གླུ་རེ་རེའི་ནང་ན་མེས་པོའི་ཁ་ཏ་རེ།

——ལུ་གུ་རྒྱལ་གྱི་གླུ་ལ་ཉན་པའི་མྱོང་ཚོར་ལས་འཕྲོས་པ།

ང་ནི་འབྲོག་པའི་རྩྭ་ཐང་ནས་ཚེ་སྲོག་གི་གཉོམ་ལག་རྒྱས་ཤིང་ད་ལྟ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་དང་སློབ་གསོའི་སྡེ་ཁག་ན་མི་ཚེའི་རིན་ཐང་འཚོལ་བའི་ན་གཞོན་ཞིག་ཡིན།

ལོ་ཆུང་བྱིས་པའི་དུས་ནས་བཟུང་ཁྱེད་ཀྱི་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་ལྡན་པའི་གླུ་སྐད་ཀྱིས་ང་དང་ངའི་ཕ་མ་སོགས་ཀྱི་དྲན་པ་ཡོངས་སུ་བརླན་ཞིང་། འཚོ་བའི་ཁྲོད་དུ་སྤྲོ་སྐྱིད་ཀྱི་ཡོ་ལང་རབ་ཏུ་རྒྱས་པར་བྱས་མྱོང་བར་མ་ཟད། མཚན་མོ་རེ་རེར་སྒྲ་སྡུད་འཁོར་ལོ་ལས་ཁྱོད་ཀྱི་གླུ་སྐད་ཐོས་ཐེངས་རེར་ངེད་བཟའ་མི་ཡོངས་ཀྱིས་ལག་གི་ཟ་འཐུང་སོགས་ཀྱང་བརྗེད་ནས་དར་ཅིག་ཐོས་འཛིན་གྱི་དབང་པོ་ཁྱོད་ཀྱི་གླུ་སྐད་ཀྱིས་ཡོངས་སུ་བཀུག་མྱོང་། འོན་ཀྱང་དུས་སྐབས་དེར་བསམ་མེད་བྱིས་བློའི་དབང་དུ་གྱུར་པའི་བདག་ལ་དམངས་གླུའི་རོལ་མྱོང་གི་ནུས་པ་མ་རྒྱས་པས། ཁྱེད་ཀྱི་གླུ་སྐད་ནི་ངག་གི་དབྱངས་འགྲོས་རིང་ཞིང་དབྱངས་རྟ་ཡར་འཇོག་མར་འཇོག་ཅན་ཞིག་ཡིན་པའི་སྣང་བ་ལས། ཁྱེད་ཀྱི་དམངས་གླུའི་རིན་ཐང་དངོས་མ་རྟོགས་ནའང་ངའི་རྣ་ལམ་ནས་ནམ་ཡང་ཡལ་མ་མྱོང་། དོན་དངོས་སུ་སྐབས་དེར་བདག་ལྟ་བུའི་ལོ་ཆུང་བྱིས་པ་ཞིག་གིས་བོད་ཀྱི་དམངས་གླུའི་སྒྱུ་རྩལ་གྱི་རིན་ཐང་ག་ལ་རྟོགས། ཡིན་ཡང་ཁྱོད་ཀྱི་གླུ་སྐད་ནི་ངའི་ཆུང་ཆུང་བྱིས་པའི་སྐབས་ཀྱི་ན་ཆུང་རྩེད་གླུ་སྟེ་ཆུང་ཆུང་ལུ་གུ་འཚོ་རོགས་དང་ཡང་ཆུང་མེ་ཏོག་འཐུ་རོགས་ཡིན། བདག་གི་ལང་ཚོ་ནི་ཁྱེད་ཀྱི་གླུ་སྐད་ཀྱི་སྙན་འཇེབས་ཁོ་ནས་བསྐྱངས་པ་ཡིན་ཞེས་ད་ལྟའང་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས།

རྗེས་སུ་ཁྱོད་ཀྱི་ཆེད་བསྒྲིགས་སྒྲ་ཐག་《ཨ་ཞང་ལོ་ལོ》སོགས་ཀྱིས་ཀྱང་ངའི་སྐྱེས་འཚར་གྱི་གོ་རིམ་ཁྲོད་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་བཞག་མྱོང་། ད་དུང་གླུ་སྐད་ཀྱི་དབྱངས་འགྲོས་ལ་བརྒྱུས་པའི་ཚིག་འབྲུ་རེ་རེ་ཡང་སྙན་ཆ་ལྡན་ཞིང་ཡར་སྐུལ་གྱི་དོན་སྙིང་ལྡན་པའི་བསླབ་བྱ་ཤ་སྟག་རེད། ཡིན་ཡང་། དུས་ཀྱི་འཕེལ་འགྱུར་ནི་བཟློག་ཏུ་མེད་པའི་མི་ཚེའི་ཆོས་ཉིད་ཅིག་ཡིན་པ་ལྟར། འཕེལ་འགྱུར་དང་བསྟུན་ནས་བོར་བརླག་ཏུ་འགྲོ་བའང་མང་པོ་ཡོད་ཨང་།

ཕ་ཡུལ་གྱི་ལོ་ལོན་རྒན་གྲས་རྣམས་འཕྲོ་རིམ་འཕྲོར་ཚེ་ཡི་འདུ་བྱེད་རྫོགས་ཏེ་ཞི་བའི་དབྱིངས་སུ་བཞུད་པ་དང་། དྲིན་ཆེན་ཕ་མ་གཉིས་ཀྱི་སྐྲ་རྩ་དཀར་པོ་དང་མིག་རྩ་དམར་པོར་གྱུར་ཅིང་བདག་ཀྱང་ཕ་མའི་གོ་འཕང་སྙེག་པའི་དུས་འདིར། ངས་གཞི་ནས་ཁྱེད་ཀྱི་གླུ་སྐད་ཀྱི་ཁྱད་ཆོས་དང་སྙན་འཇེབས་ཀྱི་རིན་ཐང་རྟོགས་བྱུང་།

ཁྱེད་ཀྱི་གླུ་སྐད་ནི་དུས་ཀྱི་ཅོང་བརྡ་སྟེ། དུས་རབས་ཤིག་གི་རིག་གནས་སྒྱུ་རྩལ་གྱི་སྣང་བརྙན་གསལ་བར་བྱེད་པའི་ཅོང་བརྡ་ཞིག་དང་འདྲ་བར་བདག་དང་བཅས་པའི་མི་མང་པོ་ཞིག་ལ་མི་ཚེའི་ལམ་སྟོན་དང་སྒྱུ་རྩལ་གྱི་མིག་དཔེ་བསྟན་པ་མ་ཡིན་ནམ། ངག་གི་དབྱངས་འགྲོས་རིང་ཞིང་དབྱངས་རྟ་ཡར་འཇོག་མར་འཇོག་གི་འགྱུར་ཁུགས་སྟོང་དང་ལྡན་པ་ནི་མ་གཞི་ཁྱེད་ཀྱི་ངག་ལས་ཐོན་ཞིང་ཕྱོགས་ཀྱི་བུ་མོའི་སྙན་པ་རབ་ཏུ་བརྒྱན་པའི་དམངས་གླུའི་ཁྱད་ཆོས་དང་རིན་ཐང་མ་ཡིན་ནམ། བདག་གིས་གཞི་ནས་རིན་ཐང་འདི་རྟོགས་སོང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ཁྱེད་ཀྱི་ཆེད་བསྒྲིགས་སྒྲ་ཐག་རེར་ཉན་པ་ནི་མི་གཞི་སློབ་གསོའི་སློབ་ཁྲིད་ཐུན་གཅིག་ལ་ཉན་པ་དང་ཀུན་ནས་མཚུངས། རྒྱུ་མཚན་ནི་ཁྱོད་ཀྱིས་ངག་ནས་ཐོན་པའི་གླུ་སྐད་རེ་རེ་ནི་དབྱངས་ཀྱི་མཛེས་སྡུག་ཅིག་དང་གླུ་ཚིག་རེ་རེ་ནི་མི་གཞིའི་སློབ་གསོའི་ནང་དོན་ཅན་ཤ་སྟག་རེད། དོན་དུ་འདི་ནི་བོད་ཀྱི་དམངས་གླུའི་ཁྱད་ཆོས་དངོས་རེད་བསམ།

ཉིན་འགའི་སྔོན་དུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི《ཁ་བའི་ཞབས་རྗེས》ལེ་ཚན་ལས་ཁྱོད་ཀྱི་བཅར་འདྲི་དང་གླུ་སྐད་ཡང་བསྐྱར་ཐོས་རྗེས་ཁྱེད་ལ་གོང་གི་སྐད་ཆ་འདི་དག་ཞུ་རྒྱུའི་འདུན་པས་ཡོངས་སུ་བསྐུལ་བྱུང་།

ཁྱེད་ཀྱིས་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ་རང་གི་འདུ་ཤེས་གསོན་པོའི་ལྟ་ཚུལ་གཉིས་བཏོན་པ་མདོར་བསྡུས་ན། རང་གི་མི་རིགས་ཀྱི་སྐད་ཡིག་རིག་གནས་ནི་རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་སྤྲས་ཀྱིས་མི་ཉམས་གོང་དུ་སྤེལ་དགོས་ཞེས་པ་དང་དམངས་གླུའི་སྒྱུ་རྩལ་གྱི་རིག་གནས་འདི་རྒྱུན་འཛིན་གྱི་ཕྱོགས་ལ་ཤུགས་འདོན་དགོས་ཞེས་པ་དེ་གཉིས་རེད།

དེ་ཡང་དམངས་གླུའི་སྒྱུ་རྩལ་གྱི་རིག་གནས་འདི་རྒྱུན་འཛིན་གྱི་ཐད་དུ་ཁྱེད་ཀྱིས་རང་གི་བུ་ཕྲུག་ལ་མཛུབ་ཁྲིད་ཀྱི་མན་ངག་སྟོན་པའི་སྦྱོར་བ་བྱས་ཀྱང་ངལ་བ་འབྲས་མེད་ཀྱིས་ཁྱེད་རང་ཅུང་ཡིད་ཐང་ཆད་པའི་རྣམ་འགྱུར་བསྟན་པ་འདྲ་ཡང་། ཁྱེད་ཀྱིས་བླངས་པའི་གླུ་ཞིག་ཏུ“ངའི་དྲིན་ཆེན་ཕ་མའི་དྲིན་ལན་འདི། མགོ་དཀར་པོར་མ་གྱུར་མ་ཤེས་ཐལ།”ཞེས་པ་ལྟར། བརྩོན་པ་མ་དོར་བར་མན་ངག་བརྒྱུད་སྤྲོད་བྱས་ན་ཉིད་ཀྱི་བཀའ་དྲིན་དང་སྒྱུ་རྩལ་གྱི་རིན་ཐང་རྟོགས་པའི་དུས་ཤིག་ལོས་ཡོད། གཙོ་བོ་བྱིས་པའི་རང་རྟོགས་ཀྱི་བློ་མ་རྒྱས་པའི་སྐབས་སུ་རང་ཉིད་ཀྱིས་ཐབས་ཤེས་ཟུང་དུ་སྦྲེལ་ནས་སློབ་སྟོན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ། བག་ཆགས་འཇོག་པ་ནི་མ་གཞི་ནས་སློབ་གསོ་ལེགས་པོ་ཞིག་ཡིན་པས་རང་གི་སྒྱུ་རྩལ་ཀུན་སྤྱོད་ཀྱིས་ངང་ངམ་ཤུགས་ཀྱིས་རང་གི་བུ་བརྒྱུད་དང་བཅས་པའི་གངས་ཅན་པ་རྣམས་ལ་སློབ་གསོའི་ཤུགས་རྐྱེན་ཡལ་བ་མེད་པ་ཞིག་བཞག་པ་ཡིན་ཞེས་རང་ཉིད་ཀྱི་ཉམས་མྱོང་གི་བློ་གདེང་གིས་སྨྲ་འདོད།

སྤྱིར་སྤྱི་ཚོགས་འཕེལ་འགྱུར་གྱིས་རིག་གནས་སྣ་མང་འཁྲུག་ལོང་ཆེ་བའི་སྐབས་འདིར་གླུ་དང་གཞས་ཁོ་ནའི་ཐད་སོ་ནས་གླེང་ནའང་གླུ་ལེན་སྟངས་དང་ཚིག་འབྲི་སྟངས་སོགས་གང་གི་ཆ་ནས་ཀྱང་ཡིད་སྐྱོ་བའི་གནས་སུ་ལྷུང་འདུག་སྟེ། དབུགས་གཏོང་ལེན་གྱི་བར་ནས་སྒྲ་གདངས་འབྱིན་པ་དང་སོ་བར་དང་ལྕེ་རྩེ་ནས་སྒྲ་འབྱིན་པ། ཁ་ནང་ཁོ་ན་རུ་སྒྲ་འབྱིན་པ་སོགས་གླུ་གཞས་ཀྱི་སྙན་པའི་འགྱུར་ཁུགས་མགྲིན་པ་ལས་བྱུང་བའི་རྩ་བའི་ཆ་རྐྱེན་ཡོངས་སུ་བོར་ཏེ་རོལ་ཆས་འདྲ་མིན་གྱི་རམ་འདེགས་ལ་བརྟེན་ནས་དེང་གཞས་སུ་རློམ་ནས་ལེན་པ་དང་། གླུ་ཚིག་ལའང་དམངས་ཁྲོད་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་གྱི་བརྗོད་བྱ་དང་ཡར་སྐུལ་གྱི་བསམ་བློ་ཅི་ཡང་མེད་པར་ཡོད་ཚད་མི་སྒེར་གྱི་འདོད་འདུན་ཡ་མ་ཟུང་དང་བརྩེ་དུང་སྒེར་སེམས་ཅན་ཤ་སྟག་ལ་གཞོལ་བའི་སྐབས་འདིར། བསམ་བློ་ནར་མ་སོན་པ་དག་གིས་བླང་དོར་འབྱེད་ཁག་པར་གྱུར་འདུག་པས། དུས་སྐབས་འདི་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་སྒྱུ་རྩལ་གྱི་ཁྱད་ཆོས་མ་བོར་བའི་སློབ་སྟོན་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་རེད་སྙམ།

དེ་བས་ཁྱེད་ཉིད་ཀྱིས་བོད་ཀྱི་དམངས་གླུའི་ངག་གི་སྒྱུ་རྩལ་འདི་མི་ཉམས་གོང་སྤེལ་དང་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་རེ་འདོད་སྐོང་ཆེད། ཇི་ལྟར་མི་རིགས་ཀྱི་ཡིན་ན་དེ་ལྟར་འཛམ་གླིང་གི་ཡིན་ཞེས་པ་ལྟར་རྗེས་སོར་མུ་མཐུད་ནས་རང་གི་ཁྱད་ཆོས་ལྡན་པའི་དམངས་གླུའི་ཆེད་བསྒྲིགས་བརྙན་སྡེར་འགྲེམ་སྤེལ་གྱིས་ཀུན་གྱི་སྙན་དབང་གསོ་བའི་བདུད་རྩིའི་ཆབ་རྒྱུན་དུས་དང་བསྐལ་པའི་མཐར་ཡང་འབབ་པའི་སྨོན་ལམ་འདེབས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།