ཀྲུང་གོ་བོད་ཀྱི་དྲ་བ།

བརྩམས་སྒྲུང་ཐད་ཀྱི་ལྟ་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབའ་སྨད་རྒྱལ་ལོ་ཚེ་རིང་།   སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

──རྩོམ་པ་པོ་རང་སྒྲ་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།    

རང་སྒྲ། དངོས་མིང་ལ་ཚེ་རྒྱལ། ཧྲའོ་ཧྲི། རྩོམ་སྒྲིག་ཞུས་ཆེན་པ། ཞིབ་འཇུག་ཁ་ཕྱོགས། ནང་བསྟན། རྩོམ་རིག 《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ》དང《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང》 《ཐོན་མི་སམྦྷོ་ཊའི་མཛད་རྗེས་ལས་བརྩམས་པའི་རྟོགས་བརྗོད་ཀུན་ཏུ་བཟང་པོའི་ཟློས་གར》 《གངས་འདབས་ཀྱི་གཏམ་རྒྱུད》 《ཚེ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས》(རྒྱ་ཡིག) 《ཕལ་བའི་མི་ཚེ》སོགས་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་བརྩམས་ཆོས་ཀྱི་དཔེ་དེབ་དྲུག་ཙམ་དཔེ་སྐྲུན་བྱས་ཡོད་པ་དང་། 《རྩོམ་རིག•གསར་རྩོམ•དཔྱད་བརྗོད》ཅེས་པའི་རྩོམ་རིག་གླེང་བརྗོད་ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་བཞིན་པ་དང་། བོད་ཀྱི་ཚིགས་བཅད་སྒྲུང་རིང་ཐོག་མ《བརྩེ་སྒྲུང》ཞེས་པ་དཔེ་སྐྲུན་ཞུ་རྩིས་ཡོད། 《མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས》དེབ12དང་། 《བོད་ཀྱི་དམངས་སྲོལ་རིག་གནས་དཔེ་ཚོགས》དེབ18། གཞན་ཡང《བོད་ཀྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》དེབ7བཅས་དེབ37ཙམ་གཙོ་སྒྲིག་ཞུས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། སྦྲང་ཆར་རྩོམ་རིག་བྱ་དགའ་ཐེངས་གཉིས་དང་། གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན“རྒྱལ་ཁབ་བཙུགས་ནས་ལོ་འཁོར་ང་ལྔ”ཡི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན“རྒྱལ་ཁབ་བཙུགས་ནས་ལོ་འཁོར་དྲུག་ཅུ”ཡི་རྩོམ་རིག་བྱ་དགའ། རྒྱལ་ཡོངས“ཏུང་ལེ་བུམ་པ”སྐབས་ཉེར་གསུམ་པའི་སྒྲུང་གཏམ་བྱ་དགའ་དང་། 《ཟླ་ཟེར》རྩོམ་རིག་བྱ་དགའ་བཅས་ཐོབ་མྱོང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་ལས་མིང་ཁུར་ཡོད་ཅིང་། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་སུ་ཡོད།

དྲི་བ། ཐོག་མར་རྒན་ལགས་ཀྱིས་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་ད་ལྟའི་བརྩམས་སྒྲུང་གི་གནས་སྟངས་དང་གོ་གནས། རིན་ཐང་སོགས་ཀྱི་སྐོར་ནས་རང་གི་ལྟ་ཚུལ་ཙམ་བརྗོད་པར་ཞུ།

དྲིས་ལན། ལྟོས་འཇོག་གིས་བཤད་ན། ད་ལྟ་བོད་ཀྱི་རྩོམ་སྟེགས་སྟེང་ནས་རང་མོས་སྙན་ངག་འབྲི་མཁན་མང་། སྒྲུང་གཏམ་འབྲི་མཁན་ཉུང་། དེའི་རྒྱུ་རྐྱེན་ནི་ཁོ་བོའི་རྩོམ་གྲོགས་ཤིག་གིས་བཤད་པ་ལྟར། “སྙན་ངག་འབྲི་རྒྱུར་དགའ་ཞིང་། སྒྲུང་གཏམ་འབྲི་རྒྱུར་སྐྲག་པ”ཡི་རྩོམ་པ་པོ་མང་བའི་རྐྱེན་གྱིས་རེད།

རྩོམ་ལུས་རིགས་བཞིའི་ངོས་ནས་ཞུས་ན། སྒྲུང་གཏམ་ནི་མི་མང་གི་འཚོ་བར་ཆེས་ཉེ་བའི་རྩོམ་ལུས་ཤིག་ཡིན། རྒྱུ་མཚན་ནི་སྒྲུང་གཏམ་གྱིས་སྤྱོད་པའི་སྐད་ཆ་ནི་སྙན་ངག་གི་སྐད་ཆ་ལྟར་གོ་དཀའ་བ་མིན་ལ། ལྷུག་རྩོམ་གྱི་སྐད་ཆ་ལྟར་བརྗོད་དོན་སྦས་པའི་རྣམ་པ་ཡང་མེད། དེ་བཞིན་དུ་འཁྲབ་གཞུང་གི་སྐད་ཆ་ལྟར་ནང་སེམས་ཀྱི་འཇིག་རྟེན་སྟོན་མི་ཐུབ་པ་ཡང་མིན། མི་ཚོས་རྩོམ་རིག་གི་སྐད་ཆ་འགྲེལ་སྐབས། དེ་ནི་ཡོངས་ཁྱབ་ཀྱིས་སྤྱོད་པ། རྩོམ་པ་པོས་ཞུན་བརྡར་བྱས་ཡོད་པ་ཞེས་པའི་ཡོངས་ཁྱབ་རང་བཞིན་ཡང་མདོར་ན་སྒྲུང་གཏམ་ལ་དམིགས་ཡོད། དེ་བཞིན་དུ་སྒྲུང་གཏམ་ནི་བྱུང་རིམ་གཏམ་རྒྱུད་མང་པོས་གྲུབ་པས་ལྟ་མཁན་མང་བ་བཅས་ཀྱི་ཁྱད་ཆོས་ཡོད་ནའང་། ད་ལྟ་སྤྱི་ཚོགས་ཀྱི་ངོས་ནས་སྤྱིར་རྩོམ་རིག་མི་བྲིན་པ་དང་། རྩོམ་སྟེགས་ལས་བརྩམས་སྒྲུང་མི་བྲིན་པ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་། ད་ལྟའི་རྩོམ་རིག་གི་གནས་བབ་ཀྱིས་ཐད་ཀར་ཐག་བཅད་པ་རེད། རྩོམ་རིག་ནི་ཡང་ན་སྤྱི་ཚོགས་འཕེལ་རྒྱས་མིན་པའི་དུས་སུ་དར་བ་དང་། ཡང་ན་སྤྱི་ཚོགས་འཕེལ་རྒྱས་ཆེ་བའི་དུས་སུ་དར་བ་ཡིན། སྤྱི་ཚོགས་ཀྱི་དཔལ་འབྱོར་རྗེས་ལུས་ཐེབས་ཏེ་འགྲན་རྩོད་ཅི་ཡང་མེད་པའི་སྐབས་སུ་མི་རྣམས་འཚོ་བར་བསམ་གཞིག་བྱེད་པའི་གོ་སྐབས་ཡོད་ལ། སྤྱི་ཚོགས་ཆེས་ཆེར་འཕེལ་རྒྱས་ཕྱིན་ཏེ་མི་རྣམས་ལ་དངོས་པོའི་ལོངས་སྤྱོད་ཀྱིས་ཚིམས་པའི་སྐབས་སུ་འཚོ་བར་བསམ་གཞིག་བྱེད་པའི་གོ་སྐབས་ཡོད། འཕེལ་རྒྱས་དེ་གཉིས་ལས་སྔ་མ་ལ་དཔལ་འབྱོར་གྱི་སྒུལ་ཤུགས་མེད་པས་འཕེལ་རྒྱས་བརྟན་པོ་མེད་པ་དང་། ཕྱི་མ་ནི་དཔལ་འབྱོར་རྨང་གཞི་ངེས་ཅན་ལ་བརྟེན་ཡོད་པས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་ཡིན། དེས་ན་ད་ལྟའི་དུས་སུ་བརྩམས་སྒྲུང་འཕེལ་རྒྱས་མེད་པ་འདི་ཐད་ཀར་སྤྱི་ཚོགས་དཔལ་འབྱོར་རྨང་གཞི་ལ་རག་ལས་ཡོད། འབྱུང་འགྱུར་བརྩམས་སྒྲུང་གིས་རང་ཁ་རང་གསོ་བྱེད་པའི་དུས་སུ་སླེབས་ཚེ། ད་གཟོད་བརྩམས་སྒྲུང་གི་གོ་གནས་ཇེ་མཐོར་འགྲོ་ཞིང་། བརྩམས་སྒྲུང་གི་སྤྱི་ཚོགས་རིན་ཐང་ཡང་མངོན་འགྱུར་བྱས་པ་རེད།

དྲི་བ། རྒན་ཁྱེད་རང་སྒྲུང་གཏམ་གསར་རྩོམ་གྱི་བྱེད་མཁན་ཞིག་ཡིན་པའི་ཆ་ནས། སྒྲུང་གཏམ་གྱིས་བྱིན་པའི་སྐྱོ་སྣང་དང་སྤྲོ་སྣང་ཅི་ཡིན། ཡང་ན་དེ་ལས་གཞན་དགེ་མཚན་འཆད་རྒྱུ་ཡོད་དམ།

དྲིས་ལན། སྒྲུང་གཏམ་གསར་རྩོམ་ལ་ཞུགས་ནས་མི་ལོ་ཉི་ཤུ་ལྷག་འགོར་ཡང་ད་དུང་སྒྲུང་གཏམ་ལ་སུན་སྣང་སྐྱེས་མ་མྱོང་། དེ་ནི་རྩོམ་མཁན་ཞིག་ལ་ཡོད་འོས་ཤིང་ཡོད་དགོས་པ་ཞིག་ཀྱང་རེད། ཡིན་ནའང་། སྒྲུང་གཏམ་འབྲི་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་ཏེ། གཞན་སྨྲ་མི་དགོས་པར་ཡི་གེའི་བམ་གྲངས་ཁོ་ནའི་སྟེང་ནས་ཀྱང་སྙན་ངག་དང་ལྷུག་རྩོམ་ལས་དཀའ་ཚེགས་ཆེ་བ་ཚང་མས་ཤེས་གསལ་རེད། སྤྱིར་ཡོན་ཏན་ལས་གོ་ས་བྲིན་ཞིང་དེ་ལས་སྒོར་མོ་བྲིན་པའི་དུས་སྐབས་འདིར། ཁོ་བོ་ཅག་གིས་འདེམ་རྒྱུའི་ཚོང་མི་འདེམ་པར་རྩོམ་བདམས་པ་དང་། དེ་ལས་ཀྱང་འབྲི་རྒྱུར་དཀའ་ཚེགས་ཆེ་བའི་བརྩམས་སྒྲུང་བདམས་པ་ནི་རང་ཉིད་ལ་མཚོན་ན་སྤྲོ་སྣང་ལྡན་པ་ཞིག་རེད། སྐྱོ་སྣང་གཞི་ནས་མེད་པ་ཞིག་ཀྱང་མ་རེད། བོད་ལ་དེང་རབས་བརྩམས་སྒྲུང་འབྲི་སྲོལ་འདི་དར་འཕྱི་བ་དང་། ལྷག་པར་རྩོམ་གཞུང་མེད་པ། དེ་བཞིན་བོད་ཀྱི་སློབ་གྲྭ་ཁག་ནས་རྩོམ་ཡིག་སྦྱོང་སའི་མ་ལག་མི་ཚང་བ། སྤྱི་ཚོགས་སྟེང་ཆེད་ལས་རྩོམ་པ་པོའི་ལས་གནས་མེད་པ་སོགས་ལ་དམིགས་ན། ཡིད་ཀྱི་གཏིང་ནས་སྐྱོ་སྣང་ཞིག་མི་སྐྱེ་རང་སྐྱེ་རེད། ཡིན་ནའང་། འཇིག་རྟེན་དུ་རྩོམ་རིག(སྒྲུང་གཏམ)ཅེས་པ་འདི་དར་རྐྱེན་ཕྱོགས་བཅུའི་ཆ་རྐྱེན་མཐའ་དག་འཛོམས་པའི་ཆེད་མ་ཡིན་པར། རྩོམ་རིག་ནི་མི་ལ་མཁོ་བ་དང་མིའི་སྤྱི་ཚོགས་ལ་མཁོ་བ། རང་ལ་མཁོ་བ་དང་གཞན་ལ་མཁོ་བ། ཇི་སྲིད་མིའི་སྤྱི་ཚོགས་འདི་གནས་པ་དེ་སྲིད་དུ་སྤྱི་ཚོགས་དང་མཐུན་པའི་རྩོམ་རིག་ཡོད་སྲིད་པས་ན། མ་འོངས་པར་ཡང་བོད་ཀྱི་སྤྱི་ཚོགས་སྟོན་པའི་བརྩམས་སྒྲུང་འབྱུང་སྲིད་ལ། རྩོམ་པ་པོའི་དཔུང་སྡེ་ཡང་མང་ཉུང་ཅི་རིགས་པ་ཐོན་སྲིད་ངེས་ཡིན། དེ་ཡང་ཡིན་མོད། ང་ཚོས་དེ་ལ་རྟེན་འབྲེལ་མ་བསྒྲིགས་པར་རྟེན་འབྲེལ་རང་འགྲིག་ཅིག་ལ་སྒུག་བསྡད་པས་འགྲིག་ཐབས་ཡེ་ནས་མེད་པས་ཐ་ན་ཁྱེད་ཀྱི་དེ་རིང་བཅར་འདྲིའི་ལས་ཀ་འདི་ཙམ་ཡང་ཕྱོགས་དུ་མ་ནས་རྩོམ་རིག་འཕེལ་བའི་རྒྱུ་ཙམ་དུ་འགྲོ་ངེས་པས་ང་ཚོ་རང་རང་གང་ལ་འཇོན་པ་དེ་ལ་འབད་ན་འབྲས་བུས་མི་བསླུ་བར་ཡིད་ཆེས་ཡོད།

དྲི་བ། ད་ལྟའི་དུས་སུ་བོད་ཡུལ་ན་བརྩམས་སྒྲུང་གི་ལམ་འདིར་འཇུག་མཁན་ཤིན་ཏུ་ཉུང་། ལྷག་ཏུ་བུད་མེད་དང་སློབ་མ་ཚོའི་ཁྲོད་དུ་ཉུང་། དེའི་རྒྱུ་མཚན་ཅི།

དྲིས་ལན། འདི་ནི་བོད་ཀྱི་རྩོམ་རིག་གི་གནས་བབ་ཀྱིས་ཐག་བཅད་པ་ཞིག་རེད། རྩོམ་རིག་དར་བའི་ལོ་རྒྱུས་ཀྱི་སྟེང་ནས་དཔྱད་ན། མི་རིགས་ཤིག་ལ་རྩོམ་རིག་ཆེས་དར་བའི་དུས་ཀྱི་རྟགས་མཚན་ནི་སྒྲུང་རིང་གིས་མཚམས་འབྱེད་པའི་སྲོལ་ཡོད་ཅིང་། མི་རིགས་དེ་ལ་སྒྲུང་རིང་མང་པོ་བྱུང་བའི་དུས་སྐབས་ནི་མི་རིགས་དེ་ལ་རྩོམ་རིག་ཆེས་ཆེར་དར་བའི་དུས་སྐབས་ཡིན། ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབ་ལ་བལྟས་ན། སྤྱིར་རྩོམ་འབྲི་མཁན་ཉུང་བ་དང་། སྒོས་སུ་བརྩམས་སྒྲུང་འབྲི་མཁན་ཉུང་བ། དེ་ལས་ཀྱང་སྒྲུང་རིང་འབྲི་མཁན་སྲིད་མཐའ་ཙམ་ཡིན་པ་ནི་ད་དུང་བོད་ཀྱི་སྤྱི་ཚོགས་ལ་བོད་ཀྱི་རྩོམ་རིག་མཁོ་ཡི་མེད་པའི་རྐྱེན་ཡིན་པས་སློབ་མ་དང་བུད་མེད་ཚོའི་གྲས་ན་བརྩམས་སྒྲུང་འབྲི་མཁན་མང་པོ་མ་བྱུང་བ་རེད།

དྲི་བ། སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་བཅས་ཀྱི་རིང་ཐུང་ལ་ཡིག་འབྲུའི་ཆ་ནས་ལྟ་མཁན་དང་། ནང་དོན་གྱི་ཆ་ནས་ལྟ་མཁན་གཉིས་ཡོད་པས། སྒྲུང་ཐུང་དང་སྒྲུང་འབྲིང་གི་དབྱེ་སྲོལ་ལ་ལྟ་ཚུལ་ཅི་ཡོད།

དྲིས་ལན། སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་། ད་དུང་སྒྲུང་ཐུང་ཡིག་བརྒྱ་མ་བཅས་ཀྱི་དབྱེ་བ་འདི་རྩོམ་རིག་དཔྱད་བརྗོད་པས་བརྩམས་སྒྲུང(བརྩམས་ཆོས)ལ་དབྱེ་ཞིབ་བྱས་ཏེ་རྩོམ་རིག་གཞུང་ལུགས་ཁྲོད་གཏན་འབེབས་བྱས་པ་ཙམ་ལས་རྩོམ་པ་པོས་འདི་ལ་དམིགས་ཡུལ་བཅངས་ནས་གསར་རྩོམ་ལ་ཚད་བཀག་བྱེད་མི་རུང་། རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་བརྗོད་བྱ་འདེམ་སྐབས་བརྗོད་བྱ་འགའ་རེ་སེམས་ལ་འཆར་ཙམ་བྱས་རྗེས་ནུབ་པ་དང་། བརྗོད་བྱ་འགའ་རེ་གཅིག་ལ་གཅིག་འབྲེལ་ཞིང་མུ་བསྐྱངས་ཏེ་གནས་པ། བརྗོད་བྱ་འགའ་སྣ་མང་རྙོག་འཛིང་ལྡན་པ། བརྗོད་བྱ་འགའ་རེ་རྐྱང་པར་གནས་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་སྒྲུང་རིང་སྒྲུང་ཐུང་སོགས་བྱུང་བ་ཡིན། འདི་ལྟར་བཤད་ན་ཁྱོད་ཀྱིས་བདག་ནི་སྒྲུང་རིང་སྒྲུང་ཐུང་གི་ཁྱད་པར་བརྗོད་བྱས་འབྱེད་པ་དེའི་རིགས་སུ་གཏོགས་པར་སྙམ་སྲིད་མོད། དེ་ལྟ་མ་ཡིན། སྒྲུང་རིང་སྒྲུང་ཐུང་ཡིག་འབྲུས་འབྱེད་ཅེས་པ་དང་། སྒྲུང་རིང་སྒྲུང་ཐུང་བརྗོད་བྱས་འབྱེད་ཅེས་པ་གཉིས་ནི་རྩོམ་རིག་གཞུང་ལུགས་པ་དང་རྩོམ་པ་པོ་གཉིས་ཀྱི་བར་དུ་གོ་ནོར་བྱུང་བ་ཞིག་རེད། རྩོམ་རིག་གཞུང་ལུགས(དཔྱད་བརྗོད)པས་ཡིག་གྲངས་ལ་བལྟས་ནས་སྒྲུང་རིང་འབྲིང་ཐུང་གསུམ་འབྱེད་པ་ལས་བརྗོད་བྱ་ལ་བལྟས་ནས་སྒྲུང་རིང་སྒྲུང་འབྲིང་སྒྲུང་ཐུང་གསུམ་འབྱེད་མི་ཐུབ། ཡིག་འབྲུ་བརྒྱ་ཡས་མས་ཀྱི་སྒྲུང་ཐུང་ཞིག་ལ་སྒྲུང་རིང་རེད་ཟེར་སྲོལ་མེད་ལ། ཡིག་འབྲུ་སུམ་འབུམ་གྱི་བརྩམས་སྒྲུང་ཞིག་སྒྲུང་ཐུང་རེད་ཟེར་སྲོལ་མེད། རྩོམ་པ་པོས་བརྗོད་བྱ་ལ་བརྟེན་ནས་སྒྲུང་རིང་སྒྲུང་ཐུང་གདམ་དགོས། བརྗོད་བྱ་མུ་འབྲེལ་བ། རྙོག་འཛིང་ཆེ་བ་ཞིག་ཡིག་འབྲུ་བརྒྱས་མཚོན་མི་ཐུབ་ལ། བརྗོད་བྱ་སྣ་གཅིག་གམ་རྐྱང་པ་ཡིག་འབྲུ་སུམ་འབུམ་གྱིས་མཚོན་པའི་དགོས་པ་མེད། གལ་ཏེ་ཡིག་འབྲུ་སུམ་འབུམ་གྱིས་བརྩམས་ཆོས(སྒྲུང་གཏམ)ཤིག་ཡིན་ན། དེའི་བརྗོད་བྱ་རྐྱང་པ་ཞིག་མིན་ཁོ་ཐག་ཡིན་ལ། གལ་ཏེ་བརྗོད་བྱ་སྣ་གཅིག་ལས་མེད་ན་ཡིག་འབྲུ་སུམ་འབུམ་ལོངས་ཐབས་མེད། གནད་འགག་འདིའི་སྟེང་ནས་སྒྲུང་རིང་སྒྲུང་ཐུང་གི་ཁྱད་པར་ལ་བལྟ་དགོས།

དྲི་བ། བོད་ཀྱི་བརྩམས་སྒྲུང་རྙིང་པ་དང་ད་ལྟའི་བརྩམས་སྒྲུང་གསར་པའི་བར་ལ་ཧེ་བག་གང་འདྲ་འདུག

དྲིས་ལན། རྩོམ་པ་པོ་ཟུར་དུ་བུད་ནས་སྤྲོས་བརྗོད་ཀྱི་སྒོ་ནས་གཏམ་རྒྱུད་འཆད་པ་དེ་གནའ་སྒྲུང་གི་ཁྱད་ཆོས་ཡིན་ཞིང་། རྩོམ་པ་པོ་གཏམ་རྒྱུད་ནང་དུ་ཞུགས་ནས་ཟློས་གར་རང་བཞིན་གྱི་གཏམ་རྒྱུད་ཀྱི་འགྲོས་སྐྱོང་བ་ནི་དེང་སྒྲུང་གི་ཁྱད་ཆོས་ཡིན། ཡིན་ནའང་། གནའ་སྒྲུང་ལ་མཚོན་ཐབས་གོང་སྨྲས་དེ་ལས་མ་འདས་མོད། དེང་སྒྲུང་ལ་མཚོན་ན་སྤྲོས་བརྗོད་རང་བཞིན་དང་མངོན་སྣང་རང་བཞིན་གཉིས་ཀའི་མཚོན་ཐབས་སྤྱོད་པ་ཡིན། ཡིན་ནའང་། ཕྱི་མ་ནི་སྔ་མ་ལས་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོས་ཕྱུག་པས་དེང་རབས་རྩོམ་པ་པོས་མཚོན་ཐབས་དེ་རྒྱུག་ཆེར་སྤྱོད་དོ། །

དྲི་བ། ད་བར་དུ་རང་ཅག་ལ་མིང་འབོད་སྟངས་གཅིག་གྱུར་ཅིག་མེད་པ་ནི་བརྩམས་སྒྲུང་གི་ལུས་འདི་རེད། ལ་ལས་བརྩམས་སྒྲུང་དང་ལ་ལས་སྒྲུང་གཏམ་དུ་འབོད་ཀྱིན་ཡོད་པས། ཉིད་ཀྱིས་འདིའི་རིགས་ལ་ཇི་ལྟར་བལྟ་བ་ཡིན། ཡང་ན་གང་ཞིག་རྒྱུན་སྤྱོད་བྱས་ན་ལེགས་པར་འདོད།

དྲིས་ལན། སྲོལ་རྒྱུན་ལྟར་ན། བརྩམས་སྒྲུང་ངམ་སྒྲུང་གཏམ་ལ་གཏམ་རྒྱུད་དང་སྒྲུང་། རྟོགས་བརྗོད་ཅེས་ཐ་སྙད་གསུམ་བྱུང་ཡོད། དེ་དག་ངེས་ཚིག་གི་ཆ་ནས་ཁྱད་པར་ཡོད་ཀྱང་། བྱུང་རིམ་བཀོད་འབྲིའི་ཆ་ནས་ཁྱད་པར་མེད། འདི་ལས“རྟོགས་བརྗོད”ནི་ཚིགས་བཅད་ཀྱི་ཕྱོགས་ལ་གཞོལ་ཆེ་ཡང་།《རི་བོང་རྟོགས་བརྗོད་ཀྱི་དྲིས་ལན》དང་།《གཞོན་ནུ་དྲུག་གི་རྟོགས་བརྗོད》སོགས་དེ་ཙམ་ཁོ་ན་མིན། བརྩམས་སྒྲུང་དང་སྒྲུང་གཏམ་གང་ཡིན་ཡང་གསར་བྱུང་ཐ་སྙད་ལས་སྲོལ་རྒྱུན་ཐ་སྙད་མིན་པས་དེ་གཉིས་ལ་རང་རང་གི་ཁྱད་ཆོས་ལྟར་བྱུང་རབས་དང་སྤྱོད་ཡུན་ལ་སྔ་ཕྱི་ཡོད། རྩོམ་རིག་གསར་པ་འདི་བོད་དུ་ཐོག་མར་དར་བའི་དུས་སུ་བོད་ཀྱི་དུས་དེབ་དང་ཚགས་པར་གྱིས་བརྩམས་སྒྲུང་ཞེས་པའི་ཐ་སྙད་འདི་ཁོ་ན་སྤྱོད། འདི་ནི་བོད་དུ《གེ་སར་སྒྲུང》དང《མཆིལ་པའི་སྒྲུང》《མ་སང་གི་སྒྲུང》《མི་རོ་རྩེ་སྒྲུང》སོགས་རྩོམ་པ་པོ་མི་གསལ་བའི་ཁྱད་ཆོས་ལ་བརྟེན་ནས་བརྩམས་སྒྲུང་ཞེས་ཐ་སྙད་འདི་བཏགས། དེ་ཡང་ཡིན་མོད། ཕྱིས་སུ་ཨ་མདོ་མཚོ་སྔོན་ཕྱོགས་ནས་ཐ་སྙད་འདི་ལ་སྐྱོན་འཛུགས་པའི(མ་བརྩམས་པའི་སྒྲུང་མེད)སྣང་ཚུལ་བྱུང་ཞིང་། 《སྦྲང་ཆར》གྱིས་སྲོལ་རྒྱུན་གྱི“སྒྲུང་གཏམ”ཞེས་སྤྱད། དེས་ན་བརྩམས་སྒྲུང་ནི་ལྟོས་འཇོག་གིས་སྤྱོད་ཡུན་ཐུང་། འོན་ཀྱང་། རིང་བ་ཡོན་ཏན་དང་ཐུང་བ་སྐྱོན་ཡིན་པར་མ་ངེས་ཏེ། ཐ་སྙད་འདི་གཉིས་ཀྱི་གྲུབ་ཚུལ་ལ་བལྟས་ན། “བརྩམས་སྒྲུང”ནི་སྒྲུང་དང་། གཏམ་རྒྱུད། རྟོགས་བརྗོད་གསུམ་ལས“སྒྲུང”ཁོ་ནའི་ཐ་སྙད་འདི་ལ་བརྟེན་ཡོད་པས་ཐ་སྙད་གཞན་གཉིས་ཀྱི་ཁྱད་ཆོས་དོར་ཡོད་པ་དང་།“བརྩམས་སྒྲུང”སྒྲུང་གི་ཁྱད་ཆོས་བླངས་ཡོད་པར་མ་ཟད། གཏམ་རྒྱུད་ཀྱི་ཁྱད་ཆོས་ཀྱང་བླངས་ཡོད། དེའི་ཐ་སྙད་གྲུབ་སྟངས་ཀྱི་ཆ་ནས་བལྟས་ན“བརྩམས་སྒྲུང”ལ་ཁྱད་ཆོས་ཅིག་ཤོས་ཀྱིས་ཕྱུག་ཡོད། དེ་ཡང་ཡིན་མོད། “སྒྲུང་གཏམ”ཞེས་པའི་མིང་འདི་བོད་དུ小说མ་དར་བའི་ཡང་སྔོན་ནས་སྤྱོད་སྲོལ་ཡང་ཡོད། སྤྱིར་གསར་བྱུང་དངོས་པོ་ལ་མིང་གདགས་པ་དཀའ་ཞིང་། རྒྱུ་མཚན་དུ་མས་བཏགས་ཀྱང་ཆགས་པ་དཀའ། གལ་སྲིད་ཆགས་ཟིན་ན་དགོས་གལ་ཆེན་པོ་མེད་ན་བསྐྱར་བཅོས་བྱ་དགོས་དོན་ཡང་མེད། “བརྩམས་སྒྲུང”དང“སྒྲུང་གཏམ”གང་ཞིག་ཡིན་ཡང་མིང་དེ་ཆགས་ཟིན་ན་བསྐྱར་བཅོས་བྱེད་དོན་མེད་ཅིང་། དོན་གཅིག་ལ་མིང་གཉིས་ཡོད་ཀྱང་མིང་དེ་དོན་དེར་ཁྱབ་མཉམ་དུ་ཆགས་ཟིན་ན་ཅིག་ཤོས་དོར་བའི་དགོས་པ་ཡང་མེད་སྙམ་མོ། །

དྲི་བ། བརྩམས་སྒྲུང་གིས་ཆེས་མངོན་པར་མཚོན་པར་སླ་བ་དེ་གང་ཡིན།

དྲིས་ལན། དྲི་བ་འདིའི་དམིགས་ཡུལ་ངས་གསལ་པོ་ཞིག་མི་ཤེས་མོད། བརྩམས་སྒྲུང་འབྲི་སྐབས་དཀའ་སླའི་རྣམ་གཞག་འབྱེད་རྒྱུ་མེད། (འཕྲོ་མ་པར་ངོས16པར་གཟིགས།)

བརྩམས་སྒྲུང་ཞིག་འགྲུབ་དགོས་ན་དེ་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས། ཐོག་མར་རྩོམ་པ་པོ་ལ་རྩོམ་རིག་གི་སྐད་ཆ་ཕུན་སུམ་ཚོགས་པོ་ཞིག་དགོས། དེ་ནི་རང་འབྱོར་དང་གཞན་འབྱོར་གཉིས་ལས་རང་འབྱོར་ཡིན། རྩོམ་པ་པོས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་ཁྲོད་ནས་འཚོ་བ་དམིགས་བསལ་ཞིག་རྙེད་དགོས། དེ་ནི་གཞན་འབྱོར་ཡིན། འཚོ་བ་དམིགས་བསལ་བ་དེ་རྩོམ་རིག་གི་སྐད་ཆ་སྤྱད་ནས་མཚོན་སྐབས་མཚོན་ཐབས་ལེགས་པོ་ཞིག་སྤྱོད་དགོས་པ་དེ་ནི་སྒྱུ་རྩལ་ཡིན། བརྩམས་སྒྲུང་ལ་ལྷུ་ཚིགས་མང་པོ་ཡོད་ཀྱང་། བརྩམས་སྒྲུང་གི་ལུས་ནི་བྱུང་རིམ་དང་བྱུང་རིམ་ཕྲ་མོ་ཁོ་ནས་གྲུབ་པ་ཡིན་པས་རྩོམ་པ་པོའི་སྟོབས་ཤུགས་ཀྱང་བྱུང་རིམ་དང་བྱུང་རིམ་ཕྲ་མོ་ཇི་ལྟར་འཕལ་སྤྲོད་པའི་སྒྱུ་རྩལ་ཐབས་ལམ་སྟེང་དུ་བཀོལ་དགོས། འདི་དག་རྩོམ་གཞུང་དུ་གསལ་བས་མང་པོ་ལབ་དགོས་དོན་མེད།

དྲི་བ། ད་ལྟའི་བརྩམས་སྒྲུང་གིས་ཁྱེད་ལ་བྱིན་པའི་སྐྱོ་གར་དང་། ཆེས་ཡིད་མི་ཚིམ་པ་ཅི།

དྲིས་ལན། རང་ཅག་གིས་ད་ལྟའི་བར་འབད་བརྩོན་བྱས་པའི་བརྩམས་སྒྲུང་གི་གྲུབ་འབྲས་ལ་སྐྱོ་གར་གྱི་སྒོ་ནས་སྡོམ་ཚིག་བཞག་ན་མ་མཐའ་ཡང་མདུན་ལམ་བརྩམས་སྒྲུང་ལ་བཅོལ་བའི་རྩོམ་མཁན་དེ་དག་གི་འབད་བརྩོན་ལ་བརྩི་བཀུར་ཙམ་ཡང་མ་ཞུས་པས་དེ་ནི་ཤིན་ཏུ་ཐལ་ཆེ་འདུག

ད་ལྟའི་བརྩམས་སྒྲུང་གི་གནས་བབ་འདི་རྒྱ་དང་བསྡུར་ཐབས་མེད་ཀྱང་། རང་རྒྱལ་གྱི་ཡི་གེ་ཡོད་པའི་མི་རིགས་གཞན་བཞི་དང་བསྡུར་ན་ཤིན་ཏུ་ཉམ་ཆུང་བ་ཞིག་ཀྱང་མིན། རྒྱ་ཡིག་གིས་བྲིས་པའི་བོད་ཀྱི་རྩོམ་རིག་ཕུད། བརྩམས་སྒྲུང་དར་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། བོད་དུ་སྒྲུང་རིང་འབྲིང་ཐུང་གསུམ་སྔོན་གྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་། དེ་ནི་གཞུང་ཕྱོགས་ནས་བཤད་པ་ཡིན་པས་དགའ་བ་ཐལ་ཆེ་བའི་རྒྱུ་མེད་མོད། འཕྲེད་ཕྱོགས་ནས་བལྟས་ནའང་། བོད་ཀྱི་བརྩམས་སྒྲུང་དུ་མ་ཞིག་རྒྱ་ཡིག་དང་། སོག་ཡིག དབྱིན་ཇི། ཧྥ་རན་སིའི་ཡི་གེ འཇར་མན་གྱི་ཡི་གེ་སོགས་སུ་བསྒྱུར་ཡོད་པས་གྲུབ་འབྲས་ཡེ་ནས་མེད་པ་ཞིག་ག་ལ་ཡིན། ཡིན་ནའང་། བོད་ཀྱི་བརྩམས་སྒྲུང་དར་ཚུལ་འདི་དཔལ་འབྱོར་གྱི་སྒུལ་ཤུགས་ལ་བརྟེན་པ་མ་ཡིན་པར། སྤྱི་ཚོགས་ཀྱི་ངོས་འཛིན་དང་གཡར་ཁྲལ་ཙམ་ལ་བརྟེན་གྱིན་ཡོད་པས་དེ་ནི་ཤིན་ཏུ་ཉེན་ཆེ་བ་ཞིག་རེད།

དྲི་བ། ད་ལྟའི་རང་ཅག་གི་བརྩམས་སྒྲུང་གསར་པ་རྩོམ་མཁན་དག་ལ་བཤད་འདོད་པའི་སྐད་ཆ་ཅི།

དྲིས་ལན། བརྩམས་སྒྲུང་འབྲི་རྒྱུ་འདི་རྩོམ་ལུས་རིགས་བཞིའི་ཁྲོད་ནས་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་ཡིན། གལ་སྲིད་ཁྱོད་ནི་ད་ལྟའི་སྤྱི་ཚོགས་ལ་ཤིན་ཏུ་བྲིན་པའི་ཚོང་མ་བདམས་པར་རྩོམ་འདེམ་མཁན་ཞིག་དང་། དེ་ལས“སྙན་ངག་འབྲི་རྒྱུར་དགའ་ཞིང་བརྩམས་སྒྲུང་འབྲི་རྒྱུར་སྐྲག”པའི་རིགས་དེ་མ་ཡིན་པར་བརྩམས་སྒྲུང་གི་དཀའ་ཚེགས་ལྷུར་ལེན་ཐུབ་མཁན་ཞིག་ཡིན་ན། བརྩམས་སྒྲུང་གི་གནས་འདི་ལས་ཆེས་སླ་བའི་ངང་ཕྱིར་ལྡོག་པར་མི་བྱེད་པ་དེ་གཙོ་བོ་ཡིན། འདི་ནི་སུས་ཀྱང་མ་སྐུལ་རང་གིས་བདམས་པ་དང་། ཡང་ངས་གོང་དུ་སྨྲས་པ་བཞིན་ད་ལྟའི་གསར་རྩོམ་གྱི་གནས་བབ་ནི་སྤྱི་ཚོགས་ཀྱི་ངོས་འཛིན་དང་གཡར་ཁྲལ་ཙམ་ཡིན་པས། ཁྱོད་ལ་དེ་ཉིད་ལས་ཁེ་བཟང་ལྷག་པོ་ཞིག་ཀྱང་ཐོབ་ཏུ་མེད། དེས་ཀྱང་ཁྱོད་ཀྱི་འབད་པ་བརྩམས་སྒྲུང་ལ་གཏོང་བའི་སེམས་ཤུགས་དེ་འཇིག་པར་མ་གྱུར་ན། ད་གཟོད་དཀའ་ཚེགས་ཆེ་བའི་ལས་ཀ་འདིར་གོ་རིམ་ཡོད་པའི་སྒོ་ནས་མི་ཚེ་གང་པོར་འཇུག་དགོས་འདུག བརྩམས་སྒྲུང་འབྲི་མཁན་གྱི་ལས་དང་པོ་བ་རྣམས་ཀྱིས་དང་པོ་བྱིས་པ་གོག་སྟེ་འགྲོ་བ། དེ་ནས་ལངས་ཏེ་འགྲོ་བ། མཐའ་མར་མཆོང་རྒྱུག་བྱེད་པའི་གནས་ལུགས་འདི་ངེས་ན་བཟང་། དེ་ནི་ཁྱོད་ཀྱིས་རྩོམ་རིག་ལ་ངོས་འཛིན་ཡང་དག་ཅིག་བྱེད་མིན་ལ་རག་ལས་པས་དགོས་གལ་ཧ་ཅང་ཆེ། བརྩམས་སྒྲུང་འབྲི་མཁན་ཞིག་ལ་མཚོན་ན། མ་མཐའ་ཡང་བརྩམས་སྒྲུང་ཞེས་པ་ནི་ཅི་འདྲ་ཞིག་ཡིན་པ་དང་། ཅི་ལ་བརྩམས་སྒྲུང་འབྲི་བའི་དགོས་པ་ཙམ་ཤེས་དགོས། དེ་ལྟ་མིན་ན། དེང་སྐབས་ལ་ལ་ཞིག་གིས“ཁོ་བོས་བྲིས་པ་འདི་ད་ལྟའི་མིས་གོ་བ་ལེན་མི་ཐུབ། འདི་ནི་དུས་རབས་རྗེས་མ་ཞིག་གི་སྔོན་དཔག་ཡིན”ལྟ་བུའི་གཏམ་སྨྲ་མཁན་ཡོད། བརྩམས་སྒྲུང་ནི་དུས་དང་འབྲེལ་བས་ཅི་འདྲའི་རླབས་ཆེན་གྱི་རྩོམ་པ་པོ་ཞིག་ཡིན་ཡང་རྒས་རྒྱུ་མེད་པའི་བརྩམས་སྒྲུང་བརྩམས་མི་ཐུབ། གལ་སྲིད་ཁྱོད་ཀྱི་བརྩམས་སྒྲུང་དེ་དུས་རབས་རྗེས་མ་ཞིག་གི་སྔོན་དཔག་ཡིན་སྲིད་ཀྱང་དེ་ལ་ཡ་མཚན་རྒྱུ་ཅི་ཡོད། ཁྱོད་ཀྱིས་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་བསམ་གཞིག་བྱས་ཏེ་མ་འོངས་པའི་དུས་སྐབས་ཤིག་གི་མིའི་འཚོ་བ་སྔོན་སྟོན་བྱས་པ་རེད། དེ་ནི་ཁྱོད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་མངའ་བས་ཧ་ཅང་ལེགས་མོད། ཁྱོད་ཀྱི་བརྩམས་སྒྲུང་དེ་ཡང་བརྩམས་སྒྲུང་གཞན་དག་དང་འདྲ་བར་མ་འོངས་དུས་སྐབས་དེ་ཉིད་ནས་འོད་ཟེར་ལམ་ཙམ་འཕྲོས་རྗེས་རྒས་འགྲོ། མདོར་བསྡུས་ན་མ་འོངས་པའི་དུས་སྐབས་ཤིག་གི་མི་ལ་ཞབས་འདེགས་ཞུ་བ་ཙམ་རེད། གཅིག་གིས་ད་ལྟ་བ་ལ་ཞབས་འདེགས་ཞུ་བ་དང་ཅིག་ཤོས་ཀྱིས་མ་འོངས་ལ་ཞབས་འདེགས་ཞུ་བ་གཉིས་ཀྱི་མཆོག་དམན་ཇི་ལྟར་འབྱེད། འདི་ནི་ཁྱོད་ཀྱི་བརྩམས་སྒྲུང་དེ་ཁྱོད་ཀྱི་ལུང་བསྟན་དང་མཐུན་ངེས་ཡིན་པའི་ཆ་ནས་སྨྲས་ཀྱི། གལ་སྲིད་དེ་ལས་ལྡོག་སྟེ་ཁྱོད་ཀྱི་བརྩམས་ཆོས་ཀྱི་ཕྱག་མོ་དེ་ཐིག་པོ་མ་བྱུང་ན་རྩོམ་རིག་ལ་རྫུན་ཆེན་པོ་སྨྲས་པ་མ་ཡིན་ནམ། ལོ་ཆུང་ཚོའི་གྲས་སུ་འདི་འདྲ་སྨྲ་མཁན་ཡོད་པས་ངས་བྱུང་རྒྱལ་དུ་སྨྲས་པ་ལ་དགོངས་པ་མི་ཚོམས་པར་ཞུ།

དྲི་བ། རྒན་ཁྱེད་རང་བརྩམས་སྒྲུང་གི་ལམ་འདིར་འཇུག་དགོས་དོན་ཅི། ཡང་ན་དེས་ཁྱོད་ཀྱི་འཚོ་བ་ལ་རམ་འདེགས་ཅི་ཞིག་ཐོབ་ཡོད།

དྲིས་ལན། རྩོམ་རིག་གཞུང་ལུགས་སུ།“རྩོམ་རིག་ནི་སེམས་ཁམས་ཐད་ཀར་སྟོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན”ཟེར་སྲོལ་ཡོད། དེས་ན་རྩོམ་རིག་ལ་དགའ་མཁན་རྣམས་ལ་སེམས་ཁམས་ཀྱི་མེ་ལོང་ལ་བལྟ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་རྟོགས་ཐུབ། ང་ལ་ཁྱད་ཆོས་དམིགས་བསལ་དེ་འདྲ་ཡོད་པ་རང་ལ་ཆ་མ་འཚལ་མོད། གང་ལྟར་ང་རང་བརྩམས་སྒྲུང་ལ་འཇུག་དོན་དེ་སྤྱི་ལོ1989ལོའི་ཟླ4ཚེས12ཉིན་ཕ་ཡུལ་འབའ་གཞུང་ནས་དམིགས་བསལ་དོན་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་ཡིན། དེའི་དོན་ངས་སྔོན་ཆད《མཚོ་སྔོན་བོད་ཡིག་གསར་འགྱུར》དུ《གསར་རྩོམ་ཐད་ཀྱི་མྱོང་ཚོར》ཞིག་བྲིས་ཤིང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས་པའི《ནགས་ཀློང་ཁུ་བྱུག་འདུས་གནས》ཞེས་པར་གསལ་བས་བསྐྱར་བཟློས་མི་བྱ།

དྲི་བ། ཁྱེད་ལ་ཤུགས་རྐྱེན་ཆེ་བའི་བརྩམས་སྒྲུང་གང་དང་ཡང་ན་རང་ཉིད་ཀྱི་བརྩམས་སྒྲུང་འབྲི་སྐབས་མི་འདང་ས་གང་རེད།

དྲིས་ལན། ད་ལྟ་ལོ་གཞོན་ཁྲོད་ན་བརྩམས་སྒྲུང་བཟང་ཙམ་འབྲི་མཁན་ཡང་འགའ་རེ་ཡོད། ངས་གོང་ནས་བརྩམས་སྒྲུང་འབྲི་བ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པ་བརྗོད་ཟིན། དཀའ་ཚེགས་ཆེ་བའི་བྱ་བ་འདིའི་ནང་དུ་ཞུགས་ནས་རང་གི་བརྩམས་ཆོས་ཀྱི་ལྷུ་ལག་ལ་བསྲེག་བཅད་བརྡར་གསུམ་བྱས་པ་ཡིན། བརྩམས་ཆོས་ལ་ལ་དཔྱད་བརྗོད་པས་ཐད་ཀར་སྐྱོན་བརྗོད་སུན་འབྱིན་ཡང་བྱས་མྱོང་། དེ་ལས་རང་གི་བརྩམས་ཆོས་ཀྱི་ཞན་ཆའམ་མི་འདང་སའང་མཐོང་ཐུབ། ཡིན་ནའང་། བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་ན་དཔྱད་བརྗོད་པས་ཅི་ཟེར་ལ་རྣ་བ་གཏད་ནས་འབྲི་བ་དེ་ཤིན་ཏུ་ནོར་བ་ཡིན། རྒྱུ་མཚན་གཞན་ཞིག་ནི་དཔྱད་བརྗོད་པ་ལ་ལས་བརྩམས་ཆོས་ཀྱི་སྒྲིག་གཞི་ཙམ་ཡང་ཁོང་དུ་ཆུད་མེད་པར་དཔྱད་པ་བཏང་ཡོད། དེ་ཚོའི་ཀུན་སློང་རྣམ་དག་ཅིག་མ་རེད། དེ་ཡང་ཡིན་མོད། འགའ་ཞིག་ནི་དཔྱད་བརྗོད་པས་ཐེར་འདོན་བྱས་པ་སྐྱོན་ཡིན་པར་ངོས་ཟིན་དཀའ་ལ། དཔྱད་བརྗོད་པས་བསྔགས་པ་བརྗོད་པ་ཡོན་ཏན་ཡིན་པའང་རང་ཉིད་ཀྱིས་མི་ཤེས། སྔོན་ཆད་བྲིས་པ་རྣམས་ཚིག་ལ་ཞུན་བརྡར་མ་ཐོན་པ་ད་ལྟ་རྟོགས་ལ། སྒྲིག་གཞི་འོས་འཚམས་མིན་པའང་ཤེས་ཐུབ། དེ་དག་ནི་གསར་རྩོམ་གྱི་ལོ་རྒྱུས་ཀྱིས་བསྐྱེད་པ་ཡིན་པས་རྩོམ་པ་པོ་སུ་ཡང་དེ་ལས་གཞོལ་ཐབས་མེད། རང་ཉིད་དངོས་སུ་གསར་རྩོམ་ལ་འཇུག་སྐབས། རང་ཉིད་ཀྱི་མི་འདང་ས་དང་ཞན་ཆ་ཞེས་པ་བརྗེད་འགྲོ། རྩོམ་བཟང་པོ་ཞིག་འཁྱོངས་མིན་དེ་ཐད་ཀར་ཚོར་བ(灵感)ལ་རག་ལས། ཚོར་བ་རྣོན་པོའི་འོག་ནས་བྲིས་པ་རྣམས་ཅུང་ལེགས་ཤིང་། ཚོར་བ་བཙལ་ཏེ་བྲིས་པ་རྣམས་ཞན། དེའི་ཕྱིར་ངས་རང་གི་མི་འདང་ས་བཙལ་མི་ཐུབ། གལ་ཏེ་བཙལ་ཐུབ་ཅིང་དེ་ཡོ་བསྲང་བྱེད་ཐུབ་རྒྱུ་ན་རྩོམ་ལེགས་པོ་རྐྱང་རྐྱང་མི་འབྲི་བར་མོ་འདེབས་པ་དང་རྒྱན་འཇོག་པ་ལྟ་བུའི་རྩོམ་ཅི་ལ་འབྲི།

དྲི་བ། རྒན་ལགས་ཀྱིས་མ་འོངས་བོད་ཀྱི་བརྩམས་སྒྲུང་གསར་པའི་ཁ་ཕྱོགས་དེ་ལམ་གང་ཞིག་ལ་སོང་ན་འོས་པར་འདོད། འདི་ལ་ལྟ་ཚུལ་ཞིག་ལབ་རྗེས་བཅར་འདྲི་མཇུག་རྫོགས་ན་ཅི་འདྲ།

དྲིས་ལན། ངོ་མ་མི་ཤེས། མཛོད་འགྲེལ་ལས། “མ་འོངས་པ་རྟོགས་པར་མི་ནུས་ཏེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར”ཞེས་གསུངས་ཡོད། དེ་བས་མ་འོངས་པའི་བརྩམས་སྒྲུང་གི་ཁ་ཕྱོགས་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་པ་ལས་མ་འོངས་ལུང་བསྟན་གྱིས་གསུང་ཐབས་མེད་སྙམ། ཡིན་ནའང་། ད་ལྟའི་བརྩམས་སྒྲུང་གི་རྨང་གཞི་སྟེང་ནས་མ་འོངས་པའི་བརྩམས་སྒྲུང་ལ་ཁ་ཕྱོགས་སྟོན་པ་ནི་རྩོམ་རིག་དར་འཕེལ་གྱི་ཆོས་ཉིད་ཅིག་ཡིན་སྲིད་པས། ང་ཚོས་མ་འོངས་པ་ལ་བསམ་བློ་གཏོང་དགོས་ཀྱང་། དུས་གསུམ་ལས་ཆེས་གཙོ་བོར་གྱུར་པ་ནི་ད་ལྟ་བ་ཡིན་པས་ང་ཚོས་ད་ལྟ་བ་དམ་འཛིན་བྱེད་རྒྱུ་འདི་གཙོ་བོ་ཞིག་ཅི་ལ་མིན། དེ་བས་ངའི་བསམ་པར་ང་ཚོས་བརྩམས་སྒྲུང་སྤྱི་ལ་ཁྱབ་པའི་ཞིབ་འབྲི་དང་བྱུང་རིམ་ནས་མགོ་རྩོམ་པ་དང་། བྱུང་རིམ་དང་ཞིབ་འབྲི་དེ་ད་ལྟའི་སྤྱི་སྟོན་པའི་མེ་ལོང་ཞིག་ཡིན་པ་དང་། དེ་ལྟར་བརྩམས་པའི་བརྩམས་སྒྲུང་དེས་ད་ལྟའི་འཚོ་བ་ལ་རམ་འདེགས་བྱེད་ཐུབ་ན། མ་འོངས་བོད་ཀྱི་བརྩམས་སྒྲུང་གསར་པ་ལ་ཁ་ཕྱོགས་ཤིག་ངེས་པར་ཡོད་སྙམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།