ཀྲུང་གོ་བོད་ཀྱི་དྲ་བ།

མ་མོ་རྒྱ་ཐོ་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྱ་གཞུང་སྐལ་ལོ།   སྤེལ་དུས། : 2017-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་ས་ཆ་ནི་གངས་རི་དང་རྩྭ་ཐང་གི་ཡུལ་གྲུ་ཞིག་ཡིན། ནང་བཅུད་ཀྱི་སེམས་ཅན་མང་པོ་ཞིག་ཀྱང་དང་པོ་ཙ་ནས་གནས་འདིར་འཚོ་སྡོད་བྱས་ཤིང་ད་ཕན་མི་ལོ་གྲངས་མེད་ཅིག་ཕྱིན་ཡོད། རང་བྱུང་ཁམས་ཆེན་མོ་དང་། མི། སྲོག་ཆགས་འདི་གསུམ་ག་ཡང་ད་ལྟ་ད་དུང་ཕན་ཚུན་ཆོས་ཉིད་དང་རྟེན་འབྲེལ་དུ་ཚུལ་དུ་གནས་ཡོད། གལ་ཏེ་མ་འོངས་པར་འདིའི་ནང་གི་ཆ་ཤས་གཅིག་རྩ་མེད་དུ་སོང་བ་ཡིན་ན། ཅིག་ཤོས་དེ་ལའང་རང་བཞིན་གྱི་གནོད་པ་དང་ཤུགས་རྐྱེན་ཐེབས་སྲིད་པ་སྨོས་མ་དགོས།

  ང་ཡང་ཆུང་དུས་ནས་རོང་འབྲོག་གཉིས་ཀྱི་འཚོ་བ་བརྒྱུད་ནས་འོངས་པ་ཡིན། བྱེ་བྲག་གི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་ཆེར་མེད་ཀྱང་།  དེའི་ནང་ནས་སྒོ་ཕྱུགས་ལུག་དང་ར་མ། བ་ལང་གི་རྫི་བོ་བྱས་མྱོང་། དེ་ལྟ་ནའང་སེམས་ཅན་འདི་རིགས་ཀྱིས་ང་ལ་དྲིན་ལན་ག་ཚོད་ཅིག་བཟོ་བཞིན་པ་དང་། ངས་ཁོ་ཚོར་རྣམ་འགྱུར་ཅི་འདྲ་ཞིག་འཛིན་དགོས་མིན་ལ་མནོ་བསམ་བཏང་མ་མྱོང་། དེ་ཁོ་ཚོས་ངའི་སྐད་ཆ་མ་གོ་བས་སྐྱོན་ནམ། ཡང་ན་ངས་ཁོ་ཚོའི་འབའ་སྐད་མ་གོ་བས་ལན། གང་ལྟར་སྒོ་ཕྱུགས་དུད་འགྲོ་ཞིག་ཆགས་ཙ་ནས་ཁོ་ཚོའང་བོད་མིའིི་དབང་བསྒྱུར་ཁྲོད་ཀྱི་སེམས་ཅན་དུ་གྱུར་བས། ངའི་འཚོ་བའང་ཆེས་ཐོག་མར་ཁོ་ཚོ་ཁ་ཟས་སུ་བྱས་པའི་ཉིན་དེ་ནས་མགོ་བརྩམ་པ་འདྲ།

  ངེད་ཚང་གི་མ་མོ་རྒྱ་ཐོ་མ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། ཆུང་དུས་ནས་གཡང་དཀར་ཁྲོད་ཀྱི་བདག་མོ་ལྟ་བུ་ཡིན། དེ་སྨྲ་མི་ཤེས་པའི་དུད་འགྲོ་ཞིག་ཡིན་ཡང་། ངས་ཉམ་ཆུང་བའི་ཚེ་སྲོག་འདིའི་རིགས་ལ་ནམ་ཡང་གཅེས་སྤྲས་དང་གུས་བརྩི་བྱ་འདོད། མགོ་ནག་མིའི་སྐྱེ་བ་བླངས་ཚུན་ནས་ང་རང་ཤ་ཟ་ཁྲག་འཐུང་གི་རིགས་སུ་གྱུར་བ་བདེན་མོད། ངས་ངེད་ཚང་གི་ཁ་རྒྱབ་ཀྱི་འཚོ་རྟེན་རིང་མོ་དེ་བསམ་ན་མ་མོ་རྒྱ་ཐོ་མ་འདི་རང་བཞིན་གྱི་དུད་འགྲོ་དཀྱུས་མ་ཞིག་མ་ཡིན་པར་སྙམ།

  དེ་བས། མ་མོ་རྒྱ་ཐོ་མ་ཞེས་པའི་གཏམ་རྒྱུད་ཀྱི་མགོ་ཡང་འདི་ནས་བརྩམ་པར་བྱ།  གྲང་རླུང་འུར་འུར་དུ་ལྡང་བའི་མཚན་མོ་ཞིག་ལ་ངས་ལུ་གུ་ཞིག་གི་འབའ་སྐད་ཐོས་བྱུང་། དེ་ནི་མ་མོ་རྒྱ་ཐོ་མ་འཇིག་རྟེན་འདིར་སླེབས་པའི་ཉིན་དང་པོ་ཡིན།  ངས་སློག་པ་གཡང་ཤམ་བྱས་ཏེ་སྒོར་བརྒྱུགས་པ་དང་ལག་གློག་བཟུང་ནས་ལུག་རའི་གྲུ་ཟུར་རེ་རེར་བཀར་ནས་ལུ་གུ་དེ་བཙལ་བ་ཡིན།   སྐབས་དེར་ངེད་ཚང་གི་ལུག་རར་མགོ་ཁེབས་མེད་པ་དང་།  དགུན་གྱི་དུས་ཚིགས་ཀྱང་ཡིན་པས།  ཞག་མ་གཅིག་ལ་མ་མོ་རྣམས་ཀྱིས་འཕྲོ་རིམ་འཕྲོར་ལུ་གུ་མང་པོ་བཙའ་དུས་ཀྱང་ཡོད།  ལྷག་པར་དུ་ཚེར་མོ་རྣམས་ཀྱིས་ལུ་གུ་བཙས་ནས་ཁ་ཡ་མ་བྱས་ཚེ་དགོང་མ་གཅིག་ལ་ཚེ་སྲོག་གཅིག་ནས་གཉིས་ཁྱུར་མིད་དུ་གཏོང་སྲིད་པ་རེད། དེ་བས་དགོང་མ་རེ་རེར་ངས་ལུ་གུའི་འབའ་སྐད་ལ་ཉན་ནས་གཉིད་བདེ་མོ་ཞིག་ཀྱང་ཁུགས་མ་ཐུབ།   

  ངས་ལུག་རའི་ནང་དུ་ལག་གློག་ཡར་བསྐོར་མར་བསྐོར་ཐེངས་འགའ་བྱས་ཀྱང་འབའ་སྐད་གྲགས་པའི་ལུ་གུ་དེ་མ་རྙེད།  དེ་བས་ར་སྒོའི་མདུད་པ་བཀྲོལ་ནས་ནང་དུ་འགྲོ་དགོས་བྱུང་། སྐབས་དེར་ལུག་རྣམས་འདྲོགས་ནས་ཕྱོགས་གཅིག་ཏུ་འཚང་ཁ་བརྒྱབ་ཅིང་། འོད་ཀྱི་ལྡོག་འཕྲོ་ལྟ་བུའི་མིག་མདངས་ལས་ཁོ་ཚོ་ང་ལ་འཇིགས་སྐྲག་སྐྱེས་བཞིན་པ་ཚོར་ཐུབ།  ཡིན་ཡང་ང་དེ་དག་ལ་ཁ་ཡ་བྱེད་ཁོམ་གང་ན་ཡོད།  ངས་མུ་མཐུད་དུ་ལག་གློག་བཀར་ནས་ལུ་གུ་དེ་བཙལ་བ་ཡིན།  ལྟ་ཕྱོགས་ཤིག་གིས་ལུག་རའི་གྲུ་ཕུག་ཅིག་ན་ལུ་གུ་ཞིག་ཁ་གྱང་རྩར་གཏད་ནས་ཉལ་འདུག་པ་མཐོང་།  གྲང་ངར་ཤིན་ཏུ་ཆེ་བས་ང་མྱུར་དུ་སོང་ནས་པང་དུ་བླངས་པ་ཡིན།

  ལུས་ཀྱི་ཤ་མ་དང་གཤེར་ཆུ་ལ་བལྟས་འོངས་ན་ཕལ་ཆེར་དུས་ཚོད་གཅིག་ལྷག་འགོར་ཟིན།  མ་མོ་དང་ཚེར་མོ་གང་ཞིག་གིས་བཙས་མིན་མི་ཤེས།  གང་ལྟར་བཙས་མ་ཐག་པའི་ལུ་གུ་ཁ་ཡ་མ་བྱས་པ་ཤེས་ཐུབ། དེ་མ་གཏོགས་མ་མོ་འདང་ཅན་ཞིག་ཡིན་ན་རང་གི་ལུ་གུ་འདི་ལྟར་ཙག་ནང་ནས་བསྐྱུར་མི་སྲིད།  དེ་ལས་ལྡོག་སྟེ་འབའ་སྐད་སྒྲོག་པ་དང་རྭ་ཅོས་བརྡུང་ནས་གམ་དུ་བཅར་མི་ཐུབ།   ཡིན་ཡང་དེ་དགོང་བཙས་པའི་ལུ་གུ་འདི་འདྲའི་མ་མེད་དྭ་ཕྲུག་བཞིན་འཇིག་རྟེན་འདིར་ཐོན་དུས་འདི་འདྲའི་འཁྱག་སིབ་སིབ་ཅིག་ཡིན་པ་གང་ནས་རྟོགས། 

  ངས་དེ་མ་ཐག་ལུ་གུ་ཁེངས་འགྲོ་བར་སྙམ་ནས་རང་གི་མཆན་ཁུང་དུ་བསྡམས་ནས་ཁང་བའི་ནང་ཕྱིན་པ་དང་། ཚ་ཐབ་དྲོན་མོའི་གདན་ཁུད་དུ་བཅུག་ནས་ལུས་དྲོད་གསོས་པ་ཡིན།   ཨ་མས་ཁ་ཡ་མ་བྱས་པར་ལུག་རའི་ནང་དུས་ཚོད་རིང་བོ་ཞིག་འགོར་ཡང་ལུ་གུ་འདིའི་ཚེ་སྲོག་འཆི་བདག་གི་གནོད་པས་ཟིན་མ་ཐུབ།  ཕྱི་རོལ་གྱི་ནམ་ཟླ་ཤིན་ཏུ་འཁྱག་པས་ཅུང་མིན་ན་ཁེངས་སོང་།   ད་དུང་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་དུ་འགུལ་བཞིན་འབའ་སྐད་གཉོམ་པོ་ཞིག་གྲགས་བཞིན་འདུག  ཡིན་ནའང་འབའ་སྐད་དེ་ང་ལ་མཚོན་ན་སྐྱོ་གདུང་གི་རོལ་དབྱངས་ཤིག་དང་འདྲ་བར་མཚན་མོ་འདིའི་ཟླ་བ་དང་སྐར་ཚོགས་རྣམས་ཀྱང་འདར་ལྕུག་ལྕུག་བྱས་སོང་།      

  ལུ་གུ་འདི་ནི་ངས་གོང་དུ་གླེང་ཟིན་པའི་ངེད་ཚང་གི་མ་མོ་རྒྱ་ཐོ་མ་ཡིན།  དགོང་མོ་དེར་ངས་གདན་ཁུད་དུ་གཅུད་པའི་ལུ་གུ་འདི་ང་དང་ཁ་འབྲལ་བར་དོགས་ནས་ཡང་དང་ཡང་དུ་སྔས་མགོའི་གློག་སྒྲོན་བཀར་ནས་སྲུང་སྐྱོབ་བྱེད་དགོས་སོང་།  དེ་ལྟར་གཉིད་མ་སད་ཀྱིས་ནམ་ལངས་རག་བར་ང་དང་ལུ་གུ་གཉིས་མཉམ་དུ་བསྡད་པ་ཡིན།

  ཞོགས་པའི་སྐྱ་མདའ་བཀྱགས་མ་ཐག་སྒེའུ་ཁུང་ལས་གསལ་ལ་མི་གསལ་བའི་འོད་ཅིག་རིམ་གྱིས་ང་དང་ལུ་གུའི་སྟེང་འཕྲོ་མགོ་བརྩམ།   ང་དལ་མོར་ཡར་ལངས་ནས་ཐོག་མར་ལུ་གུའི་ཕྱོགས་སུ་བལྟས་པ་ཡིན།  ལུ་གུས་ཀྱང་ནམ་གསལ་སོང་བ་ཤེས་འདུག  གདན་ཁུད་ནས་མགོ་བོ་ཡར་དགྱེ་སྟེ་ཀྲོག་ཀྲོག་བྱེད་ཀྱིན་འདུག  འབའ་སྐད་གཉོམ་པོ་ཞིག་སྒྲོག་བཞིན་པར་བལྟས་ན་ཞག་གང་བོར་ཁོག་སྟོང་དུ་བསྡད་པས་ཕོ་བ་ལྟོགས་ཀྱིན་པ་ཚོར་ཐུབ།   དེ་ནས་ངས་ཁོའི་མགོ་ལ་བྱིལ་བྱིལ་ཙམ་བྱས་པ་ཡིན།  དེ་མ་ཐག་ལུ་གུས་རྔ་མ་གཡུག་ཞོར་ངའི་ལག་པར་ལྕེ་ལྡག་བྱས་བྱུང་།   ད་ནི་མ་མོ་གང་ཞིག་གིས་བཙས་པའང་མི་ཤེས་པས་ངས་གནས་སྐབས་སུ་ཁ་ནང་དུ་མར་རྡོག་ཅིག་བཞག་པ་ཡིན།  ལུ་གུས་ཀྱང་མར་རྡོག་དེ་ཧ་ཅང་ཞིམ་མངར་ལྡན་པའི་ངང་མུར་མུར་ངང་བསྡད་པས།   ངའི་སེམས་པའང་རེ་ཞིག་བདེ་ལ་བབས་སོང་།

ཉིན་དེ་ནས་བཟུང་།  ལུ་གུ་རྒྱ་རིལ་ཡང་ངེད་ཚང་གི་གཡང་དཀར་དུ་གྱུར་སོང་།   ཁོ་ལ་ངེས་གཏན་གྱི་ཨ་མ་ཞིག་མེད་སོང་ནའང་།  ཁྱིམ་ཚང་གང་བོས་རྗེས་སུ་ལུ་གུ་ཁྲིད་མ་ཐུབ་པའི་མ་མོ་གཞན་དག་བཟུང་ནས་བསྣུན་དགོས་པ་ཡིན།  དེ་ལྟར་ཡུན་རིང་བོར་ལུག་ཁྱུའི་གྲལ་དུ་ཞུགས་མ་ཐུབ་པར་ཁྱིམ་ནས་གསོས་གསོ་དགོས་བྱུང་།   

  ཆུང་དུས་ནས་མ་མོ་རྒྱ་ཐོ་མར་ཡངས་པའི་རྩྭ་ཐང་དང་ཨ་མའི་བྱམས་བརྩེ།  འབའ་འབའ་ལུ་གུའི་རྩེ་རོགས་མ་ཐོབ་ཀྱང་།   སེམས་ནང་ནས་ང་ཚོ་ཁྱིམ་མི་གང་བོ་མོའི་དུས་རྒྱུན་གྱི་འདུག་རོགས་དང་རྩེ་རོགས་ལྟ་བུ་ཡིན།  སྐབས་དེའི་རྣམ་པ་དྲན་ན་མི་དང་སྲོག་ཆགས་བར་ལའང་ཐད་ཀར་གྱི་འགལ་བ་མེད་པར་གཅིག་ལ་གཅིག་བརྟེན་གྱི་འཚོ་བ་དང་བརྩེ་འདང་ཆགས་ཐུབ་པ་ཤེས་ཐུབ།  མ་མོ་རྒྱ་ཐོ་མ་ལུ་གུའི་ན་ཚོད་ནས་རིམ་གྱིས་འདི་ལྟར་ངེད་ཚང་དུ་གཉོམ་ལག་རྒྱས་པ་དང་། རིམ་བཞིན་ངེད་ཚང་གི་ལུག་ཁྱུའི་གྲས་སུ་ཚུད་ནས་རམ་དཀར་རྩྭ་དང་དྭངས་མོ་ཆུ་ཡིས་བསྐྱངས་པ་རེད།

  ལོ་རེའི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ལ་འགྱུར་ལྡོག་ཅི་ཡང་མེད་པར་རེས་མོས་སུ་འཁོར་གྱིན་གདའ།  མ་མོ་རྒྱ་ཐོ་མ་ཡང་ཁ་ཆར་བུ་ཡུག་གི་ཁྲོད་ནས་རིམ་བཞིན་ལག་ཆགས་པ་དང་།  ཚེར་མོའི་སྐབས་སུ་མ་མོ་ཐམས་ཅད་ཀྱི་སྔོན་མ་བྱས་ནས་ངེད་ཚང་ལ་ལུ་གུ་ཞིག་བཙས་སོང་།  ཆེས་ཐོག་མར་བཙས་པའི་ལུ་གུའི་མིང་ལ་ང་ཚོས་མགོ་ལུག་ཟེར།  ལུ་གུ་དེ་བཙས་མ་ཐག་ནས་ཨ་མ་དང་འདྲ་བར་ཡར་ལངས་ཤིང་།  བློ་རིག་རྒོད་པོའི་བྱིས་པ་ཞིག་དང་འདྲ་བར་ནུ་མ་ནུས་ཤིང་སུག་འགྲོས་ཀྱང་མགྱོགས་མོ་ཅན་ཞིག་རེད། སྔོན་ཆད་མ་མོ་རྒྱ་ཐོ་མས་ལུ་གུའི་སྐྱེ་བ་བླངས་ནས་མི་ཡུལ་དུ་ཐོན་སྐབས་སུས་ཀྱང་ཁ་ཡ་ཁ་མ་བྱས་པར་ཙག་གིས་ཕྱིད་ལ་ཁད་ཅིག་བྱས་མོད།  ཡིན་ཡང་ད་ཐེངས་མོས་དེ་ལས་ལྡོག་སྟེ་རང་གི་ལུ་གུ་བཙས་རྗེས་མ་བུ་གཉིས་ཕན་ཚུན་ལ་ཤིན་ཏུ་བརྩེ་ཞིང་དུངས་པས།  ང་ལ་རང་དབང་མེད་པར་སེམས་འགུལ་དྲག་པོ་ཞིག་ཐེབས་སུ་བཅུག

  དེ་ལྟར་མ་མོ་རྒྱ་ཐོ་མས་རང་གི་ལུ་གུ་ཁྲིད་ནས་ཉིན་གསུམ་ལས་འགོར་མེད།  མ་བུ་གཉིས་ཀྱིས་ངེད་ཚང་གི་རྩྭ་རའི་ནང་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད།  ཡིན་ཡང་མ་མོ་རྒྱ་ཐོ་མའི་ལུ་གུ་རྩི་ཁུད་ཅིག་ན་གཉིད་དུ་ཡུར་སྐབས་གར་འོངས་མི་ཤེས་པའི་གླག་ནག་ཅིག་མགོ་ཐོག་ནས་ཐོན་ཏེ་བསྙབ་ཐེངས་གཅིག་གིས་བར་སྣང་ཁམས་སུ་ཁྱེར་སོང་།  ངས་ཐག་རིང་ནས་ཀི་སྒྲ་ཅི་ལྟར་བཏབ་ཀྱང་གླག་ནག་དེ་བདུད་ཀྱི་གཤེད་མ་ཅིག་དང་འདྲ་བར་མ་མོ་རྒྱ་ཐོ་མའི་ལུ་གུ་སྡེར་འོག་ནས་མ་བཏང་བར་ཐག་རིང་ཐག་རིང་དུ་འཕུར་སོང་།  སྐབས་དེར་མ་མོ་རྒྱ་ཐོ་མས་ཀྱང་རང་གི་ལུ་གུ་མེད་སོང་བ་ཤེས་ནས་ད་གཟོད་འབའ་སྐད་སྒྲོག་བཞིན་འདུག  གློ་བུར་བའི་འཇིགས་སྣང་འདིས་མ་མོ་རྒྱ་ཐོ་མར་སོས་མི་ཐུབ་པའི་རྨ་ཁ་གསོན་པོ་ཞིག་བཞག་སོང་།

 ད་ནི་ཅི་ཞིག་བྱའམ།  མ་མོ་རྒྱ་ཐོ་མའི་མགོ་ལ་འདི་འདྲའི་ཆགས་འཇིག་འོང་དོན་ག་རེ་ལན་སོང་།  སྐབས་དེར་ང་ལ་མཚོན་ན་ལུ་གུ་གཅིག་ཇེ་ཉུང་ལ་སོང་བ་མ་ཡིན་པར།  མ་མོ་རྒྱ་ཐོ་མའི་སེམས་ཀྱི་སྡུག་བསྡལ་དང་མིག་གོང་གི་མཆི་མ་ལས་མ་རེད།  ཉིན་དེར་མ་མོ་རྒྱ་ཐོ་མས་རང་གི་ལུ་གུ་མ་རྙེད་པས་འབའ་སྐད་མཚམས་མ་ཆད།  འདི་ལྟར་ཉིན་འགའི་རིང་ནམ་ལངས་ན་ས་རུབ་ན་རང་གི་ལུ་གུ་དྲན་སེམས་སྡུག་གིས་མནར་སོང་།

 ཕྱིས་སུ་ཚེར་མོ་ཞིག་གིས་ལུ་གུ་བཙས་ནས་འོ་མ་མེད་པ་དང་ལུ་གུ་མ་བླངས་པས་ངེད་བཟའ་མི་གང་བོས་མ་མོ་རྒྱ་ཐོ་མར་བསྣུན་ཡིན། མོས་ཀྱང་རང་གི་ལུ་གུ་ཡིན་མདོག་གིས་དེ་ལའང་སྔར་བཞིན་གཅེས་ཤིང་དུངས་པ་རེད།

  ལུ་གུ་དེ་ཆེར་བསྐྱེད་བྱུང་བའི་ལོ་རྗེས་ནས་མ་མོ་རྒྱ་ཐོ་མས་ལོ་རེར་ལུ་གུ་རེ་བཙས་ཤིང་བསྡོམས་པས་ངེད་ཚང་ལ་ལུ་གུ་ལྔ་ཁྲིད་པ་རེད།  སྐབས་དེར་སླེབས་དུས་མ་མོ་རྒྱ་ཐོ་མའི་གོམ་འགྲོས་དང་ཤ་ཤེད་ཀྱང་སྔོན་ཆད་དང་མི་འདྲ་བར་མངོན་གསལ་གྱིས་རྒས་བཞིན་འདུག

ལོ་འགའི་ཡར་སྔོན་དུ་རྩྭ་ས་སྒེར་ལ་བགོས་ནས་ཁྱིམ་ཚང་མང་པོས་རང་རང་གི་ས་ཐོག་ཏུ་ལྕགས་ར་བསྐོར་ཞིང་། ཁོད་ཡངས་པའི་རྩྭ་ཐང་གི་རྒྱ་ཁྱོན་ཡང་རིམ་གྱིས་ཇེ་དོག་ཏུ་སོང་བས་རྩྭ་སའང་ལོ་རེ་ནས་ལོ་རེར་ཉམས་དམས་སུ་ཕྱིན། ཁ་དཔེར་མགོ་ནག་མྱི་རིགས་བརྟེན་ས་སྤུ་རིགས་དང་། སྤུ་རིགས་དཀར་ནག་བརྟེན་ས་རྩྭ་རིགས་ཞེས་བཤད་ཀྱང་།  རྩྭ་ཆུ་ཆད་པའི་ལོ་ཟླའི་ནང་མ་མོ་རྒྱ་ཐོ་མ་གཙོ་བྱས་པའི་ངེད་ཚང་གི་ལུག་རྣམས་ཀྱིས་རྩྭ་བཟང་བོ་ཞིག་ཀྱང་རེག་མ་ཐུབ།  དེ་ལས་ལྡོག་སྟེ་མ་མོ་མང་པོ་ཞིག་གི་ཚེ་སྲོག་གཅིག་རྗེས་གཉིས་མཐུད་ངང་འཆི་ལམ་དུ་དེད་ཅིང་།  མ་མོ་རྒྱ་ཐོ་མ་ཡང་རྒ་བའི་ཁུར་གྱིས་མནན་མོད་མོ་སྔར་བཞིན་རང་གི་སུག་བཞི་གཉོམ་པོར་བརྟེན་ནས་ད་རག་བར་གཏན་ནས་འགྱེལ་མ་མྱོང་། 

  གནམ་ན་ཆར་མེད།  ཐང་ན་རྩྭ་མེད་པའི་ལོ་ཟླའི་ནང་འབྲོག་པ་ས་ཆར་མཚོན་ནས་བཤད་ན། མི་ཕྱུགས་གཉིས་ལ་དཀའ་ཁག་ཆེས་ཆེ་བའི་དུས་ཡིན།  ངེད་ཚང་ད་དུང་ཁ་སྟོད་ན་ཆགས་མེད།  རི་མགོ་ན་ཕྱུགས་ཟོག་རྐྱང་རྐྱང་འཚོ་བའི་དུད་ཁྱིམ་སྐོར་ཞིག་ལ་མཚོན་ན་རྩྭ་ས་མི་བཟང་བའི་ཁར་དགུན་གྱི་ཁེངས་ཆག་བྱུང་ཚེ་ནོར་ལུག་འཚོ་རྟེན་བྱ་རྒྱུ་དེ་ཡང་ལས་སླ་མོ་ཞིག་ག་ལ་ཡིན། 

  འདི་ལྟ་བུའི་དུས་ཚིགས་ནང་ངེད་ཚང་གི་མ་མོ་རྒྱ་ཐོ་མ་ལྟ་བུའི་ཟོག་ལུག་ཤ་ཤེད་མེད་པ་དག་ཀྱང་ཤི་གསོན་གཉིས་ཀྱི་མཚམས་སུ་ལུས་ཡོད།   དེ་བས་ནམ་རྒྱུན་དགོང་མོར་ཐོན་ན་ཟོག་ཆས་གྲ་སྒྲིག་བྱས་ནས་ཉིན་གཅིག་གི་འཚོ་བའི་ཁ་གནོན་བྱ་དགོས་པ་རེད།  སྐབས་དེར་མ་མོ་རྒྱ་ཐོ་མ་ལོ་ལོན་དབུགས་རྡིབ་ཅིག་ཡིན་ཡང་མོས་ཕྱོགས་གང་ཐད་ནས་རྩ་སྐྱ་འགམ་པ་དང་ཟོག་ཆས་ཉུང་ཙམ་ལ་བརྟེན་ནས་རང་གི་ལུ་གུ་གསོ་བཞིན་ཡོད་། དགུན་ཟླ་རིང་མོ་ཞིག་བཙན་གྱིས་བསྐྱལ་ནས་དཔྱིད་ཀྱི་རྩྭ་ལྗང་གི་མྱུ་གུ་འབུས་རག་བར་མ་མོ་རྒྱ་ཐོ་མའི་ལུས་ཟུངས་སྔར་ལས་ལྡབ་འགྱུར་གྱིས་ཟད་དེ།  སྒལ་ཚིགས་སྟེང་གི་བལ་ཡང་ཕྱིས་ནས་མཐའ་མཇུག་སྐྱི་པགས་ལ་ཐུག་པ་རེད།

  དེ་ནི་ས་སྲོད་ཅིག་སྟེ་ངེད་ཚང་གི་ལུག་རྣམས་ལྷས་རར་བཅུག་ནས་ར་སྒོ་བརྒྱག་སྐབས་མ་མོ་རྒྱ་ཐོ་མ་གར་སོང་ཆ་མེད་དུ་གྱུར་སོང་། དུས་རྒྱུན་མ་མོ་རྒྱ་ཐོ་མ་ལུགས་ཐམས་ཅད་ཀྱི་སྔོན་མ་བྱས་ནས་ཁྱིམ་གྱི་སྒོ་ཁར་ཐོན་སྲིད་པ་དང་ངེད་ཚང་གི་ལྷས་རར་ཐོན་མཁན་ཡིན།  ཆུང་དུས་ནས་མི་ལ་གོམས་ཡོད་པས་ཡར་བདའ་མར་བདའ་ཅི་ལྟར་བྱས་ཀྱང་དེར་སྣང་དོགས་གཏན་ནས་མེད།  འོན་ཀྱང་། དེ་དགོང་མོ་གང་ཞིག་ནས་ལུས་སོང་བ་ཡིན་ནམ། ཡང་ན་ཁྱིམ་ཚང་གཞན་ཞིག་གི་ལུག་ཁྱུར་འདྲེས་ནས་བུད་སོང་།  གལ་ཏེ་འཕར་སྤྱང་གིས་བསད་པ་ཡིན་ཚེ་སྐབས་དེའི་འཇིགས་སྐྲག་དང་ན་ཟུག་བཟོད་གླག་མེད་པ་དེ་སུ་ལ་བཤད།  ང་དང་ཕུ་བོ་གཉིས་ཀྱིས་དེ་ལྟར་བསམ་ཞོར་སླར་ཡང་ངེད་ཚང་གི་རྩྭ་རའི་ནང་མ་མོ་རྒྱ་ཐོ་མ་བཙལ་དུ་ཕྱིན། 

  རྩྭ་རའི་ནང་ཐོན་དུས་ཕལ་ཆེར་ས་ཡང་རུབ་ལ་ཉེ།  ངེད་གཉིས་ཀྱིས་ཁ་ནང་ནས་འབའ་སྐད་སྒྲོག་ཞོར་ཁུག་གཞོང་དང་།  ཆུ་གྲོག རྩ་གསེབ་རེ་རེར་ཉུལ་ནས་མ་མོ་རྒྱ་ཐོ་མ་བཙལ་བ་ཡིན།   འོན་ཀྱང་མ་མོ་རྒྱ་ཐོ་མའི་གྲིབ་གཟུགས་ཙམ་ཡང་རྙེད་མ་ཐུབ།  ངའི་ཡིད་ལ་རང་དབང་མེད་པར་སྔོན་ཆད་མ་མོ་རྒྱ་ཐོ་མ་བཙའ་དུས་ཀྱི་མཚན་མོ་དང་ཁྱིམ་ནས་གསོས་པའི་སྣང་བརྙན་སྣ་ཚོགས་པ་ཞིག་དྲན་བྱུང་། དོན་དངོས་སུ་བགེག་དང་བར་ཆད་གང་ཞིག་གིས་ད་གཟོད་མ་མོ་རྒྱ་ཐོ་མ་འཇིག་རྟེན་འདི་དང་ཁ་བྲལ་དགོས་པ་ཡིན་ནམ། མོའི་ཁོག་ན་ད་རུང་ལུ་གུ་སྙིང་རྗེ་བོ་ཞིག་ཀྱང་ཡོད།  འཕར་སྤྱང་གིས་དངོས་སུ་བསད་པ་ཡིན་ན་ད་ནི་ཁོ་ཚོ་གང་ན་བརྐོང་ཡོད་དམ།  ཡང་ན་གང་ཞིག་ཏུ་བྲོས་སོང་བ་ཡིན།   ང་རང་དེ་མ་ཐག་འདང་རྒྱག་གི་གནས་སུ་ལྷུང་སོང་།

  མ་མོ་རྒྱ་ཐོ་མས་སྔ་གཞུག་ཏུ་ལུ་གུ་དྲུག་བཙས་པའི་གོ་རིམ་ལ་ཕྱིར་ལྟ་ཞིག་བྱས་ན།   དེ་ནི་འཇིག་རྟེན་སྟེང་གི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་དྲུག་བསྐྱངས་པ་བཞིན་དེ་དག་རེ་རེ་བཞིན་གཉོམ་ལག་རྒྱས་ཤིང་། ད་ལྟ་ཤ་ཤེད་འཛོམས་ཡོད།   གལ་ཏེ་མོ་ད་རུང་འཇིག་རྟེན་འདིར་ཡོད་པའི་དབང་ཏུ་བཏང་ན་ལུ་གུ་བདུན་བཙའ་ངེས་པ་ཁོ་ཐག་ཡིན།

ཆུང་དུས་བརྩེ་བ་མ་ཐོབ་པའི་སྤྱིར་བཏང་གི་ལུ་གུ་ཞིག་གིས་འཇིག་རྟེན་གྱི་ཨ་མ་ལྟ་བུའི་བྱམས་བརྩེ་བསྣམས་ནས་རང་གི་ལུ་གུ་རེ་རེ་རྗེས་སུ་ཁྲིད་ཅིང་ནར་སོན་པར་བྱས་པ་ནི། རང་བཞིན་གྱི་སྲོག་ཆགས་དཀྱུས་མ་ཞིག་གིས་ག་ལ་ནུས།  དང་ཐོག་མ་མོ་རྒྱ་ཐོ་མ་ཁེར་རྐྱང་གིས་འཇིག་རྟེན་འདིར་ཐོན་དུས་དབུགས་ཀྱི་རྒྱུ་བ་གསོ་མཁན་དེ་ང་རང་ཡིན་ཡང་།  ངེད་ཚང་གི་འཚོ་རྟེན་ལ་ཕུལ་བའི་ཟས་གོས་ལོངས་སྤྱོད་ནི་དངོས་གནས་བསམ་ཡུལ་ལས་འདས་པར་སྣང་། 

  འདི་ནི་བོད་ཀྱི་སྒོ་ཕྱུགས་ཕལ་མོ་ཆེར་ཡོད་པའི་ལུས་སྟེང་གི་ཁྱད་ཆོས་ཤིག་ཀྱང་རེད། མ་མོ་རྒྱ་ཐོ་མ་རྩྭ་གཟན་གྱི་སྲོག་ཆགས་ཤིག་ཡིན་ཡང་། སེམས་ཀྱི་གཏིང་རུམ་དུ་ང་ཚོ་སུས་ཀྱང་རྟོགས་བྱུང་བའི་ལྷན་སྐྱེས་ཀྱི་བརྩེ་བ་ཟབ་མོ་ལྡན་པར་སྙམ།  ང་ཚོ་འགྲོ་བ་མི་དང་བར་ཐག་ཆེས་ཉེ་བའི་སེམས་ཅན་ཡང་མ་མོ་རྒྱ་ཐོ་མ་ལྟ་བུའི་སྒོ་ཕྱུགས་ཕྱུགས་འདི་དག་མ་ཡིན་ནམ།   འོན་ཀྱང་དེ་རིང་ནས་བཟུང་མ་མོ་རྒྱ་ཐོ་མ་ཟེར་བའི་མིང་དེ་ཡང་འབོད་མཁན་མེད་པར་འགྱུར་ལ།  ལུག་ཞིག་གི་ཚེ་འདིའི་འཕེན་པའང་ཡོངས་སུ་རྫོགས་པ་རེད།  དགོང་མོ་དེར་ངའི་རྨི་ལམ་དུ་མ་མོ་རྒྱ་ཐོ་མ་རྨིས་སོང་། མོས་ངེད་ཚང་གི་རྩྭ་རའི་ནང་ལུ་གུ་སྙིང་རྗེ་བོ་ཞིག་བཙས་ཤིང་། འཕར་སྤྱང་གི་ངུ་ཟུག་ཁྲོད་འཇིགས་སྐྲག་ཅི་ཡང་མེད་པར་སྔར་བཞིན་རང་གི་ལུ་གུ་བསྲུང་ནས་འདུག   །

                      2017ལོའི་སྤྱི་ཟླ10བའི་ཚེས27ཉིན་སྤེལ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།