​ང་ལ། གསེར་སེར་པོ་འདྲ་བའི་ཉི་མ་ཞིག་ཡོད།

ང་ལ་ནམ་ཡང་སེམས་ཁོང་ནས་རྒས་རྒྱུ་མེད་པའི་ཉི་མ་ཞིག་ཡོད།ཉི་འོད་དྲོན་མོ་དེ་ངའི་ཀླད་པའི་རྩ་ཆེན་བརྒྱུད་དེ་དྲན་པའི་མཚོ་མོར་ལྟེམས་པ་ནས་བཟུང་།དབྱངས་གསལ་གྱི་མེ་ཏོག་ཚོམ་བུ་ཞིག་ང་ཡི་སེམས་རྒྱུད་དུ་འབུས་ཤིང་དེ་ལས་འཇིག་རྟེན་མཐོང་བའི་མེ་ལོང་ཞིག་བཟོས། མེ་ལོང་དེ་རུ་བདག་ལ་ཆེས་སྙིང་ཉེ་བའི་ཐ་སྙད་འགའ་ཤས་བསྡུ་གསོག་བྱས་ཡོད།

དེ་ནས་བཟུང་། ང་ཡང་གོམ་འགྲོས་འཁྱར་འཁྱོར་གྱིས་ལམ་ལ་ཆས་པ་ཡིན། གཡང་གཟར་དང་གྲོག་རོང་མང་བའི་བགྲོད་ལམ་དུ། ང་རང་འགྱེལ་མྱོང་། ཐང་ལ་འགྱེལ་ནས་ཕུགས་འདུན་གྱི་གཙང་བོར་ཆག་གྲུམ་ཤོར་མྱོང་།ཡིན་ཡང་ང་སྔར་བཞིན་ལངས་ཐུབ་པ་ནི་ང་ལ་ཕ་མ་ཟེར་བའི་རྒྱབ་རི་བཀན་མོ་ཞིག་དང་། དགེ་རྒན་ཟེར་བའི་མདུན་རི་བརྗིད་པོ་ཞིག་ཡོད་པས་ཡིན། བྱམས་ལྡན་གྱི་ཕ་མ་གཉིས་ཀྱིས་ང་རང་གཅེས་སེམས་ཀྱིས་བསྐྱངས་ཏེ་ཡར་བསླངས་ཤིང་། བཀའ་དྲིན་འབུམ་ལྡན་གྱི་དགེ་རྒན་དག་གིས་དབྱངས་གསལ་གྱི་ང་རོ་ནས་བཟུང་སྟེ་ང་ལ་ཤེས་རིག་ཁྲིད་མྱོང་། གདམས་ངག་བསྟན་མྱོང་། སློབ་གསོ་བཏང་མྱོང་། སྟག་ཤར་རའི་ལས་དོན་རི་ན་ཡོད་ཚུལ་ལབ་སྟེ་སུས་ཀྱང་སྒུལ་མི་ཐུབ་པའི་སྙིང་ཕུར་བརྡབ་ནས་ལམ་འཇུག་བྱས་མྱོང་། ཤེས་རིག་གི་དགེ་མཚན་མང་དུ་གླེང་སྟེ་དེ་ནི་ཁྱོད་ཀྱི་མི་ཚེའི་འདིའི་ལམ་རྒྱགས་ཡིན་པའི་གནས་ལུགས་བསྟན་མྱོང་།

དགེ་རྒན་ལགས། བདག་གི་ཉི་མ་རིན་པོ་ཆེ། ངས་ད་དུང་ཁྱེད་ཀྱི་གཟི་བྱིན་མཐོང་བྱུང་།ཁྱེད་ཀྱིས་སྔར་བཞིན་རང་ལུས་འོད་ཕུང་དུ་སྤྲུལ་ཏེ་ས་སྨྱུག་གི་ཚེ་སྲོག་རེ་རེ་ཕྱི་རབས་པའི་ཆེད་དུ་བརྡར་གྱིན་པ་མཐོང་བྱུང་ཞིང་། ལོ་ཟླའི་གཉེར་རིས་རེ་རེ་ཁྱེད་ཅག་གི་དཔྲལ་གཞུང་དུ་རི་མོར་བབས་ཤིང་འབྱུང་བཞིའི་སྤང་ཐང་ཡངས་པོར་མི་འདོད་པའི་ཐན་པས་གཙེས་ཀྱིན་པ་མཐོང་ན། ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་དབྱར་གྱི་མེ་ཏོག་བཞིན་ང་ཚོ་སློབ་བུ་དག་གི་མདུན་ལྗོངས་སུ་བཞད་ཅིང་། གསུང་ཚིག་དྲིལ་བུའི་དབྱངས་སྙན་རེ་རེས་ང་ཚོ་གཉིད་ལས་དཀྲོགས་ཤིང་ཐག་རིང་ལ་ལམ་འཇུག་བྱས་པ་དྲན་ཡོང་།

དགེ་རྒན་ལགས། བདག་གི་ཉི་མ་རིན་པོ་ཆེ། དེ་དུས་ཁྱེད་ཉིད་ལའང་རང་གི་རྣམ་དཔྱོད་ཡོད་ལ་ལང་ཚོ་ཡོད།ཤེས་རིག་དང་འཆར་འགོད་ཀྱིས་ཕྱུག་པའི་བློ་གཤོག་མངའ། ལྷག་བསམ་དང་འཇོན་ནུས་ཀྱིས་དཀྲིས་པའི་གཤིས་རྒྱུད་མཆིས། ང་ཚོ་རེ་རེ་ནས་བྱིས་པ་སྣབས་ལུག་ཏག་ཏག་ཡིན། “དགེ་རྒན། བྱིས་པ་གན་གྱིས་ང་ལ་བརྙས་བཅོས་བཏང་བྱུང་། དགེ་རྒན། བྱིས་པ་འདིས་ངའི་དཔེ་ཆ་གཤག་སོང་། དགེ་རྒན། བྱིས་པ་དེས་ང་ལ་མཚང་མིང་འདོགས་ཀྱིན་འདུག "ཅེས་རྒྱུན་མི་ཆད་པའི་ཞུ་གཏུག་གི་གྱོད་དོན་རེ་རེ་བཞིན་ཁྱེད་ཀྱིས་འདུམ་འགྲིག་བྱས་ཤིང་མཐུན་སྒྲིལ་དང་བརྩེ་བ་ནི་འཇིག་རྟེན་གྱི་ཚེ་ནོམ་ཡིན་པའི་སློབ་གསོ་གཏོང་དུས། ང་ཚོ་བྱ་ཚང་ལ་རྡོ་འཕངས་པ་བཞིན་འུར་དིར་རེར་ཕྱོགས་བཞིར་འཐོར་བ་ཁྱེད་ཀྱི་དྲན་མའི་མེ་ལོང་དུ་གསེར་ཉའི་འཁྱུག་འགྲོས་བཞིན་ཝ་ལེར་གསལ་ངེས།

དགེ་རྒན་ལགས། དེ་དུས་ཁྱེད་ཀྱིས་ངེད་འཛིན་གྲྭར་བོད་རྒྱ་རྩིས་གསུམ་ཁྲིད་སོང་། ཁྱེད་རང་སློབ་ཐུན་གྲོལ་ནས་སྒོ་ཁར་འགྲོ་དུས་ང་ཚོས་ཁྱེད་ཀྱི་མདུན་བཀག་ནས་སློབ་ཚན་བློ་རྒྱུགས་སྤྲད་པའི་ངང་ཚུལ་དེ་བྱ་མ་གཅིག་གི་གཤོག་འོག་ལ་འཛུལ་བའི་བྱེའུ་ཕྲུག་བཞིན་ང་ཚོས་ནམ་ཡང་བརྗེད་མི་སྲིད། དྲང་མོར་ལབ་ན་ང་ཚོས་དགེ་རྒན་ལའང་སུན་སྣང་དང་ངལ་དུབ་ཅིག་ཡོད་པ་གཏན་ནས་མ་ཚོར། དགེ་རྒན་ལགས། ང་ཚོས་ཁྱེད་རང་འོ་རྒྱལ་གཏད་སོང་།

ཁྱེད་ཀྱིས་ནམ་རྒྱུན་ང་ཚོར་བསྟོད་བསྔགས་ཀྱི་ཀ་ར་བྱིན་ཏེ་གཅེས་སེམས་ཀྱི་ནུ་ཞོ་བསྣུན་པས། ང་རང་ཞོགས་པ་དུས་ཚོད་ལྔ་དྲུག་ནས་ཡར་ལངས་ཏེ་ཁྱེད་ཀྱི་མལ་ཁང་གི་སྒོར་རྩར་ཅར་ནས།“རིག་པ་གཞོན་པའི་དུས་སུ་བསླབ།། བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་དྲོད་བཤེར་ལྡན་ཚེ་རྨོ།། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།།”ཞེས་སྐད་གདངས་མཐོ་རུ་བཏེགས་ནས་དཔེ་ཀློག་བསྐྱོར་སྦྱང་བྱས་པ་ད་དུང་ཡང་ཁྱེད་ཀྱི་སྙན་ལན་དུ་རོལ་མོར་གྲགས་ཀྱིན་ཡོད་ངེས། དགེ་རྒན་ལགས། ཐུགས་རྒྱལ་མ་བཞེངས། དེ་དུས་བྱིས་པ་ཀླད་ལོག་ང་ཚོས་ཁྱེད་རང་གཉིད་སྐྱིད་པོ་ཞིག་ཀྱང་ལོག་དབང་མ་བྱིན་ཨང་།དྲང་མོར་ལབ་ན། ང་ཚོར་ཁྱེད་ཀྱི་བསྟོད་བསྔགས་ཀྱི་ཀ་ར་དེ་ཅི་འདྲའི་མཁོ་ཨང།

ཉིན་ཞིག་ངས་མཉམ་མ་བཞག་པར་བྱིས་པ་ཞིག་གི་ལག་པ་སྒོ་ཤིང་གི་བར་ལ་གཅུར་པས་སློབ་གྲོགས་དེས་མིག་ཆུ་འདྲེས་མའི་ངུ་སྐད་དང་བཅས། ཁྱེད་ཀྱི་གམ་ལ་ཞུ་གཏུག་ཏུ་བུད་སོང་། དྲང་མོར་ལབ་ན་ང་ལ་ཉེས་པ་ཆེར་མེད་ཀྱང་ཁྱེད་ཀྱིས་བཀའ་བཀྱོན་གནང་བར་སྐྲག་ནས་ངའི་ལུས་ཀྱི་ལྗོན་ཤིང་ལྕུག་ལྕུག་ཏུ་འདར་གྱིན་པ་ངས་ད་དུང་ཡང་ཚོར་བས་ཟིན་གྱིན་འདུག ཡིན་ཡང་། ཁྱེད་རང་ཕེབས་ནས་ང་ལ་གཅར་རྡུང་མ་བྱས་པས་མི་ཚད་བཀའ་བཀྱོན་ནན་མོ་ཞིག་ཀྱང་མ་གནང་བར་སློབ་གྲོགས་ཞེས་པ་ནི་ཁྱིམ་གཅིག་ལ་འཛོམས་པའི་མིང་སྲིང་ཡིན་པའི་སློབ་གསོ་བཏང་སྟེ་ངའི་འཇིལ་ལིར་འཁྱིལ་བའི་མགོ་བོར་བྱིལ་བྱིལ་ལན་འགའ་གནང་ནས་ཕྱིར་བུད་སོང་། དགེ་རྒན་ལགས། ཉིན་དེ་ནས་བཟུང་ངས་བྱང་ཆུབ་སེམས་དཔའ་ཟེར་བའི་གོ་དོན་དངོས་སུ་རྙེད་ཅིང་དྲང་བདེན་གྱི་རྒྱ་མ་ཟེར་བའང་ཐོག་མར་ངོས་ཟིན་པ་ཡིན།

ཕྱི་དྲོ་ཞིག་ལ་ཁྱེད་ཅག་དགེ་རྒན་འགའ་དང་སློབ་གྲྭའི་ཇ་མ་སོགས་ཉེ་འཁོར་གྱི་ཁྱིམ་ཚང་ཞིག་ཏུ་རུ་ཉུལ་ལ་བུད་སོང་། ཤུལ་ཏུ་བསྟན་གཤིག་ཤིན་ཏུ་ཚ་བའི་སློབ་མ་འགས་སྣེ་ཁྲིད་དེ་ང་ཚོ་མ་རབས་ཀྱི་སྦྱོར་བར་ཞུགས་པ་ཡིན། སློབ་བུ་ལ་ལ་ཁང་ཀླད་དུ་འགོས་ཏེ་ཁྱེད་ཅག་གི་ཁང་བའི་དུ་ཁུང་དུ་གད་སྙིགས་བརྫངས་ནས་དུ་བ་མི་འགྱོ་བར་བྱས་ཏེ་ཁང་ཀླད་ནས་ཡར་རྒྱུག་མར་རྒྱུག་གིས་རྒྱལ་ཁའི་དཔའ་སྐད་སྒྲོགས་ཀྱིན་འདུག དེ་ནི་ང་ལ་མཚོན་ན་ཤིན་ཏུ་སྡིག་རྩུབ་ཆེ་ཞིང་དང་ལེན་བྱ་མི་ཕོད་པའི་བྱ་སྤྱོད་ཅིག་སྟེ། རང་གི་ཡ་ཆུང་ལ་རྩོམ་རག་ཅན་གྱི་ལག་པ་ཞིག་ཤུགས་དང་བཙན་གྱིས་བསྲིངས་པ་དང་ཤིན་ཏུ་འདྲ་བྱུང་། ད་དུང་སློབ་གྲྭའི་ཇ་ཁང་ནང་དུ་འཛུལ་ཏེ་རང་ལ་དགོས་པའི་ཀོ་རེ་ཅོང་རྡོག་འདང་ཚད་རེ་ཁྱེར་ནས་ཡོང་གིན་འདུག ངའང་འདུག་མ་ཐུབ་པར་ཇ་ཁང་དུ་སོང་ནས་ཅོང་རྡོག་འགའ་ཤས་ཁྱེར་ནས་ཡོང་བ་ཡིན། ཅུང་ཙམ་ནས་ཁྱེད་ཅག་སླེབས་སོང་། ང་ཚོ་ཁྲ་ཡིས་བདས་པའི་བྱེའུ་ཇི་བཞིན་རྒྱལ་དར་གྱི་འགྲམ་དུ་བསྡུས་ཏེ་བཀའ་བཀྱོན་དང་ཕྱག་འཇུག་གནང་སོང་། སྐབས་དེར་ཡང་དགེ་རྒན་ཁྱེད་ཀྱིས་ང་ལ་ཐལ་ལྕག་ཙམ་ཡང་མ་གཞུས་མོད་སློབ་གྲྭའི་ཇ་མ་དེས་ང་ལ་ཚ་བེར་བེར་གྱི་འགྲམ་ལྕག་འགའ་ཤས་བཞུས་སོང་བས་ད་ལྟའང་ངའི་མིག་ལམ་ད་དུང་དམར་པོ་རེད།

དགེ་རྒན་ལགས། ཁྱེད་ཀྱིས་དྲན་ནམ། དེ་དུས་ང་ཚོའི་སློབ་གྲྭ་དེར་ལོ་རིམ་གསུམ་པ་བར་དུ་མ་གཏོགས་མེད་ལ། འུ་ཅག་གི་འཛིན་གྲྭ་དེ་ལོ་རིམ་གཉིས་པ་རེད། སྐབས་དེར་ཁྱེད་ཉིད་འཛིན་གྲྭའི་འཛིན་བདག་དང་ང་ནི་འཛིན་དཔོན་ཡིན། ང་ནི་ལོ་ཆེ་བའམ་སློབ་སྦྱོང་གི་འབྲས་བུ་ལེགས་པ་གང་ཡིན་ཆ་མ་འཚལ་ཡང་། སྐབས་ཐོག་ཅིག་ལ་ཁྱེད་ཚོས་ང་རང་ལོ་རིམ་འཕར་དུ་བཅུག་སོང་། ང་རང་བརྩེ་བའི་དགེ་རྒན་ཁྱེད་དང་འདྲིས་པའི་སློབ་གྲོགས་དག་ལ་ཁ་བྲལ་བ་ནི་རང་གི་རླབས་ཆེན་གྱི་མ་ཡུལ་དང་བྲལ་ཏེ་འཇིག་རྟེན་གཞན་ཞིག་ཏུ་འགྲོ་བ་ལྟ་བུའི་སྡུག་བསྔལ་གྱིས་གཟིར་ཡང་ཧ་ཅང་གཉོམ་དྲག་པའི་ངས་ཅི་ཡང་བཤད་མ་ཕོད་པར་ཁ་རོག་གེར་མིག་ཟུང་མཆི་མས་ཁེངས་བཞིན་ལོ་རིམ་འཕར་བ་ཡིན། ང་ལོ་རིམ་འཕར་ནས་ཅང་མ་འགོར་བར་ངེད་འཛིན་གྲྭའི་སློབ་བུ་པྲ་ཆལ་འགས་སློབ་གྲྭ་སྤར་འདོད་པའི་ཧམ་སེམས་ཀྱིས་བྲོས་བྱོལ་བྱས་པས་སློབ་གྲྭའི་སྤྱི་གཉེར་བས་རང་གི་བུ་ལ་གཅར་རྡུང་ཚ་ཐག་ཆོད་པ་ཞིག་བཏང་སྟེ་སློབ་གསོའི་ལྕག་ཚན་ནན་མོ་རེ་གཞུས་རྗེས་ཁྱེད་ཅག་གི་གྲོས་ཆོད་བཞིན་དུ་ང་ཚོ་ཡུལ་ཚོའི་སློབ་ཆུང་དུ་བསྐྱལ་སོང་། ཉིན་དེར་ཁ་བ་མཐུག་པོ་བབས་ཏེ་ད་དུང་ཞུ་མེད་པས་ལམ་འགྲམ་དུ་ཁ་བའི་རྔམ་ཁ་ཤིན་ཏུ་མཐུག་པོ་ཆགས་འདུག དགེ་རྒན་ཚེ་སྒྲོལ་དང་ཁྱེད་གཉིས་ཀྱིས་ཞབས་ཐང་གིས་ང་ཚོ་ཁྲིད་དེ་སྤྱི་ལེ་སོ་ལྔ་ལྷག་གི་ལམ་ལ་ཞུགས་སོང་། ང་ཚོ་ཅི་ནུས་ཀྱིས་ཁྱེད་གཉིས་ཀྱི་སྔོན་ལ་བསྐྱོད་དེ་ཁ་བའི་ལྡེབས་ངོས་སུ་མིག་ལ་མི་མཛེས་པའི་རི་མོ་དང་རྣ་ལ་མི་སྙན་པའི་ཡིག་རྫོབ་དག་བྲིས་ཏེ་ད་དུང་ཧ་ཧ་ཞེས་ཅི་ཞིག་གི་རྒྱལ་ཁ་ལོན་པ་ལྟ་བུའི་དཔའ་སྐད་འཐེན་པ་ཡིན། དགེ་རྒན་ལགས། དེ་དུས་ང་ཚོར་གུས་ལུགས་ཟེར་བ་ཞིག་གང་དུ་ཡོད་ཨང་།

ཁྱེད་གཉིས་ཀྱིས་ང་ཚོ་ཡུལ་ཚོའི་དཀྱིལ་སྙིང་སློབ་གྲྭར་བཞག་སྟེ་ང་རང་དམིགས་གསལ་གྱི་སློབ་གྲྭ་དེ་གའི་འཛིན་བདག་ལ་བཅོལ་གདམས་མང་པོ་བྱས་རྗེས་ཁྱེད་གཉིས་ཕྱིར་ཕེབས་སོང་། ཉིན་དེ་ནས་བཟུང་ངས་རྒན་ལགས་ཀྱི་གསུང་སྙན་མོ་རྣ་བས་ཐོས་ཐེངས་ཉུང་ལ། གཟུགས་སྐྱེས་ཡག་མིག་གིས་མཐོང་ཐེངས་ཀྱང་ཤིན་ཏུ་ཉུང་མོད། རྒན་ཁྱེད་ཀྱི་བརྩེ་བའི་རི་མོ་འཁྱིལ་བའི་གཤིས་རྒྱུད་དང་བྱམས་པའི་པད་འདབ་གྲོལ་བའི་དཀར་གཙང་གི་ཞལ་རིས་སོགས་ད་དུང་ཡང་ངའི་མིག་མདུན་གྱི་གར་སྟེགས་སྟེང་དུ་ག་ལེར་གཡོ་བཞིན་འདུག
ལོ་ཟླ་རིམ་བརྒྱུད་ཀྱི་ཕྲེང་བར་ནས་ངས་ཀྱང་ཀྱག་ཀྱོག་གི་བགྲོད་ལམ་བརྒལ་ནས་རང་གི་ཕུགས་འདུན་བསྙེག་པ་ཡིན། ཁྱེད་ཉིད་སྔར་བཞིན་ཁྱེད་ཀྱི་རླབས་ཆེན་གྱི་ལས་དོན་ལ་འཇུས་ནས་མུ་གེ་དང་ཟླ་ལྷག་གིས་མནར་བའི་འབྲོག་ཐང་གི་བྱིས་པ་མང་པོར་ཤེས་རིག་གི་རྒྱགས་ཕྱེ་བསྩལ་ཅིང་འགྲོ་འདུག་གི་གོམ་སྟབས་བསླབ་སྟེ་ནར་སོན་དུ་བཅུག

མི་རབས་ནས་མི་རབས། ལོ་རིམ་ནས་ལོ་རིམ། རིམ་བཞིན་དུ་མཐར་ཕྱིན་པའི་རྗེས་ཤུལ་རེ་རེ་ཁྱེད་ཀྱི་དཔྲལ་གཞུང་གི་ལྡེབས་ངོར་བབས་དུས། ངའི་སེམས་ཁོང་ནས་བཤད་མི་ཤེས་པའི་མཆི་མའི་གཙང་བོ་བྲུག་སྟེ། དགེ་རྒན་ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ་ཞེ་བསམ་པས་གུས་ཕྱག་ཅིག་འཚལ་འདོད།

དགེ་རྒན་ལགས། དེ་དུས་ཁྱེད་ཀྱིས་བོད་རྒྱ་རྩིས་གསུམ་གྱི་བསླབ་བྱ་རེ་རེ་ཨ་མ་བགྲེས་མོའི་ལག་གི་བལ་འཆིང་བཞིན་བསེད་དེ་ང་ཚོར་མི་ཚེའི་གྲང་བས་མི་མནར་བའི་གདམས་ངག་གནང་ཞིང་། གྲལ་དག་པའི་ཡིག་གཟུགས་རེ་རེ། སྒོ་སམ་ནག་པོའི་གློ་མཆིན་གྱི་གསེབ་ཏུ་ཧ་ཅང་དཀར་གཙང་གིས་འབྲི་དུས།ངའི་དྲན་པའི་གཏིང་རིམ་དུ་ལུས་པའི་མུན་པའི་ཡོལ་བ་ནག་པོའང་སྐད་ཅིག་ནས་སྐད་ཅིག་ལ་དཀར་པོར་བསྒྱུར་སོང་། དགེ་རྒན་ལགས། ཁྱེད་ནི་མ་གཞི་ནས་ལུས་ངག་ཡིད་གསུམ་འབག་བཙོག་གིས་གས་མི་སྲིད་པའི་སླད་མེད་ཀྱི་རིལ་བུ་དཀར་པོ་ཞིག་རེད་ཨང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།