཐུབ་མེད་པའི་བསང་རྫས་ཀྱི་ནང་གི་ཀ་ར་སྒུམ་ནས་ཟ་བ་དང་། ལབ་ཙེའི་དཔུང་རྒྱན་གྱི་དར་ལྕེ་བཅད་ནས་རྩེད་རའི་ནང་གི་ར་ཅོ་དག་ལ་སྲུང་དར་བཏགས་ཏེ་སྲུང་ཟོག་བྱེད་པའམ་ཚེ་ཐར་གཏོང་བ་དང་། ལུག་གི་འགྲམ་རུས་སྐམ་པོར་གཡང་ར་བཏགས་ནས་རྟ་བྱས་ཏེ་བཞོན་པ་ཡིན། བཞི་པ་ནི་ཨ་ཅེའི་མག་པ་དང་ཕུ་བོ་དཀོན་མཆོག་སྐྱབས་སོགས་ཀྱི་ཤོག་དུད་བརྐུས་ཏེ། བྲག་ཁུང་ཞིག་ཡོད་པ་དེའི་ནང་དུ་སོང་ནས་འཐེན་བཞིན་རྐྱལ་སྟོང་གི་ཚུགས་ཀ་འདྲ་བྱས། ད་དུང་ཆང་དཀར་ཞིག་འཐུང་བསམ་ནའང་གཏན་ནས་ཁ་ལ་རག་མ་སོང་། ཞང་པོ་ཆང་འཐུང་ཞིག་ཡོད་པ་དེ་ངེད་ཚང་ལ་ཡོང་དུས་ཁོའི་ལུས་སྟེང་ན་དུས་རྒྱུན་ཆང་དཀར་གྱི་དྲི་མ་ཤིན་ཏུ་ཞིམ་པོ་ཞིག་འདུག ངས་ཆང་དྲི་ཞིམ་པོ་དེར་སྣོམ་ཕྱིར་ཁོ་ངེད་ཚང་ནས་འགྲོ་རག་བར་གམ་དུ་བཅར་ནས་བསྡད་པ་ཡིན། གལ་ཏེ་ཞང་པོ་ནུབ་མོ་ཞག་འདུག་འདྲ་བྱས་ན་ང་ཁོའི་རུམ་ནས་ཉལ་བ་ཡིན། ཉིན་ཞིག་ལ་ཞང་པོ་ངེད་ཚང་ནས་འགྲོ་དུས་ཆང་དཀར་གྱི་ཤེལ་དམ་སྟོང་པ་ཞིག་ཤུལ་དུ་བཞག་ནས་བུད་སོང་། ངས་ཨ་ཕའི་མི་མཐོང་བའི་གནས་ཤིག་ཏུ་ཡིབ་སྟེ་ཤེལ་དམ་དེའི་ཁ་ཕྱེ་ནས་ནང་གི་ཆང་དྲི་ལ་ཡང་ཡང་སྣོམ་པ་དང་དེའི་ནང་དུ་ཆུ་འཁྱག་བླུགས་ནས་ཆང་དཀར་ཡིན་ཁུལ་གྱིས་འཐུང་བ་ཡིན། ད་རུང་ཨ་མ་དང་ཕུ་བོ་ཚོའི་མདུན་ནས་ཆང་གིས་ར་བཟི་བའི་ཟོལ་གྱིས་གོམ་པ་འཁྱར་འཁྱོར་གྱིས་སྨྱོ་རྟགས་འདྲ་བསྟན་མྱོང་། ཨ་མས་ངའི་བྱ་སྤྱོད་དེ་མཐོང་རྗེས་ང་རང་ལག་ཆགས་རྗེས་ཁྱིམ་མི་རྣམས་སྡུག་ལ་གཏོད་མཁན་གྱི་མདོ་མེད་རྐྱལ་སྟོང་ཞིག་ཡིན་ཤ་སྟག་རེད་ཅེས་སེམས་ཁྲལ་གྱི་ཚིག་འགའ་རེ་ངག་ནས་ཤོར།

ངའི་ཨ་མའི་མི་ཚེ་ནི་བཞོན་མ་བཞོས་ཏེ་དཀར་ལས་བྱེད་པ་དང་། ལྕི་བ་འཕེན་པ། ཕྲུ་གུ་བཙའ་བ་དང་བྱིས་པ་སྙོར་བ། འཁེལ་འཐག་བྱེད་པ། རྩམ་པ་འཐག་པ་སོགས་ཀྱིས་མགོ་བརྩམས་ཤིང་མཇུག་བསྡུས་ཡོད། དེའི་ཕྱིར་ཁོ་མོའི་ཚེ་འདིའི་མཐོང་ཐོས་དང་ཉམས་མྱོང་། དྲན་པ་དང་ཤེས་པ། དགའ་བ་དང་སྐྱོ་བ་ཡོད་ཚད་སྦྲ་ནག་གི་སྒོ་ཕྱི་ཁྱིམ་བར་ན་ཡོད། འོན་ཀྱང་ངའི་ཨ་མ་ནི་རང་གི་བུ་ཕྲུག་རྣམས་སློབ་གྲྭར་གཏོང་བར་ཧ་ཅང་དགའ། ང་རང་ནར་སོན་རྗེས་རིག་གནས་ཡོན་ཏན་གང་ཡང་སྦྱང་མ་མྱོང་བའི་འབྲོག་མོ་ཞིག་ལ་བུ་ཕྲུག་ཚོར་དཔེ་ཆ་འདོན་དུ་འཇུག་རྒྱུའི་བསམ་ཚུལ་དེ་འདྲ་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ་སྙམ་བྱུང་།

ཕྱིས་སུ་ཨ་མས་ངེད་ཅག་གི་མི་ཚེའི་མདུན་ལམ་སྐོར་གླེང་དུས། རྒྱུན་དུ་སྐབས་དེའི་མོའི་བསམ་ཚུལ་ལ་འདི་ལྟར་ཕྱིར་དྲན་བྱེད་ཀྱིན་ཡོད། དེ་དུས་ང་ལ་ཁྱིམ་འདི་ན་ཁ་དབང་ལྕེ་གསུམ་ཞིག་ཡོད་ན་ངས་བུ་ཕྲུག་ཚང་མ་སློབ་གྲྭར་གཏོང་ཁོ་ཐག་རེད། བུ་ཕྲུག་ཚང་མ་སློབ་གྲྭར་འགྲོ་ཐུབ་སོང་ན་ཁྱིམ་ཚང་གི་འཁོར་བའི་ལས་ཀ་ཡོད་ཚད་ང་རང་གཅིག་པུས་འཁུར་དགོས་ཀྱང་དཀའ་སྣང་ཞིག་མེད་ཀི་བསམས་མྱོང་། ངས་རང་གི་ཁྱོ་གར་བུ་ཕྲུག་རྣམས་སློབ་གྲྭར་གཏོང་དགོས་པའི་རེ་བ་ཡང་ཡང་ཞུས་མཐར། བུ་གསུམ་པ་སློབ་གྲྭར་མངགས་སོང་། གལ་ཏེ་ཁོས་སློབ་གྲྭའི་ནང་ནས་དཔེ་ཆ་ཡག་པོ་བཏོན་ན་བུ་ཆུང་བ་རྣམས་མུ་མཐུད་དུ་སློབ་གྲྭར་གཏོང་། གལ་ཏེ་ཁོས་སློབ་གྲྭའི་ནང་ནས་པྲ་ཚགས་བྱས་ཏེ་དཔེ་ཆ་ཡག་པོ་མ་བཏོན་ན་བུ་ཆུང་བ་རྣམས་སློབ་གྲྭར་མངག་རྒྱུ་མིན་ཟེར། ངའི་སེམས་ལ་བུ་གསུམ་པ་བདེ་བླག་ངང་མཐར་ཕྱིན་སོང་ན་བུ་ཆུང་བ་རྣམས་ཀྱང་སློབ་གྲྭར་འགྲོ་བའི་བསྐལ་པ་ཡོད་སོང་བ་རེད། བུ་ཆུང་བ་རྣམས་ལ་སློབ་གྲྭ་འགྲིམ་པའི་བསྐལ་པ་འཐོབ་མིན་བུ་གསུམ་པ་ཁོ་ནར་རག་ལས་ཡོད་འདོད་དེ། ངས་བུ་གསུམ་པ་སློབ་གྲྭའི་ནང་ནས་བདེ་བླག་ངང་སློབ་མཐར་ཕྱིན་པར་རེ་ལྟོས་ཆེན་པོ་བྱས་ཤིང་། བུ་གསུམ་པ་སློབ་གྲྭའི་དབྱར་གནང་དང་དགུན་གནང་སྐབས་ཕྱིར་ཁྱིམ་ནང་དུ་ལོག་ཐེངས་རེར་ཁྱོད་ཀྱིས་སློབ་གྲྭའི་ནང་ནས་དཔེ་ཆ་ཡག་པོ་ཞིག་འདོན་དགོས། འབྲོ་གཏན་ནས་མི་ཉན། གལ་ཏེ་ཁྱོད་ཀྱིས་སློབ་གྲྭ་ཡག་པོ་ཞིག་མ་བཏོན་ན་རྗེས་ཕྱོགས་བུ་ཕྲུག་གཞན་རྣམས་ཀྱང་སློབ་གྲྭར་འགྲོ་མི་ཐུབ་ཅེས་ཁ་བརྡ་སློབ་གསོ་རང་གི་ཤེས་ཚོད་ཅིག་བྱས་མྱོང་། ཡིན་ནའང་བུ་གསུམ་པ་ལོ་རིམ་གསུམ་པར་སླེབས་པའི་དགུན་ཁའི་ཉིན་ཞིག་ལ་འཛིན་བདག་དགེ་རྒན་གྱིས་སྡེ་མི་ཞིག་ལ་སྐད་བཏང་ནས་ངེད་ཚང་གི་བུ་ཕྲུག་སློབ་གྲྭའི་ནང་ནས་བྲོས་སོང་བའི་སྐད་ངན་ཞིག་བསྐྱལ་ཡོང་། ཁྱོ་གས་གཏམ་དེ་ཐོས་མ་ཐག་བུ་ཆུང་འཚོལ་དུ་འགྲོ་དགོས་ཟེར། ངས་ཁྱོ་གར་མར་ཆུར་དང་རྩམ་པ་ཁུག་མ་གང་སོགས་ལམ་བྲོ་ཞིག་གྲ་སྒྲིག་བྱས་པ་ཁྱེར་ནས་ཁོ་རང་འཚབ་འཚུབ་ངང་ལམ་དུ་ཆས་སོང་། ཁོ་གང་ཞིག་ཏུ་འཚོལ་དུ་འགྲོ་རྒྱུ་ཡིན་པ་ངས་ཀྱང་ཤེས་མ་སོང་། བུ་ཆུང་གིས་སློབ་གྲྭའི་ཐག་ཉེ་ན་ཡོད་པའི་དགོན་པའི་ནང་གི་གྲྭ་ཕྲུག་གསུམ་ཁྲིད་ནས་གར་སོང་ཆ་མེད་དུ་གྱུར་འདུག་ཟེར། སྐབས་དེར་བུ་གསུམ་པ་ལོ་བཅུ་གཉིས་ཡིན། ངའི་སེམས་ན་ད་དུང་ནར་སོན་མེད་པའི་བྱིས་པ་བསམ་མེད་ཅིག་ཡིན་པས་ནུབ་མོ་གཉིད་གཏན་ནས་མི་ཁུགས་པར་འདང་རྒྱག་སྣ་ཚོགས་ཀྱི་ནང་དུ་ལྷུང་། སྐབས་དེར་གྲང་ངར་ཆེ་བའི་དགུན་གཞུང་ཞིག་ཡིན་པར་མ་ཟད། ལྷག་ཏུ་ཉིན་དེར་ཁངས་ཆག་ཆེན་པོ་ཞིག་ལྷུང་འདུག ཞི་ལུ་གང་ཞིག་ན་ཙག་གིས་ཕྱིད་ལ་ཡོད་རྒྱུ་རེད། ཡང་ཟ་རྒྱུ་འཐུང་རྒྱུ་མ་རྙེད་པར་ཕོ་བ་ལྟོགས་ཀྱིན་ཡོད་རྒྱུ་རེད་བསམས་ནས་སེམས་གཏན་ནས་བདེ་ལ་འབབ་མ་ཐུབ། འོན་ཀྱང་ཉིན་ཁ་ཤས་འགོར་ནའང་སྐད་ཆ་བཟང་ངན་གང་ཡང་ཐོས་རྒྱུ་མི་འདུག

གང་ལྟར་བུ་ཆུང་སློབ་གྲྭ་ནས་སློབ་བྱོལ་བྱས་པའི་ཉིན་དེ་ནས་བཟུང་བུ་ཆུང་གཞན་དག་སློབ་གྲྭར་འགྲོ་བའི་བསྐལ་པ་ཡོངས་སུ་བརླག་སོང་།

འོན་ཀྱང་ལས་ལམ་དུ་སོང་བ་ཞིག་ལ་ཁྱོད་གཉིས་སློབ་གྲྭར་གཏོང་ཐུབ་སོང་། སྐབས་དེར་སློབ་གྲྭར་འགྲོ་བའི་ན་ཚོད་ལོངས་པའི་བུ་ཕྲུག་རྣམས་མ་མངགས་ན་གོང་རིམ་ནས་ཁྱིམ་བདག་ལ་ཆད་པ་གཅོད་ཀྱིན་འདུག དེ་བས་ཁྱོད་གཉིས་སློབ་གྲྭར་མི་གཏོང་ཐབས་མེད་དུ་གྱུར། ཁྱོད་གཉིས་སློབ་གྲྭར་གཏོང་ཐུབ་པས་ངའི་སེམས་ཀྱི་འདུན་མ་དེ་སླར་ཡང་གསོན་ཤུགས་ལྡན་ཞིང་རེ་བ་བཅོལ་ས་ཞིག་ཡོད་པར་གྱུར།

ཡིན་ནའང་ངེད་བཟའ་ཟླ་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་དང་ལྷག་པར་ངའི་བུ་གསུམ་པ་སློབ་གྲྭར་མངགས་རྗེས་གང་སར་བྲོས་ཏེ་ཁྱོ་ག་དཀའ་སྡུག་སྣ་ཚོགས་ལ་གཏད་པ་དང་། སློབ་གྲྭའི་ནང་ནས་སློབ་བྱོལ་བྱས་པའི་སློབ་མ་ཚོ་ཕྱིས་སུ་རང་ཁྱིམ་ལ་ཡང་མི་འཁོར་བར་རྒྱ་ཁ་སྲང་ཁ་ནས་ཁྱི་ལྡོམ་བཞིན་རྐྱལ་སྟོང་བྱས་ནས་བསྡད་པས་ཨ་ཕ་བུ་ཕྲུག་རྣམས་སློབ་གྲྭ་གཏོང་རྒྱུར་ཞེ་སུན་དྲག་པོ་བྱུང་སོང་ཟེར།

དོན་དག་དེ་ཤེས་རྗེས་ཨ་མའི་འགྱོད་གདུང་དང་རེ་བ་གཅིག་ཏུ་འདྲེས་པའི་སྐད་ཆ་དག་ངའི་རྣ་ལམ་བརྒྱུད་ནས་དྲན་ཤེས་ཀྱི་གཏིང་དུ་ཟུག་སོང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།