ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་ཕྱིར་ལྟ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་ཆུའི་ཚེ་དཔག་སྐྱབས།   སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱེད་ཀྱིས་མགོ་བོ་སྒུར་སྒུར་གྱིས་ཅི་ཞིག་ལ་བརྩོན་གྱིན་ཡོད། གོམ་ཁ་བྲེལ་བྲེལ་གྱིས་གང་ཞིག་ལ་ཆས་འདོད་ཡོད། ཕུགས་བསམ་ནི་ནར་མ་སོན་པའི་ཕྲུ་གུ་ཞིག་ཡིན་ན་ཁྱོད་ཀྱིས་ངེས་པར་འབད་བརྩོན་གྱིས་སྙོར་དགོས། རྒྱུན་འཁྱོངས་ནི་གྲུབ་འབྲས་ཀྱི་ཨ་མ་ཡིན་ལ། ཡིད་ཆེས་ནི་འབད་བརྩོན་གྱི་ཆུང་མ་ཡིན།

དུས་ཚོད་ནི་སྲབ་མཐུར་མེད་པའི་རྟ་རྒོད་ཅིག་དང་འདྲ་བར་མགྱོགས་དྲགས་ལ་རི་གཟར་རྦབ་ཆུ་བཞིན་ཕྱིར་ལྡོག་མེད་པས།གྲུབ་འབྲས་ལྷ་མོས་བརྩོན་འགྲུས་ཅན་མ་གཏོགས་རྗེས་སུ་མི་འཛིན་ཞེས་གསུངས།བརྩོན་པའི་ཕྱག་གིས་རྔ་ལ་དབྱུ་གུས་མ་བསྣུན་ན་རེ་བ་དང་སྨོན་འདུན་གྱི་སྒྲ་དབྱངས་ཕྱོགས་ཀྱི་བུ་མོའི་ཐོས་འཛིན་གྱི་ཡུལ་དུ་མི་ཁྱབ་པས།མི་ཚེ་འདིར་རེ་འདུན་གྱི་རྔ་ཆེན་ཡང་ཡང་བརྡུང་ཆོག་པར་ཞུ།མི་རེ་རེ་ལ་འདུན་མ་རེ་ཡོད། མི་རེ་རེ་ལ་མ་འོངས་པ་ཞེས་མཛེས་སྡུག་གི་རྨི་ལམ་བཅོལ་ས་ཞིག་ཡོད། རྨི་ལམ་དེའི་སྐྱེད་ཚལ་ནས་ཁྱོད་མེ་ཏོག་དང་ལྷན་དུ་གཉིད་ཐུབ་པར་སྨོན།

འཇམ་མཉེན་ཕྱག་སོར་རྩེན་པའི་པི་ཝང་ཞིག་རང་གི་པང་དུ་བསྣམས་ཏེ་མི་ཚེའི་དགའ་སྐྱོ་ཡོད་ཚད་དེ་ཡི་རྒྱུད་སྐུད་ལ་དྲངས་ཏེ་མི་ཡུལ་ལ་དབྱངས་རྟ་ཞིག་བསླེབ་ཐུབ་པར་སྨོན། འདི་ནི་ཁྱེད་ཀྱི་སང་ཉིན་ཡིན། སང་ཉིན་གྱི་རེ་བ་དང་རྩྭ་ཐང་གི་མེ་ཏོག་ཡིན།སང་ཉིན་ཉི་འོད་བཞིན་རྒྱས་པར་ཤོག

ཁ་སང་གི་རྔུལ་ཆུ་ནི་སང་ཉིན་གྱི་བདེ་སྐྱིད་གྲུབ་བྱེད་ཀྱི་རྒྱུ་འབའ་ཞིག་ཡིན།ང་ཚོས་འདས་སོང་ལ་ཕྱི་མིག་བཞག་སྟེ་མ་འོངས་པ་རེ་བའི་ཕྱག་གིས་སྙོར་དུས། དེ་རིང་ནི་ཁྱེད་ཀྱིས་སྡོམ་རྩིས་བགྱི་ཆོག་པའི་ཉིན་མོ་དེ་ཡིན། འདས་སོང་མེ་ལོང་ངོས་སུ་ཅེར་ཏེ་ཞིབ་འདང་ཞིག་རྒྱོབས་དང་། ཁ་སང་ཆུ་བོ་ལྟར་བཞུར་ནས་སང་ཉིན་མགྲོན་པོ་བཞིན་སླེབས་ན།དུས་ཚོད་ཀྱིས་དེད་པའི་དུས་ཚོད་ཀྱི་སྣེ་རུ་འཕྱོ་བཞིན་པ་ནི་ང་ཡི་ལང་ཚོའི་རླབས་སྒྲ་དེ་ཡིན། ཚེ་སྲོག་གི་མཚོ་མོ་མ་བསྐམས་བར་དུ་འཁྲེང་ཞེན་གྱི་རླབས་སྒྲ་འཇགས་མི་སྲིད།ཟེགས་མ་དགུང་དུ་འཕྱོ་བའི་ཆལ་ཆིལ་གྱི་རླབས་ཕྲེང་རེ་རེས་ང་ཡི་འདུན་མ་དང་ཚེ་སྲོག་གི་དར་རྒུད་མཚོན།དེ་ནི་ང་ཚོའི་སྤོབས་པ་དང་རེ་བས་སང་ཉིན་ལ་སྒུག་སྟངས་ཤིག་ཡིན། འདི་ལྟར་དུས་ཚོད་ཀྱི་རིན་ཐང་དང་མདའ་ཁབ་ཀྱི་སྣེ་ན་ང་ཚོའི་བྱ་བ་མང་པོ་ཞིག་ལུས་ཤིང་། ཕྱིར་ཡོང་མེད་པའི་དུས་ཚོད་ཀྱི་རིན་ཐང་དཀོན་པོ་ད་རུང་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཕར་ལ་འདའ་བཞིན་འདུག་པས་ཅིས་ཀྱང་ཞིབ་འདང་ཞིག་རྒྱག་རན་སོང་།ཕྱིར་དྲན་ཐེངས་གཅིག་གི་དྲན་འཛིན་གྱི་ངོས་ན་འདས་སོང་གི་རི་མོ་ཞིག་མི་འདུག་པ་ག་ལ་ཡིན། རང་རང་ལ་དགའ་སྐྱོ་ཡི་གཏམ་རྒྱུད་རེ་ཡོད། མངར་སྐྱུར་སྣ་ཚོགས་ཀྱི་བྲོ་བ་ལྡན་པའི་འཚོ་བ་གསར་པའི་ལོངས་སྤྱོད་ཅིག་ཡོད།

མི་ཚེ་འདིར་རང་ཉིད་རང་གིས་བཙོ་སྦྱངས་བགྱི་ཐུབ་ན་ནི་ཁྱེད་རང་གསེར་ལྷད་མེད་ཅིག་ཏུ་འགྱུར་ངེས། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ་ཞེས་པ་བཞིན་རང་ཁྱིམ་ལ་ཤེས་རབ་ཀྱི་སྒྲོན་མེ་བཀར་ཐུབ་ན་ཁྱེད་ཀྱི་གཞིས་ཁྱིམ་འོད་སྣང་གིས་འཁྱུད་ཡོང་། དེ་ནི་མི་རབས་ཤིག་གི་གཟི་བརྗིད་དང་མི་ཚེ་ཞིག་གི་རིན་ཐང་ངོ་མ་དེ་ཡིན་ལ།སྐྱེ་བ་མི་ལུས་བླངས་ཤིང་མི་རུ་སྐྱེས་པའི་དོན་གོ་ཆོད་པའི་མི་ཆེན་ཞིག་གམ་སྐྱེས་ཆེན་ཞིག་རེད། འདི་ལྟར་དུས་ཚོད་ནི་རང་ཉིད་མདུན་དུ་འཁྲིད་མཁན་ཞིག་ཡིན་པའི་སྟབས་ཀྱིས་དུས་ཚོད་ཀྱིས་ཁྱེད་ལ་མཇུག་འབྲས་ཀྱི་ལག་རྟགས་གནང་བ་དེའོ། །

ང་ཚོས་ཁྲུང་ཁྲུང་ལྷོ་རུ་འཕུར་བའི་དུས་ཚིགས་ཤིག་ལ། སྡོང་ལོ་ས་རུ་བྱེར་བའི་སྟོན་མཇུག་ཅིག་ལ། མེ་ཏོག་གི་འདབ་མ་རྙིང་ཞིང་རྙིད་པའི་ཚུལ་ལ་བལྟས་ན། ངོ་མ་སྐྱེ་འཆི་ཡི་གོ་རིམ་ལྡོག་མེད་ཡིན་པ་དང་རེ་ཞིག་མཛེས་སྡུག་དང་སྤྲོ་སེམས་ཀྱིས་བཞེངས་པའི་འཇིག་རྟེན་ཆུང་ཆུང་ཞིག་དེ་མུར་འཐོར་ཞིག་ཏུ་འགྲོ་བའང་ཆོས་ཉིད་ཀྱིས་ར་སྤྲོད་ཐུབ།འདི་ནི་ཕྱིར་ལྟ་ཞིག་གམ་དུས་ཚོད་ཀྱིས་ང་ལ་གནང་བའི་ཚོར་བའི་དབྱངས་འགྲོས་ཡིན།དུས་ཚོད་ག་ཙམ་གྱི་རིང་ལ་མི་ཚེའི་ལྗོན་བཟང་གི་འདབ་མ་སྔོ་ལྗང་དུ་གནས་ཐུབ་བམ། ཁྱེད་ཀྱིས་བྲང་གཞུང་སྙིམ་པས་བསྐྱོར་ཏེ་ཞིབ་འདང་རེ་རྒྱོབས་དང་། ཁྱེད་ལ་རང་གི་གཟི་བརྗིད་དུ་རློམ་ཆོག་པའི་བྱ་གཞག་ནི་ཅི་ཞིག་ཡོད།བདེ་བར་བཞུད་བྱེད་ཀྱི་ཀོ་གྲུ་ཞིག་བཟོས་སོང་ངམ། འཛད་མཐའ་མེད་པའི་འཁོར་བ་རྒྱ་མཚོའི་ཀློང་ནས་ཕ་རོལ་ཏུ་བགྲོད་བྱེད་ཀྱི་ཀོ་གྲུ་ཞིག་ངེས་པར་དགོས་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།