དྲན་པའི་ལྗོན་ཤིང་གི་རྩེ་ན།

ངས་ནམ་རྒྱུན་ཁྱེད་ལ་ལྷོད་ཤ་ལྡན་ཞིང་སྙན་འཇེབས་ཀྱིས་ཕྱུག་པའི་བརྩེ་གཞས་ཤིག་འབུལ་ན་འདོད།རྩེ་མགོ་གངས་ནས་བླངས་ཏེ་རྩེ་རྔ་རྒྱ་མཚོར་བཞུར་བའི་སྣང་བ་བྲོད་དྲུག་གི་གཞས་ཆུང་ཞིག་ཁྱེད་ཀྱི་ཐོས་འཛིན་བུ་མོའི་རུམ་ཁོང་དུ་ཡང་ཡང་བཅུག་ན་བསམ། ཞེ་འདང་གི་དར་སྐུད་རིང་མོར་དམ་ཚིག་གི་རི་མོ་ཕབ་སྟེ། ལེགས་ཚོགས་ཕྱྭ་གཡང་གི་དོན་ཀུན་འགྲུབ་པའི་ཟོར་མའི་གླུ་དབྱངས་ཤིག་ཅིས་ཀྱང་ལེན་འདོད་སྐྱེས།

ཉི་འོད་ལམ་ལམ་འཚེར་བའི་དབྱར་གཞུང་ཞིག་གི་ཆུ་མོ་ཤག་ཤག་འབབ་པའི་ཉིན་མོ་ཞིག་ལ། ངས་ཕྲ་ཚོམ་མུ་ཏིག་གི་སྤང་གདན་དཀྱིལ་ནས་ཁྱེད་རང་དྲན་ཚུལ་ནི།ལྷོ་ཕྱོགས་རཱ་མའི་རི་བོའི་སྟེང་ལ་ཞེན་ཆགས་དང་རེ་སྒུག་གི་རྨི་ལམ་སྤུར་བའི་ལྷ་མོ་ཨུ་མའི་སྐྱོ་གདུང་དང་ན་ཟུག་དེ་ཡིན།ཨུ་ཚུགས་དེ་ཡིན།ཁྲེལ་གཞུང་དེ་ཡིན།ང་ཡི་དྲན་གདུང་གི་ལྗོན་པ་སྒུལ་བའི་རོགས་ཆུང་ལོ།ཁྱེད་ཀྱིས་ནམ་ཡང་བདག་གི་བརྩེ་འདང་གི་ལུག་ཁྱུ་བར་མེད་དུ་བསྲུངས་པས།ང་ཡི་གངས་རི་དང་སྐར་ཚོགས། སྤྲིན་དཀར་དང་ལུག་ཁྱུ། སྤང་ལྗོངས་དང་ཆུ་ཕྲན་སོགས་ལ་མཛེས་སྡུག་གི་རི་མོ་བྲིས་སོང་། ཀྱེ། བརྩེ་བའི་མི་ལགས། སེམས་ཀྱི་ཀུ་རེ་དང་དྲན་པའི་སྒེའུ་ཁུང་གི་ངོགས་ན། མཚན་མོའི་ཟླ་འོད་ཀྱི་རང་མདངས་དཀར་པོ་དྲན་པའི་མཁའ་ལམ་ན་འོད་ཀྱུག་ཀྱུག་ཏུ་འདུག ཞེ་མཐུན་སུ་ཞིག་ཆ་ཡོད་ཆ་མེད་ཀྱི་རི་ལུང་ནས་ཆས་ཏེ།ཕ་རིའི་རི་རྩེ་ལ་ལག་རྡང་གིས་བསྐྱོད་དུས།སེམས་པ་དང་སེམས་པ་སྦྲེལ་བའི་བརྩེ་དུང་གི་དཔུང་རོགས་དེ་ཡིན་ལ། སེམས་གཞས་ལ་དགའ་བ་འཁྱུད་པའི་བརྩེ་འདང་གི་རོལ་མོ་བ་དེའང་ཅི་ལ་མིན།དེའི་ཕྱིར།ཁྱེད་ཟེར་ན་དམར་ཆུང་སྙིང་ཡིན། སྙིང་བརྩེ་བའི་བདག་ཉིད་ཁྱོད་ཡིན། ངའི་དུངས་སེམས་ཀྱི་མཚོ་ཁར་བབས་པའི་ངང་ཆུང་སེར་པོ། དུས་ཚོད་ག་ཤེད་ཅིག་ལ།ངས་སྔར་གྱི་གནས་དེ་རུ་ཁྱེད་ལ་བསྒུགས་ནས་ས་རུབ་སོང་།

རྩེད་ཐང་མགོན་པོ་རིའི་རི་ཞོལ་ན།ཨ་ཕ་སྤྲེའུའི་ཐུགས་རྗེ་དང་ཨ་མ་བྲག་སྲིན་གྱི་བྱམས་བརྩེ་འཁྱིལ་བའི་གཞིས་ཁྱིམ་ཡོད་ལ་གཏམ་རྒྱུད་ཡོད། ད་ལྟ་དཔེ་དེབ་ཀྱི་ཉིན་སྲིབ་བར་ནས་ལོ་རྒྱུས་ཀྱི་ལུག་ཁྱུ་འཚོ་བའི་སྙིང་ཉེ་བ་གང་ཞིག ཧུར་བརྩོན་གྱི་རི་སྒང་ལ་བུད་དེ་ནམ་ཡང་བདག་ལ་སེམས་ཁྲལ་དང་དུངས་པ་སྦྱིན་པའི་ཁྱེད་རང་དྲན། ང་ཡི་བརྩེ་བའི་མི། མི་ཚེ་འདིའི་དབྱར་གཞུང་ལ་ང་ནི་ཁྱེད་ཀྱི་མིག་ལམ་དུ་མེ་ཏོག་བཞིན་སྐྱེ་ཐུབ་པར་སྨོན། བདེན་དོན་གྱི་མི་གཞི་དེར་འགྱུར་ལྡོག་གི་ལྷན་པ་མེད་པར་ཤོག

བརྩེ་འདང་འདི་ང་ཡི་དྭངས་གསལ་གྱི་ཆུ་མིག་རྙོག་པའི་འདབ་རྫབ་ཅིག་མིན་པར།ཞེ་ཡི་སྡུག་གུར་ཆགས་པའི་འདབ་མ་སྟོང་ལྡན་གྱི་ཡིད་འོང་མཛེས་སྡུག་ཅིག་ཏུ་འཁྲུངས་པར་སྨོན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།