ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི་དཔེ་ཀློག་འཚོ་བ།

ཡོང་ཁུངས། : ཁྱུང་བོ་བདེན་འཚོལ་བོད་ཡིག་སྤྱི་སྟེགས་ལས་བཤུས།   རྩོམ་པ་པོ། : བྱང་འབྲོག་མི།   སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་དཔེ་ཀློག་གི་འཚོ་བར་གོམས་རྒྱུར་དུས་ཚོད་རིང་པོ་ཞིག་འགོར་ཡོད་སྲིད། མཐར་དེ་ཉིད་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་བ་དང་འབྲལ་ཐབས་མེད་པའི་ཚད་ལ་ཐོན། བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་ཕོངས་འགྱོད་ཀྱི་ལོ་ཟླ་ཤིག་དང་ཁེར་རྐྱང་གི་འཚོ་བ་ཞིག་ཡིན་ངེས། ངས་ནི་རང་ཉིད་དཔེ་ཀློག་ལ་གོམས་པའི་མི་ཞིག་ཏུ་གྱུར་བ་ནི་ལས་སྐལ་བཟང་པོ་ཞིག་ཏུ་འདོད་ཡོད་ཅིང་། ཡང་དཔེ་ཀློག་སོགས་རིག་གནས་ཀྱི་བྱ་བ་དང་འབྲེལ་བ་མེད་པར་རྣམ་གཡེང་གི་ངང་ནས་མི་ཚེ་འཁྱོལ་དགོས་པའི་མི་ཚོའི་ནང་སེམས་ནི་ཅི་འདྲའི་སྟོང་སང་སང་ཞིག་ཡིན་པར་བསམ་བློ་བཏང་། དཔེ་ཀློག་གིས་དངོས་ནས་བདག་གི་མི་ཚེ་ལ་འདི་ལ་ཁ་གསབ་ཆེན་པོ་ཞིག་བྱས་སོང་། བདག་ལ་མཚོན་ན། དཔེ་ཀློག་ནི་ཉིན་རྒྱུན་གྱི་ཟས་གོས་གཏམ་གསུམ་ལྟ་བུའི་དགོས་མཁོ་ཞིག་ཡིན། དེས་ཁེ་དང་སྙན་གྲགས་མི་འཚོལ་ལ། མ་འོངས་པར་ཆེན་པོ་ཆགས་རྒྱུའི་རེ་གཞག་ཀྱང་བཅོལ་མེད། ང་ནི་ཏག་ཏག་ཁ་ཁུ་སིམ་པོར་ཡིད་ཀྱི་བདེ་བ་རིགས་ཤིག་མྱང་འདོད་པ་ཡིན་ཕྱིར། དཔེ་ཀློག་ནི་ནམ་ཡང་ལུས་སེམས་ཀྱི་ཁུར་པོ་ཞིག་ཏུ་འགྱུར་མི་སྲིད། དཔེ་ཀློག་ཡོད་པའི་མི་ཚེ་ནི་སེམས་ན་དྲོད་ཐིགས་ཡོད་པའི་དུས་སྐབས་ཏེ། མཚམས་རེར་ཁོར་ཡུག་གི་ཡོད་ཚད་བརྗེད་ནས་རང་ཉིད་འཇིག་རྟེན་གཞན་ཞིག་གི་ཀློང་དུ་འཁོད་པ་ཡིན།

  ངའི་ལས་ཀའི་ཁོར་ཡུག་ནི་ཏག་ཏག་དེ་ལས་ལྡོག་པ་ཞིག་ཡིན་ཅིང་། དེ་ནས་མི་སུས་ཀྱང་དཔེ་ཀློག་ནི་མཁོ་མེད་ཀྱི་ལས་གཞན་ཞིག་ཏུ་འདོད་སྲིད། མཚམས་རེར་རྣ་ལ་གཟན་པའི་འཕྱ་སྨོད་དང་ཟུར་ཟའི་ཚིག་ཐོས་འོངས་ལ། བདག་ནི་འཚོ་བའི་དངོས་དོན་ལ་གཞོལ་བའི་སྟོང་བསམ་གྱི་ལྷ་བཞེངས་མཁན་ཞིག་ཏུ་འདོད་ཡོད་སྲིད་ལ། རྒྱུན་པར་༼དཔེ་ཆ་བ་གླེན་པ་༽ཞེས་ཁྲེལ་དགོད་ཀྱང་བྱེད་སྲིད་མོད། དེས་ནི་བདག་གི་དཔེ་ཀློག་གི་སེམས་ཤུགས་གཅོག་མ་ཐུབ། དཔེ་ཀློག་ལ་དུངས་བའི་དབང་གིས་དུས་ཚོད་ཀྱི་ཆ་ནས་ཀྱང་གཞན་དང་འདྲ་བར་ཉི་མ་འཁྱོལ་ཐབས་བྱེད་རྒྱུ་མིན་པར། ནམ་ཚ་དམ་འཛིན་བྱེད་དགོས་པས། ཐ་ན་སྔོན་ཆད་གྲོགས་སུ་འདོད་པ་དག་ཀྱང་འུར་འུར་ཟིང་ཟིང་གི་སྤྱི་ཚོགས་ཁྲོད་འཐིམས་ནས་བདག་དང་བར་ཐག་བཀྱེད། བདག་གིས་ནི་ཡང་ན་ཁེར་རྐྱང་བསྟེན་པ་དང་ཡང་ན་དཔེ་ཀློག་འདོར་པ་ལས་ཐབས་མེད་པ་ཤེས། རེད་དེ། དཔེ་ཆ་ནི་བདག་གི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཞིག་བཞིན་བློས་མི་ཆོད་ལ། བདག་ནི་སྔར་བཞིན་ཁེར་རྐྱང་གི་ལམ་དུ་སྐྱོད་དགོས་བྱུང་། དེ་ནི་དཔེ་ཆ་བ་ཞིག་གི་གཤིས་ཀ་ཡིན་ཀྱང་སྲིད། མི་ཚོས་སྤྱི་ཚོགས་ལ་བསྟུན་མི་ཤེས་པའི་གཤིས་ཀ་གྱོང་བོ་ཞིག་ཏུ་འདོད་ངེས་ལ། བདག་གིས་ཀྱང་དཔེ་ཆ་བ་ཞིག་ལ་ཀུན་དང་མི་འདྲ་བའི་ཨུ་ཚུགས་ཀྱི་གཤིས་རྒྱུད་ཅིག་ཡོད་དགོས་པར་འདོད། ལས་གྲོགས་ཚོའི་རང་གི་ཉིན་རྒྱུན་གྱི་ཁེ་གྲགས་དོན་གཉེར་གཙིགས་སུ་འཛིན་པ་བཞིན། ངས་ནི་ལས་ཀའི་ཕར་ནང་ནས་དཔེ་ཀློག་གཙིགས་སུ་བཟུང་བ་ཡིན། ཡིན་ན་ཡང་། ཁོ་ཚོས་རང་ཉིད་ཀྱིས་སྒྲུབ་པ་ནི་འགྲིག་ཐག་ཆོད་ཅིག་དང་ངས་སྒྲུབ་ཀྱིན་པ་དགོས་མེད་ཀྱི་ལས་ལྷག་མ་ཞིག་ཏུ་འདོད་ན་ནི་ངས་བདེན་ཁ་བྱིན་མི་ཐུབ། དེ་ནི་ཁོ་ཚོས་རང་ཉིད་འགྲིག་པར་འདོད་པ་བཞིན། ངས་ཀྱང་ང་རང་འགྲིག་པར་འདོད། འགྲིག་དང་མི་འགྲིག་དེ་མཐའ་གཅིག་ཏུ་མང་པོའི་ཁ་ཐོག་ཏུ་འཇོག་རྒྱུ་ཞིག་མིན་པར། སོ་སོ་རང་རང་གི་གནས་བབས་ལ་བརྟག་དགོས་པ་ཞིག་རེད། ཁྱོད་ལ་འགྲིག་པ་དེ་ཁོ་ལ་འགྲིག་པའི་ངེས་པ་མེད་པས། མི་གསུམ་ལས་གཉིས་ཁ་མཐུན་ནས་ལྷག་མ་དེ་ནོར་བ་རེད་ཅེས་པ་ལ་བློ་གཏད་ཅི་ཡང་མེད། དོན་དམ་པར་མི་མང་པོ་ཞིག་ནི་གཞན་གྱི་ཁ་ལ་རྒྱུག་བཞིན་ཡོད། ཁ་མཐུན་པ་ཅི་ཙམ་མང་ན་དེ་ལྟར་གྱིས་འགྲིག་པར་འདོད། གཞོན་པ་རེ་འགས་བསམ་བློ་གསར་བ་ཡིན་སྣང་གིས་དཔེ་ཀློག་སོགས་དོར་ནས་མི་འབྲེལ་དང་སྤྱི་ཚོགས་བྱེད་སྒོ་འབའ་ཞིག་ལ་མཐོང་ཆེན་བྱེད་པ་སོགས་ཀྱང་སོ་སོའི་བསམ་པ་མ་གཏོགས་འགྲིག་མིན་གྱི་ཚད་ཤིང་ཅི་ཡང་མིན། གཞན་གྱི་ཁེ་ཕན་དངབདེ་འཇགས་སོགས་ལ་མ་གནོད་པའི་རྗེས་སུ་རང་བློ་དང་འཚམས་པའི་ལས་ཅི་ཞིག་སྒྲུབ་པ་ནི་རང་རང་སོ་སོའི་ཁམས་དང་མོས་པར་བསྟུན་ལ། དེ་ལ་སུས་ཀྱང་ཐེ་གཏོགས་བྱེད་མི་འོས། གཅིག་གི་ཚེ་འདི་དོན་གཉེར་དང་ཅིག་ཤོས་ཀྱིས་ཕྱི་མ་དོན་གཉེར་བྱེད་ནའང་སུས་སུ་ལ་འགྲིག་མིན་ཐག་གཅོད་བྱེད་དམ།དེ་ལྟར་བྱེད་པའི་གནས་ལུགས་ཀྱང་ཅི་ཡང་ཡོད་མི་སྲིད། གལ་སྲིད་ཡོད་ན་ནི་རང་གི་ཁ་ལ་འཁོར་ཤོག་ཅེས་པའོ།། དེང་གི་སྤྱི་ཚོགས་སུ་སྐོར་ཞིག་ནི་ཁ་ཁེངས་མཐོན་པོས་ཕ་རོལ་པོ་ལ་ཚིག་ཐག་ཆོད་པོའི་སྒོ་ནས་འགྲིག་མིན་བརྡར་ཤ་གཅོད་ཀྱིན་འདུག་མོད། བརྡར་ཤ་གཅོད་པའི་ཚད་གཞི་རང་ལུས་འདོམ་གང་བོ་ཡིན་པ་རྦད་དེ་བརྗེད་འདུག གང་ལྟར། བདག་ནི་ཚིག་ཐག་ཆོད་པོས་ཁ་ཚོན་གཅོད་མཁན་དེ་ཚོར་དགའ་བོ་གཏན་ནས་མེད་དེ། ཁོ་ཚོས་བསམས་ན་རང་དང་འདྲ་འདྲ་མིན་པ་ཚང་མ་ནོར་འཁྲུལ་ཡིན་པར་འདོད་པས་སོ།། དཔེ་ཀློག་ནི་ལྷག་ཏུ་ནང་སེམས་ཀྱི་རང་དབང་འཚོལ་སྙེག་གི་གོ་རིམ་ཞིག་ཡིན་པས། དེ་ནས་བདག་གིས་གཞན་སུ་དང་གང་ལ་ལྐོག་ལབ་འཐེན་མི་སྲིད་པ་བཞིན་དུ་བདག་ལའང་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ག་སྐྱུར་འཇོག་པའི་སྨོན་ལམ་རྒྱག་གིན་ཡོད།

    དེ་ལྟར་དཔེ་ཀློག་ནི་དེང་གི་འཛམ་གླིང་ལ་མཚོན་ན་ཁ་གཡང་ཞིག་ཡིན་རུང་། དཔེ་ཀློག་བྱེད་པའི་མིས་བརྒྱ་ཆ་བཅུ་ཡང་མི་ཟིན་པའི་ཁོར་ཡུག་འདི་ལ་མཚོན་ན་དེ་ནི་མི་སྒེར་གྱི་བྱ་སྤྱོད་མཚར་པོ་ཞིག་ཏུ་རྩི་ལ། སྟབས་ཉེས་ན་དེ་ལས་སྡུག་པའི་ཞྭ་མོ་ཡང་གཡོག་སྲིད། དེ་བས། དཔེ་ཀློག་ནི་ཁེར་རྐྱང་གི་འགྲུལ་བཞུད་ཅིག་ཡིན་ན་ཡང་། དེས་བདག་ལ་ཁེར་རྐྱང་གི་སྣང་བ་སྟེར་གྱིན་མེད། དཔེ་ཀློག་གིས་མི་རྣམས་ལ་རྒྱུན་མི་ཆད་པར་བསམ་པའི་འཚོ་བཅུད་དང་ཤེས་རབ་ཀྱི་འོད་སྣང་སྩོལ་གྱིན་ཡོད། དེས་ཁྱེད་ཀྱི་ནང་སེམས་རྒྱུན་མི་ཆད་པར་དྭངས་གཙང་བཟོ་བ་དང་། བླ་སྲོག་གི་རྨུ་ཐག་རྒྱང་ནས་རྒྱང་ལ་སྲིང་བར་བྱེད། དཀྱུས་མའི་མི་ཚེ་ལ་མཚར་སྡུག་གཤོག་ཟུང་སྤྲོད་སྲིད་ལ། འཁོས་ཆུང་གི་འཁོར་བའི་གནས་ཀྱི་མི་ལ་བླ་ན་མཐོ་བའི་ཕུགས་བསམ་གྱི་ཞིང་བཀོད་སྩོལ་སྲིད། རེད་དེ། དེ་ནི་དཀའ་ཁག་གི་འཚོལ་དཔྱོད་ཅིག་དང་ཀྱག་ཀྱོག་གི་བགྲོད་ལམ་ཞིག་ཡིན་རྐྱེན་མི་མང་པོ་ཞིག་གིས་རང་གི་མོས་བློ་ཙམ་ལས་དངོས་དོན་གྱི་ལག་ལེན་ཅི་ཡང་མེད། ལྷག་པར་དུ་དཔེ་ཀློག་གིས་མི་རྣམས་ལ་མིག་སྔའི་ཁེ་ཕན་དང་དུས་ཐུང་གི་གྲུབ་འབྲས་ཀྱང་སྩོལ་དཀའ་བས། སུ་ཡང་ནན་ཏན་གྱིས་དཔེ་ཀློག་ལ་འཇུག་དཀའ་བར་གྱུར།

    ང་ཚོ་དྲ་བའི་དུས་རབས་སུ་ཞུགས་ཟིན་པའི་ད་ལྟར། མི་མང་པོ་ཞིག་གིས་དྲ་ཐོག་དཔེ་ཀློག་གི་ལམ་ཁ་བདམས་ཟིན་པ་དང་། དྲ་ཐོག་ཀློག་པ་པོའི་དཔུང་སྡེ་དེ་སྲོལ་རྒྱུན་དཔེ་ཀློག་ལས་རྒྱུག་ཆེ་བ་དང་འབོར་ཆེ་བ་བྱུང་། རེད་དེ། དྲ་ཐོག་དཔེ་ཀློག་ནི་ཡིག་ཐོག་དཔེ་ཀློག་དང་བསྡུར་ན་ལྷག་ཏུ་སེམས་རྣལ་དུ་འབེབས་དཀའ་ལ། བཀླག་བྱའི་འཕྲུལ་དེབ་མང་དྲགས་ན་ལྷག་ཏུ་རེ་རེ་བཞིན་ཞིབ་ཀློག་བྱེད་དཀའ་བར་གྱུར། དེ་བས། དྲ་ཐོག་དཔེ་ཀློག་ཕལ་མོ་ཆེ་ནི་བམ་ཀློག་ཙམ་ཤས་ཆེ། དཔེ་ཀློག་ལ་དགའ་བའི་མི་ཞིག་ལ་མཚོན་ན། དཔེ་ཀློག་གི་མཐུན་རྐྱེན་འདི་འདྲ་འཛོམས་པོ་བྱུང་བ་ནི་ཅིས་ཀྱང་དགའ་འོས་པའི་གནས་སུ་མཆིས་ཀྱང་། བདག་ལ་མཚོན་ན་དྲ་ཐོག་དཔེ་ཀློག་དེ་དངོས་ནས་ཞིབ་ཚགས་ལྡན་པ་ཞིག་དང་མགོ་མཇུག་ཚང་པ་ཞིག་ཡོང་དཀའ། དེ་བས་སྔར་བཞིན་༼གནས་དབེན་པ་༽བསྟེན་རྒྱུ་གལ་ཆེན་པོ་ཆགས་སོང་།

    བྱ་བའི་དབང་གིས། བདག་ནི་རྒྱུན་པར་གནས་སྤར་ནས་འགྲོ་དགོས། གནས་སྤར་ཐེངས་རེ་རེར། དཔེ་ཆ་ནི་ཅ་དངོས་ཁྲོད་ཀྱི་འབོར་ཆེ་ཤོས་ཆགས་ཡོད། མཚམས་རེར་རང་ལའང་དོགས་མི་བདེ་བ་འབྱུང་བའི་དུས་ཡོད་ལ། གཞན་གྱི་བསམ་པར་༼མི་དགོས་པའི་ཡིག་རྙོག་འདི་འདྲ་མང་པོ་༽འདོད་འགྲོ་བར་དོགས། ཡིན་ན་ཡང་། ཁྱིམ་དུ་དཔེ་ཆ་ཞིག་མཐོང་རྒྱུ་མེད་ན་ནི་ཅི་ཞིག་སྟོང་བའི་ཚོར་བས་གནོན་ངེས་པས། དཔེ་ཆ་དེ་དག་བདག་གར་སོང་གི་སར་འགྲོགས་ནས་འགྲོ་དགོས་བྱུང་། དེ་དག་ནི་བདག་གི་བློས་ཐུབ་པའི་གྲོགས་པོ་ཞིག་དང་འདྲ་བར། ང་རང་ཆ་རྒྱུས་མེད་པའི་ཁོར་ཡུག་ཏུ་སླེབས་ཐེངས་རེར་དེ་དག་གིས་བདག་ལ་སྙིང་ཉེ་བའི་ཚོར་བ་ཞིག་བྱིན་ཡོང་། གཅིག་བྱས་ན། ཁོར་ཡུག་འདི་འདྲ་ནས་ང་ཁོ་ན་ཁོ་ཚོར་ཆ་རྒྱུས་ཡོད་རྐྱེན་དེས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཞིག་ཆགས་ཏེ། ང་མེད་ཚེ་ཁོ་ཚོར་ཡང་གྲོགས་མེད་ཁེར་རྐྱང་གི་སྣང་བ་སྐྱེས་ཨེ་འགྲོ། ངས་མཚམས་རེར་གླེན་ཚུགས་དོད་པའི་སྒོ་ནས་དེ་ལྟར་བསམ་བློ་བཏང་། བློས་ཐུབ་གྲོགས་པོ་ཞེས་པ་ནི་སོ་སོའི་སེམས་རྟོགས་པ་དང་། སོ་སོར་ཡིད་ཆེས་པ་ལ་བྱ་བས། ནམ་ཡང་གཅིག་གིས་གཅིག་ལ་རྒྱབ་གཏོད་དང་གཡོ་སྒྱུ་བྱེད་མི་འོས། དཀའ་ཁག་གི་བཞུད་ལམ་དུ། བདག་གིས་ཁ་རོག་གེར་རང་ལ་ཞེ་དམ་བཞག་ཏེ། མི་ཚེ་འདི་ལ་ལས་ཀྱིས་ངོ་ཤེས་པའི་བློས་ཐུབ་གྲོགས་པོ་གང་ལ་ཁ་མི་འབྲལ་བའི་སྨོན་ལམ་བརྒྱབ། ཐེངས་ཤིག་ལ། ང་རང་ཁྱིམ་དུ་མེད་པའི་སྐབས་གླགས་དང་བསྟུན་ནས། བྱིས་པ་པྲ་ཆལ་འགའ་སྒེའུ་ཁུང་ལས་ཁྱིམ་དུ་འཛུལ་ནས་བདག་གི་དཔེ་ཆ་དག་ལ་གཏོར་ལུང་གཏོར་བྱས། རེ་གཉིས་ཚལ་བར་གཤགས། ཁྱིམ་མིས་ཁ་པར་ལས་གནས་ཚུལ་དེ་བདག་ལ་བཤད་སྐབས་བདག་ལ་སྔ་ན་མེད་པའི་སྐྱོ་སྣང་དང་འཚུབ་སྣང་བྱུང་། ཚེ་གང་གི་ནོམ་དངོས་མི་ལ་ཤོར་འདྲའི་ཕོངས་འགྱོད་སྐྱེས་ཏེ། ཡིད་སེམས་བློང་བློང་བོར་གྱུར། དེ་དུས་རང་གི་སེམས་ཕུགས་སུ་དཔེ་ཆ་དེ་དག་ལ་འདང་རྩིས་ཟབ་མོ་ཞིག་བཞག་ཡོད་པ་ཤེས། ཡིན་ཡང་ཡིན་ཏེ། ང་ལ་མཚོན་ན་རྒྱལ་ཁབ་ཀྱི་གླ་ཕོགས་ལ་བརྟེན་པའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན་རྐྱེན། མི་ཚེེ་འདི་ལ་རྒྱུ་ནོར་ལོངས་སྤྱོད་འཛོམས་པོ་ཞིག་ཡོད་ཐབས་མེད་ཅིང་། གཞན་དང་འདྲ་བར་རྒྱུ་ནོར་འཚོལ་བའི་ཕྱོགས་སུ་འབད་འབུངས་ཀྱང་ཆེར་མ་བྱས། བདག་གི་དུས་ཚོད་དང་སེམས་ཤུགས་ཕལ་མོ་ཆེ་དེ་དཔེ་ཆའི་ཕྱོགས་སུ་བཀོལ་བས་ན། དཔེ་ཆ་ནི་ད་བཟོད་བདག་གི་ཁྱིམ་གྱི་དངོས་པོ་རྩ་ཆེན་དེ་ཆགས་སོང་། གཞན་ལ་མཚོན་ན་ཤོག་ཧྲུལ་གྱི་འདུ་ཤེས་ལས་མེད་པ་དེ་བདག་གིས་རྩ་ཆེན་པོ་བྱས་ཏེ་ཡུས་ཅི་འདྲ་བགྲངས་ཀྱང་ཁ་ཡ་བྱེད་མཁན་མི་འདུག མཐར་བདག་གིས་ཀྱང་དོན་དག་དེ་ཆེས་སྤྱིར་བཏང་གི་གྱོང་གུད་ཅིག་ཏུ་བརྩིས་ནས་ཁ་རོག་གེར་མི་འཇོག་ཀ་མེད་བྱུང་།

     གཞན་གྱི་མིག་ལམ་དུ། ང་རང་དཔེ་ཆ་བ་གཤིས་གྱོང་ཞིག་ཏུ་གྱུར། དགེ་ཆོས་མཆོག་གིས། ༼བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།། དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།། སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།།༽གསུངས། དེས་ན་མཁས་པ་ལ་འཇུག་པའི་སྒོ་ལྟ་བུའི་དམ་ཚིག་དང་པོ་འདི་ཡང་དོར་ནས་འཇིག་རྟེན་རྩེད་སྤྲོ་དང་རྣམ་གཡེང་འབའ་ཞིག་གི་རྗེས་སུ་ཞུགས་ན་ནི་ནམ་ཡང་དཔེ་ཆ་བ་རྣལ་མ་ཞིག་བྱེད་པའི་གོ་སྐབས་བྲལ་བ་ཡིན། དེས་ན་རྒྱའི་དཔེ་ཆ་བ་གླེན་པ་བྱ་བ་དེ་ཡང་གནས་དུས་ཡུལ་དང་རྐྱེན་སོགས་མང་པོ་ཞིག་ལ་ལྟོས་དགོས་པ་ཡིན་གྱི། དཔེ་ཀློག་ལ་མོས་པ་ཅན་ཚང་མར་དེ་ལྟ་བུའི་སྡོམ་ཚིག་འགོད་རྒྱུ་མིན་པར་སེམས། བོད་ལ་མཚོན་ན་ལྷག་ཏུ་དཔེ་ཀློག་གི་མོས་པ་དང་གོམས་གཤིས་སྐྱེད་སྲིང་བྱ་དགོས་པ་ལས། དེ་ལ་རིང་དུ་བཀྱེད་དགོས་བར་མི་འདོད། དེང་གི་འཛམ་གླིང་འདི་ཤེས་རིག་དང་དཔལ་ཡོན་གྱི་དུས་སྐབས་སུ་སྙེག་བཞིན་པའི་སྐབས་སུ། ང་ཚོ་གཞན་གྱི་རིག་གནས་ཀྱི་རྒྱང་ལྟ་བ་དང་རང་གི་རིག་གནས་ཀྱི་མེལ་ཚེ་བ་ཆགས་དགོས་རྐྱེན། དཔེ་ཆ་ནི་ང་ཚོ་ཐུན་མོང་གི་གྲོགས་པོ་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཞུའོ།།

                                            ༢༠༡༦ལོའི་ཟླ་༡༡པའི་ཚེས་༡༤ནས་ཚེས༢༠བར།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།