ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི2017ལོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབའ་སྨད་རྒྱལ་ལོ་ཚེ་རིང་།   སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཇི་སྐད་དུ། མ་ཐོས་པས་ཅི་བསམ། མ་བསམས་པས་ཅི་ཤེས། མ་ཤེས་པས་ཅི་སྒོམ། མ་བསྒོམས་པས་ཅི་གྲོལ། ཞེས་པ་ལྟར། རིག་པའི་གནས་ལ་འཇུག་མཁན་ཞིག་ཡིན་ཕྱིན་ཐོས་བསམ་སྒོམ་གསུམ་གྱི་ལས་བགྱི་དགོས་པ་ནི་རྩོད་དུ་མེད་པ་ནང་བཞིན། ཐོས་པ་ཡོད་ན། དོགས་པ་ཡོང་བ་དང་། དོགས་པ་ཡོད་ན། དྲི་བ་ཡོང་བ་དང་། དྲི་བ་ཡོད་ན། དྲིས་ལན་ཡོང་བ་དང་། དྲིས་ལན་ཡོང་ན། བློ་བསྐྱེད་ཡོང་བ་ལྟར། ཐོས་པ་མུན་སེལ་སྒྲོན་མེ་ཡིན་སྟབས། ཁོ་བོས་བོད་ལྗོངས་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མ་ཞིག་གི་མིང་ཁུར་པ་ནས་རིག་གནས་སྤྱི་དང་ཁྱད་པར་དུ་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་ཅུང་ཡིད་ཚིམས་པ་ཞིག་བྱེད་ཐུབ་སོང་། སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད་དུ་སྔར་མ་ཤེས་པ་དག་ཤེས་ཤིང་། ཡང་ན་དོགས་གཞི་ཅན་གྱི་གནད་དོན་མང་པོ་ཞིག་སེལ་ཐུབ་བྱུང་བས། སློབ་སྦྱོང་གི་གོ་རིམ་དེ་ནི་བློ་བསྐྱེད་ཀྱི་གོ་རིམ་ཞིག་ཡིན་ཞེས་བཤད་ཆོག ཁྱད་པར་དུ། 2017ལོ་ནི་ཕྲན་ལ་མཚོན་ན། མཐར་ཕྱིན་དཔྱད་རྩོམ་འབྲི་བའི་སྐབས་དང་སྦྲགས་དེ་འབྲེལ་གྱི་རྩོམ་རིག་གི་རིགས་པའི་གཞུང་ལུགས་ཐད་དུ་དཔེ་ཀློག་ཅུང་ཡིད་ཚིམས་པ་ཞིག་བྱེད་ཐུབ་སོང་བ་དེས། མ་འོངས་པར་གསར་རྩོམ་དང་རྩོམ་རིག་ཞིབ་འཇུག་གི་ལས་ལ་འཇུག་ཀྱང་རང་ལ་གདེང་ཚོད་ཅིག་ཀྱང་རྒྱུད་དུ་སྐྱེས། དེ་ནི། ཐོས་པའི་ལས་བསགས་ཤིང་དོགས་པའི་གནད་བཀྲལ་བ། དྲི་བའི་ལན་རྙེད་པ་བཅས་བློ་བསྐྱེད་མང་ཙམ་ཐོབ་པའི་དྲིན་ཡིན་གྱི། ངས་རང་ལ་བཀའ་དྲིན་ཞུ་འདོད་ལ། ཁྱད་པར་དུ་དཔེ་ཆ་དག་ལ་བཀའ་དྲིན་ཞུ་འདོད་དེ། རྒྱུ་མཚན། དཔེ་ཆ་ནི་བདག་གི་མི་ཚེ་འདིའི་སློབ་སྟོན་གྱི་སློབ་དཔོན་དཔེ་མེད་དེ་ཡིན་པས་སོ། །

དེས་ན། ཕྲན་གྱི2017ལོའི་གྲུབ་འབྲས་དག་སྟབས་བདེ་ཞིག་ཐོ་རུ་བཀོད་ན།

དང་པོ། དཔེ་ཀློག་གི་སྐོར།

2017ལོར་དུས་དེབ་དང་ཚགས་ཤོག དྲ་བའི་སྒང་གི་རྩོམ་རིག་གསར་རྩོམ་དང་། རྩོམ་རིག་གི་བཅར་འདྲི། རྩོམ་རིག་དཔྱད་བརྗོད་བཅས་ལ་མྱོང་རོལ་བྱས་ནའང་དུས་ཚོད་མང་ཆེ་བ་རྩོམ་གཞུང་གི་སྐོར་ལ་བཀོལ་པ་ཡིན། དེ་དག་གི་མཚན་ཐོ་བཀོད་ན། བོད་ཡིག་གི་སྐོར་ལ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་ལ་འཇུག་པའི་སྒོ》དང་།དུང་དཀར་བློ་བཟང་འཕྲིན་ལས་ཀྱི《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》 དོར་ཞི་གདོང་དྲུག་སྙེམས་བློའི《མུན་འཇོམས་སྒྲོན་མེ》དང《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས》 ཆོས་སྐྱོང་གི《རང་གྲོལ་ཞིབ་འཇུག》 འགྱུར་མེད་ཀྱིས་བསྒྲིགས་པའི《རྩོམ་དཔྱད་གཏམ་ཚོགས》 སངས་རྒྱས་ཀྱིས་བསྒྱུར་པའི《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》 སྟོབས་རྒྱལ་གྱི《རྩོམ་རིག་རྣམ་བཤད》 ལྷག་པ་ཆོས་འཕེལ་གྱི《ལྷག་པ་ཆོས་འཕེལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》དང《རྩོམ་རིག་གི་རྩོམ་ལུས་རྣམ་གཞག》 ཀུན་དགའ་ཡི《བོད་ཀྱི་རྩོམ་རིག་སྐོར་གྱི་གཞུང་ལུགས་རྣམ་བཤད》 ཁྲི་བསམ་གཏན་གྱི《རྩོམ་འཇུག་རིག་གཞུང་དགའ་ཚལ》དང《བོད་རྒྱ་རྩོམ་རིག་གཤིབ་བསྡུར་གྱི་དཔྱད་བརྗོད》 བདུད་ལྷ་རྒྱལ་གྱི《བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ》 སོགས་དང་། རྒྱ་ཡིག་གི་སྐོར་ལ།《文学理论》(勒内•韦勒克, 奥斯汀•沃伦著)、《中国当代文学史》(主庆生主编)སོགས་དཔེ་དེབ20ལྷག་སྟེ་དེ་དག་ལས་དེབ་ལ་ལ་ཞིག་གི་ནང་དུ་རང་ལ་གང་མཁོ་དེ་བཀླགས་པ་ལས་གོ་རིམ་ཚང་བ་ཞིག་ཞིབ་ལྟ་བྱེད་ཐུབ་མེད་ལ། དེབ་ལ་ལ་ཞིག་ཞིབ་ཞིབ་ལྟ་བྱས་པར་མ་ཟད་ཟིན་བྲིས་ཀྱང་གཟབ་ནན་གྱིས་བཏབ་ནས་ཟིན་བྲིས་འབྲི་དེབ་ཆེ་བ་བཞི་ལྷག་བྲིས་ཡོད།

གཉིས་པ། གསར་རྩོམ་གྱི་གྲུབ་འབྲས།

འདི་ལོར་མཚོན་ན། དཔྱད་རྩོམ་དང་སྙན་ངག་སོགས་འཕྲོར་མཐུད་ནས་དུས་དེབ་ཁག་ཏུ་བཀོད་ཐུབ་པ་བྱུང་ཞིང་། གསར་རྩོམ་གྱི་གྲུབ་འབྲས་ཐད་ནས་ཀྱང་ཡིད་ཅུང་ཟད་ཚིམས་ཡོད་དེ། དེ་དག་ཐོ་རུ་བཀོད་ན།

དཔྱད་རྩོམ་གྱི་སྐོར་ལ།《བོད་ཀྱི་དུས་རབས་གསར་པའི་སྙན་ངག་གི་རིན་ཐང་སྣང་ཚུལ་ཐད་ཀྱི་མཐའ་དཔྱོད》ཅེས་པ2017ལོའི《ཀྲུང་གོའི་བོད་རིག་པ》དེབ་གཉིས་པའི་སྟེང་བཀོད།《སྙན་ངག སྙན་ངག་པ། སྙན་ངག་གི་ཀློག་པ་པོའི་སྐོར་གྱི་བསམ་གཞིགས》ཞེས་པ2017ལོའི《ཟླ་ཟེར》དེབ་གཉིས་པའི་སྟེང་བཀོད། གཞན་ཡང་། 《སྤྱོད་འཇུག་ལས་ཕྱུངས་པའི་ཀུན་སྤྱོད་དང་རིགས་ཤེས་ཀྱི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ》ཞེས་པ《གངས་ལྗོངས་རིག་གནས》2017ལོའི་དེབ་གསུམ་པའི་སྟེང་བཀོད། གཞན་རྩོམ་རིང་མོ་སྟེ《སྒྲུང་རིང་གཙུག་གཡུ་ལ་དཔྱད་པ》ཞེས་པའི་མཐར་ཕྱིན་དཔྱད་རྩོམ་ཡིག་འབྲུ་ཁྲི་ལྔ་ལྷག་བྲིས་ཏེ་གྲུབ་ཡོད། སྙན་ངག་གསར་རྩོམ་གྱི་སྐོར་ལ།《དབུས་ནས་སྤྲིངས་པའི་འཕྲིན》ཞེས་པ2017ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དང་པོའི་སྟེང་བཀོད། 《ཁ་བ་རི་བའི་བུ་མོ་དཔལ་སྐྱིད་མཚོ་མོ》ཞེས་པ2017ལོའི《གངས་དཀར་རི་བོ》དེབ་དང་པོའི་སྟེང་བཀོད།《མི》ཞེས་པ2017ལོའི《གངས་དཀར་རི་བོ》དེབ་ལྔ་པའི་སྟེང་བཀོད།《ང་རྒྱལ》ཞེས་པ2017ལོའི《གངས་རྒྱན་མེ་ཏོག》དེབ་གཉིས་པའི་སྟེང་བཀོད།《ལྷ་སའི་རབ་བྱེད》ཅེས་པ2017ལོའི《མི་རིགས་ཀྱི་རྩོམ་རིག》དེབ་ལྔ་པའི་སྟེང་བཀོད།《འཇང་ཡུལ་རྣ་མཚོའི་ཁ་ནས》སོགས་སྙན་ངག་ཁ་ཤས《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་ཡོད།བཅར་འདྲིའི་སྐོར་ལ།《ལྟ་ཀློག་དང་གསོག་འཇོག་ནི་རྩོམ་པའི་སྲོག་ཤིང་ཡིན》ཞེས་པ2017ལོའི《སྦྲང་ཆར》དེབ་གསུམ་པའི་སྟེང་བཀོད། 《ཉམས་མྱོང་རྒན་པོའི་འབེལ་གཏམ》ཞེས་པ 2017ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་བཞི་པའི་སྟེང་བཀོད།

གསུམ་པ། དཔེ་དེབ་པར་སྐྲུན་གྱི་གྲུབ་འབྲས།

འདི་ལོར་སྒེར་གྱི་དཔེ་དེབ་རྐྱང་པ་གཉིས་སྒོར་ཐོན་ཡོད་པ་ནི། གཅིག《སྐད་ཆའི་ཕྱི་ནང》ཞེས་པའི་རྩོམ་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན། དེབ་དེ་ནི2017ལོའི་ཟླ2པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཉིས།《གཞན་ལྟ་དང་ཕྱིར་རྟོག འབྱུང་འགྱུར་གྱི་ལམ》(གནས་སྐབས་ཀྱི་ཁ་བྱང་སྟེ།དེབ་དེ་ལོ་མཇུག་ལ་དཔར་སྐྲུན་བྱེད་ཐུབ)བོད་ཀྱི་རྩོམ་པ་པོ38ལ་རྩོམ་རིག་སྐོར་ནས་བཅར་འདྲི་བྱས་པའི་དེབ་ཅིག་ཡིན། དེབ་དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་རྩོམ་རིག་གི་བཅར་འདྲི་དེབ་ཐོག་མ་རུ་ཆགས་ཡོད། དེབ་དེའི་དགེ་མཚན་གཞན་དུ་གླེང་རྒྱུ་ཡིན་པས་འདིར་ཡི་གེ་མང་བར་དོགས་ཏེ་བསྐྱུར་པ་ཡིན།གཞན་ཡང་འདི་ལོར། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧའེ་མེན་ཝེའི་སྒྲུང་གཏམ《老人与海》ཡོངས་སུ་བསྒྱུར་ནས་གྲུབ་ཡོད་ནའང་། རྒྱུ་རྐྱེན་དུ་མའི་དབང་གིས་དཔར་སྐྲུན་བྱེད་ཐུབ་མེད།

བཞི་པ། བྱ་དགའི་སྐོར།

འདི་ལོར། རྩོམ་རིག་གི་བྱ་དགའ་གཉིས་བླངས་མྱོང་། དེ་གཉིས་ནི་སྙན་ངག་གི་བྱ་དགའ་ཡིན།《ལྷ་སའི་རབ་བྱེད》ལ་རྒྱལ་ཡོངས་སྙན་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།《རྒྱལ་བ་ཚངས་དབྱངས་རྒྱ་མཚོ》ལ་ཐེངས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བོད་ཡིག་འགྲན་སྡུར་ཆེན་མོ་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ།

གོང་གསལ་ནི། ཕྲན་གྱི2017ལོའི་བྱ་བའི་སྤྱི་བསྡོམས་སམ་གྲུབ་འབྲས་ཤིག་ཡིན་ཞིང་། རྩོམ་རིག་ལ་ངག་ནས་དགའ་བ་ཙམ་མ་ཡིན་པར་ལག་ལེན་གྱི་སྟེང་ནས་མངོན་ཅི་ཐུབ་བྱས་པ་ཡིན་ཞིང་། མ་འོངས་པ་ན་ཡང་དེ་ལྟར་ཡིན།

ཞོར་དུ་ཞུ་འདོད་པ་ཞིག་ནི། རྩོམ་རིག་གི་འཕེལ་རྒྱས་ནི་རྩོམ་པ་པོའི་ཁོ་ནས་ལས་ཤིག་ཁྱོན་ནས་མ་ཡིན་པར། རྩོམ་རིག་སློབ་ཁྲིད་མཁན་དང་། རྩོམ་རིག་རྩོམ་སྒྲིག་པ། ཀློག་པ་པོ། རྩོམ་རིག་དཔྱད་བརྗོད་པ། དེ་མིན། སྤྱི་ཚོགས་སྤྱི་ཡི་འདུ་ཤེས་ཤིག་ལ་བརྟེན་དགོས་པ་ལས་རྩོམ་མཁན་ཁོ་ནས་འགྲུབ་ཐུབ་པ་ཞིག་ཁྱོན་ནས་མིན། ཁྱད་པར་དུ། རྩོམ་རིག་འཕེལ་རྒྱས་དང་དཔྱད་བརྗོད་པའི་འབྲེལ་བ་ནི་ཤིན་ཏུ་དམ་ལ་གལ་ཡང་ཆེ། རྩོམ་རིག་དཔྱད་བརྗོད་ཀྱིས་ཀློག་པ་པོ་བྱིངས་ཀྱི་རྩོམ་རིག་མྱོང་རོལ་ལ་ཁྲིད་སྟོན་བྱེད་པ་དང་། གསར་རྩོམ་གྱི་ཉམས་མྱོང་ལ་ཟམ་མ་ཆད་པར་སྤྱི་སྡོམ་དང་དབྱེ་ཞིབ་བྱས་ནས། རྩོམ་པ་པོའི་གསར་རྩོམ་གྱི་ཆུ་ཚད་ལ་མཐོར་འདེགས་གཏོང་བ་དང་། ཞིབ་འཇུག་གི་འབྲས་བུར་ཕྱོགས་སྡོམ་བྱས་ཏེ་བསམ་བློ་གསར་པ་འདོན་སྤྲོད་ཀྱིས་རྩོམ་རིག་གཞུང་ལུགས་ལ་འཕེལ་རྒྱས་བཟོ་བ་ཡིན།(བདུད་ལྷ་རྒྱལ་གྱི་ཚིག)ཀློག་པ་པོའི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་དང་གོ་རྟོགས་ཇེ་མཐོར་མ་སོང་ཚེ། རྩོམ་རིག་གི་འཕེལ་རྒྱས་ཞེས་པ་བཤད་དཀའ་བའི་གནས་སུ་འཁུམས། ལྷག་པར་རང་རེའི་རྩོམ་རིག་གི་འཕེལ་རྒྱས་ནི་དེ་ལྟ་ཞིག་གོ། ། རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་དང་གོ་རྟོགས་དེ་ཇེ་མཐོར་འགྲོ་དགོས་ཚེ། དཔེ་ཀློག་དང་རྩོམ་རིག་སློབ་ཁྲིད་ལ་ཉན་རྒྱུ་ལས་ཐབས་གཞན་མ་མཆིས། དཔེ་ཀློག་དེ་ཡང་རྩོམ་རིག་རྐྱང་པའི་རིག་ཚན་ཁོ་ནས་མི་ཡོང་ཞིང་། རྩོམ་རིག་དང་འབྲེལ་བའི་རིག་ཚན་གཞན་དང་གཞན་ལ་འབྲེལ་འདྲིས་བྱ་རྒྱུ་ནི་འགངས་ཆེན་ཞིག་ཏུ་མཐོང་།

གཞན་ད་ཆར། རང་རེའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་གསར་རྩོམ་ལ་འཇུག་མཁན་ཞིག་ཡིན་ཕྱིན། རང་གི་ཚོར་བ་ཉི་ཚེ་བ་ཞིག་ལ་བརྟེན་པ་ལས་དཔེ་ཀློག་མང་པོ་མ་བྱས་ཀྱང་ཆོག་པའི་འདོད་ཚུལ་ཞིག་ཡོད། ལྷག་པར་གཞུང་ལུགས་ཀྱི་སྐོར་ལ་དེ་ལྟར་འདོད། གཞུང་ལུགས་ཀྱིས་གསར་རྩོམ་བྱེད་པར་བཀག་རྒྱ་དང་གནོད་པ་ཡོད་པར་འདོད་དེ། གཞུང་ལུགས་དང་འབྲེལ་འདྲིས་བྱེད་རྒྱུ་ནི་དགྲ་བོ་ལྟ་བུའི་འདུ་ཤེས་ཤིག་བཟུང་ཡོད། ཕྲན་ལྟར་ན། བཤད་ཚུལ་དེ་ནི་མི་རིགས་གཞན་ལ་འཕྲོད་ནའང་བོད་ལ་དེ་ལྟར་འཕྲོད་མིན་ཅུང་བཤད་དཀའ། རྩོམ་རིག་གི་ལོ་རྒྱུས་རིང་ཞིང་གྲུབ་འབྲས་ཀྱིས་གཏམས་པའི་ནུབ་ཕྱོགས་པ་ཚོར་མཚོན་ན་དེ་ལྟར་དུ་འདོད་ཆོག་མོད། བགྲང་བྱ་བཞི་བཅུ་ཙམ་འགྲོ་གྲབས་ཡོད་པའི་བོད་ཀྱི་རྩོམ་རིག་ལ་མཚོན་ན་དེ་ལྟར་རུང་མིན་དཔྱོད་པའི་གནས་ཤིག་གོ། །རྩོམ་པ་པོ་དང་ཀློག་པ་པོའི་ཐད་དུ་རྒན་བདུད་ལྷ་རྒྱལ་ན་རེ། རྩོམ་པ་པོའི་གནད་དོན་གཙོ་བོ་བསམ་བློའི་ཆུ་ཚད་ཀྱི་སྟེང་ན་ཡོད། རྩོམ་པ་པོའི་སྤྱི་ཚོགས་ལ་ལྟ་བའི་མཐོང་སྟེགས་དང་སྤྱི་ཚོགས་ལ་ལྟ་བའི་ཁོག་དབུབ་ཀྱི་ནུས་པ་དང་། རྩོམ་པ་པོའི་མིའི་ངོས་ཟིན་སོགས་ཟབ་ས་དང་མཐོ་སར་མ་ཕྱིན་པས། ནར་མའི་སྣང་ཚུལ་གྱི་ཁྲོད་ནས་ཐུན་མིན་གྱི་མི་ཚེ་དང་བསམ་བློ་རྙེད་དཀའ་ཞིང་། རྩོམ་གྱི་བསམ་བློ་ཟབ་བརླིང་ཅན་དུ་འོང་མི་ཐུབ་ལ། བརྩམས་ཆོས་ཀྱི་བསྟན་དོན་ལ་སྔོག་འདོན་ལེགས་པོའང་ཐོབ་མི་ཐུབ།

ང་ཚོའི་རྩོམ་པ་པོ་དག་གིས་རིག་ཤེས་ཀྱི་ནུས་པ་ལ་མཐོང་ཆེན་མི་བྱེད་པར་མ་ཟད། གཞུང་ལུགས་སམ་ལབ་བརྗོད་འགའ་ཞིག་གི་ཚིག་རིས་ལ་འཁྲི་ནས་གཞུང་ལུགས་ཀྱི་སྤུས་ཚད་ཡོད་དགོས་པར་གོ་ནོར་ཐེབས་ཏེ། རྩོམ་པ་པོ་ནི་རང་གི་ཚོར་ཤེས་ཁོ་ན་ལ་བརྟེན་པ་ཞིག་དང་། རྩོམ་རིག་གསར་རྩོམ་ནི་རིགས་རྟོག་ལ་གཡོལ་དགོས་པ་ཞིག་ཡིན་པའི་ལོག་རྟོག་གི་བློ་ཞིག་ཡོད། འདི་ལྟའི་མ་དག་པའི་བློ་ཡོད་པས་དང་འདི་རྒྱུན་འབྱམས་སུ་ཕྱིན་ཚེ། ང་ཚོ་ནམ་ཡང་སྤྱི་ཚོགས་ཀྱི་ཕྱིའི་སྣང་ཚུལ་ཙམ་ཚུར་སྣང་བྱེད་པ་དང་། བརྗོད་དོན་དོན་སྙིང་ཅན་དེ་ལུང་མ་བསྟན་པའི་འཚོ་བའི་གཏམ་རྒྱུད་དམ་དུས་ཚོད་ཀྱི་འཚོ་བའི་ཁྲོད་འཐོར་ཏེ་གསེར་ས་ནང་ལ་གཏོར་བ་ལྟར་མ་ལུས་ཐབས་མེད་ཡིན།བོད་ཀྱི་ཀློག་པ་པོ་བྱིངས་ནི་སྤྱི་ཚོགས་འཚོ་བའི་གནད་དོན་ཞིག་རྩོམ་ནང་དྲངས་པ་ཙམ་གྱིས་ཡིད་ཚིམ་པར་འགྱུར་ཞིང་། བརྩམས་སྒྲུང་ཀློག་དུས་གཏམ་རྒྱུད་ཀྱི་བྱུང་བ་མཚར་བོར་དམིགས་ཏེ་བརྩམས་སྒྲུང་གཏམ་རྒྱུད་ལྟར་དུ་ཀློག་པ་ཉིད་ལས། བསམ་བློའི་ཟབ་ཁྱད་དང་། བཀོད་འབྲིའི་ཞིབ་ཕྲ། བྱུང་རིམ་གྱི་གཏན་ཚིགས། མི་སྣའི་སྣང་བརྙན་གྱི་བཞེངས་སྐྲུན་སོགས་རྩོམ་པ་པོའི་གསར་རྩོམ་གྱི་སྟེང་ན་གནས་པའི་གནད་དོན་དཔྱད་རྩོམ་དངོས་གཞིས་བསྟན་པའི་ཞན་ཆ་དེ་དག་ལ་ཁོ་ཚོས་དོ་སྣང་མི་བྱེད་པས། ཁོ་ཚོ་རྩོམ་པ་པོ་དག་ལ་བསྒྱུར་བཅོས་ཡོ་བསྲང་གི་བློ་གསལ་འདོན་མཁན་དུ་མི་འགྱུར་བར་མ་ཟད། ཀློག་པ་པོའི་སྒྱུ་རྩལ་གྱི་ཡོན་ཏན་དངོས་མིན་པ་ཞིག་ལ་དངོས་སུ་རྟོག་སྟེ་སྒྲོགས་པར་གྱུར་པའི་སྒོ་ནས་ཁོ་ཚོ་རྩོམ་པ་པོར་ལམ་སྟོན་མཁན་དུ་མ་གྱུར་པའི་ངེས་པའང་མེད།དེ་བས་ན། བོད་ཀྱི་ཀློག་པ་པོ་ལའང་རྩོམ་པ་པོས་རེ་བ་བཏོན་པ་ལྟར་དུ། རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་། བརྩམས་ཆོས་ཀློག་འདོན་གྱི་རྒྱ་བསྐྱེད་པ། བསམ་བློའི་ཆུ་ཚད་ལ་མཐོར་འདེགས་བཟོ་བ་བཅས་ཀྱིས་སྒྱུ་རྩལ་བློ་སྦྱོང་ལ་ཤུགས་སྣོན་གཏོང་དགོས་པའི་ཁུར་དེ་བབས་ཡོད། ཀློག་པ་པོ་ནི་རྩོམ་རིག་གི་བགྱི་བའི་ཁྲོད་ཀྱི་རྟེན་འབྲེལ་གྱི་ཚིགས་ཤིག་ཏུ་གྱུར་པའི་སྒོ་ནས། ཁོ་རྩོམ་རིག་འཕེལ་རྒྱས་ཀྱི་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་སོ་ཞེས་པའི་གཏམ་གྱིས་རྫོགས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།