ཀྲུང་གོ་བོད་ཀྱི་དྲ་བ།

2018ཅེས་པའི་ལོ་འདི་ལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : K.མང་པོ་རྗེ།   སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་།  

ལོ་འདི་ལ། ཡུན་རིང་རེ་བའི་དོན་དག་དེ་མ་འགྲུབ། ཞེ་ཅུང་ཕངས་པ་ཞིག་བྱུང་ཡང་། རྩམ་པ་ཡང་དགོས། ཞོ་ཡང་དགོས་ཞེས་པའི་དོན་དེ་གནམ་ནས་འབབ་སྲིད་པ་ཞིག་མིན་པར་རྟོགས་ཁུལ་གྱིས་རང་སེམས་རང་གིས་གསོས་ཡོད།

2018དེ། རྫོགས་ལ་ཉེ་བའི་ལོ་འདིར། ང་རང་ཉིད་ལ་མཚོན་ན་ཐོབ་སྲིད་པ་ཐོབ་སོང་ལ། ཤོར་མི་སྲིད་པའང་ཤོར་སོང་།

མོ།

ལོ་འདིའི་ཟླ་བ་ཞིག་ལ། ཡུལ་མི་ཞིག་གིས་ཁ་པར་བཏང་ནས་པེ་ཅིན་གྱི་སྨན་ཁང་ཞིག་ཏུ་ཡོང་གིན་ཡོད་ཚུལ་ལབ་བྱུང་། པེ་ཅིན་ལ་འབྱོར་ཉིན་དུ་སྨན་ཁང་གི་མདུན་ནས་ངོ་ཐུག་རྒྱུ་བྱས་ཤིང་། སྨན་ཁང་དང་ཐག་ཉེ་བའི་མགྲོན་ཁང་ཞིག་བཙལ་རྗེས་ཕ་ཡུལ་ཕྱོགས་ཀྱི་ཁ་བརྡ་འདྲ་མིན་བྱས་ཏེ་བསྡད།

ཁོ་དང་མཉམ་དུ་ཡོད་པའི་ལོ་ན་སུམ་ཅུ་སོ་བཞི་ལས་བརྒལ་མེད་པའི་བུ་མོ་དེ་ནི་ཁོའི་ཆུང་མ་ཡིན་ཟེར། ད་ལྟ་ལྷ་སའི་ལས་ཁུངས་ག་གེ་མོ་ཞིག་ཏུ་ལས་ཀ་གཉེར་གྱིན་ཡོད་ལ། ཕོགས་དང་ལས་ཀ་གང་ཐད་ནས་ཧ་ཅང་བཟང་ཟེར། ཁེ་སྔོན་གློ་བུར་དུ་མགོ་ན་སྟེ་མིག་ཤེས་ཉམས་པར་གྱུར་པས་ལྷ་ས་ནས་བརྟག་དཔྱད་བཏང་ཡང་། བརྟག་དཔྱད་འབྲས་བུ་ཡིད་ལ་འབབ་པ་ཞིག་མིན་པས་པེ་ཅིན་ནས་བསྐྱར་དུ་བརྟག་དཔྱད་ཐེངས་ཤིག་བཏང་ན་བསམས་ཟེར།

དོན་དུ་མོ་རང་འདུས་པའི་ཁོ་དང་ཁོ་ཚོ་ནི“རེ་བ”ཞེས་པའི་སྐྱབས་བཅོལ་མགོན་མེད་དེར་དམིགས་པ་ལས། འབྲས་བུར་འགྱུར་བ་ཅི་ཡང་གཏོང་མི་ཐུབ་པ་ཁོས་ཤེས་ཀྱིན་ཡོད་ཟེར།

“ལས་ཁུངས་ནས་ལོ་རེར་བརྟག་དཔྱད་གཏོང་གིན་ཡོད་པ་མིན་ནམ།”

“ཡོད་ནི་རེད། ཡིན་ཡང་། མོ་བརྟག་དཔྱད་བྱེད་པར་ཐེངས་གཅིག་ལའང་མ་སོང”ཟེར།

“དུས་རྒྱུན་ལས་ཀ་མང་བའམ་སྐབས་ལ་ཤས་སུ་འགྲོ་འདོད་ཀྱང་མི་འདུག ”

བརྟག་དཔྱད་མཇུག་འབྲས་ཐོན་པའི་ཉིན་དེར། ཁོ་དང་མཉམ་དུ་མོའི་ཕུ་བོ་ཡང་ཕ་ཡུལ་ནས་སླེབས་འདུག

སྨན་པས་ཆེས་མང་ན་ལོ་གསུམ་གྱི་ཡུན་ལས་མི་འདུག་ཟེར། དེ་དུས། མོས་ད་དུང་ཅི་ཡང་ཤེས་མེད།

ཟླ་དྲུག་པར། ཁོས་རླངས་འཁོར་གསར་པ་ཞིག་ཉོས་ནས་ཕ་ཡུལ་དུ་སླེབས་འདུག ཁོ་ལ་གཏན་འཇགས་ཀྱི་ལས་ཁུངས་ཤིག་མེད་ཀྱང་། རང་གི་ནུས་པར་བརྟེན་ནས་ཁྲི་བཞི་བཅུ་ཡན་གྱི་རླངས་འཁོར་ཞིག་ཉོས་པ་ནི་ཁོ་རང་འཇོན་འདུག་ཟེར། སྡེ་བའི་མ་ཎི་ཁང་ལ་ཡང་སྒོར་ཁྲི་འགའ་བྱིན་པས་སྡེ་མི་རྣམས་ཀྱིས་ཁོ་རང་དངོས་གནས་འཇོན་འདུག་ཟེར།

སྡེ་བ་སྤྲོ་གསེང་དུ་བསྡད་པའི་ཉིན་དེ་གར་ངས་སླར་ཡང་མོ་རང་མཐོང་སོང་། དངོས་སུ་ཁ་བརྡ་མ་བྱས་ལ། མོས་མགོ་རུ་ཞྭ་མོ་ཞིག་གྱོན་ཏེ་སྦིས་གར་གྱི་ཟུར་ཞིག་ན་ཁོའི་ཁྱིམ་མི་ཚོ་དང་མཉམ་དུ་བསྡད་འདུག

མོའི་ལུས་པོ་ཧ་ཅང་བཟང་ཟེར། མིག་གིས་ཀྱང་ཅུང་ཟད་ཅིག་མཐོང་གིན་འདུག་པར་བཤད་ཀྱིན་འདུག

ཟླ་དགུ་པར་སློབ་གྲྭ་འཚོགས་ནས་ཅུང་མ་འགོར་བའི་ཉིན་མོ་ཞིག་ལ། སྲུ་མོས་སྐད་འཕྲིན་ལས“མོ་རང་མ་བདེ་ནི་རེད”ཅེས་བཤད་སོང་།

ཁོ།

ལོ་འདིའི་ཟླ་བ་ཞིག་ལ། པེ་ཅིན་གྱི་ཚ་བ་ཅུང་ཆེ། ཨ་ཅེས་ཁ་པར་བཏང་ནས“ཕ་ཡུལ་གྱི་ནད་པ་འགའ་པེ་ཅིན་དུ་ཡོང་དགོས་པས་རོགས་རམ་བྱེད་དགོས་ཀྱིན་འདུག”ཟེར།

ཁོ་ཚོ་སླེབས་ཉིན་དུ་སྔ་མོ་ནས་སྨན་ཁང་གི་ཉེ་འགྲམ་དུ་སྡོད་ཁང་ཞིག་བཙལ་ཏེ་ཁོ་ཚོར་བསྒུགས་ནས་བསྡད། ནམ་གུང་གི་ཚོད་ཅིག་ལ་ཁོ་ཚོས་སྒམ་ཆུང་དང་ཤོག་སྒམ་ཆེ་མ་ཆུང་གསུམ་བཟུང་ནས་སྨན་ཁང་གི་ལམ་ཟུར་དུ་བསྒུགས་ནས་འདུག

“ད་ཐེངས་ཁྱེད་ལ་དཀའ་ལས་གཏོད་དགོས་རྒྱུ་རེད། ཁྱེད་མེད་ན་ང་ཚོས་ཐལ་ཡང་ཤེས་ནི་མ་རེད”ཟེར། ནད་པ་གཅིག་དང་རོགས་པ་གསུམ་པེ་ཅིན་གྱི་མཚན་གཞུང་དེར་ངའི་ཁ་གཏད་དུ་འགྲེང་ནས་ང་ལ་དེ་ལྟར་བཤད།

“ནད་པ་ཁོ་རེད། སྤྱིར་ཅང་ན་རྒྱུ་ཡོད་ནི་ཞིག་མིན། ཁེ་སྔོན་ཞིག་ལ་ཁོག་པར་གཟེར་བརྒྱབ་ནས་ཟི་ལིང་གི་སྨན་ཁང་ནང་བསྡད་དེ་བརྟག་དཔྱད་བཏང་ཡང་། ཟི་ལིང་གི་སྨན་ཁང་དེས་ཅང་ཤེས་ཀྱིན་མི་འདུག དེ་ནས་རྩད་བཅད་དེ་ཁྱེད་རང་པེ་ཅིན་དུ་ཡོད་ཚུལ་གོ་རྗེས་འདིར་འོངས་ནས་ཀྲོན་ཅ(专家)ཞིག་བཙལ་ནས་སྟོན་པར་བསམས་པ་ཡིན།”

ནད་པའི་རོགས་པ་གཅིག་གིས་ནད་པའི་མདུན་ནས་ང་ལ་ནད་པའི་སྐོར་དེ་ལྟར་བཤད།

“རེད་རེད། ཟི་ལིང་གི་སྨན་ཁང་ནང་དོན་ངོ་མས་ཀྲོན་ཅ(专家)ཡོད་ནི་མ་རེད། དེ་ཚོས་ཅང་ཤེས་ནི་མ་རེད།”ངས་ནད་པའི་མདུན་ནས་ནད་པའི་རོགས་པར་ནད་པའི་ཐད་ནས་དེ་ལྟར་ལན་བཏབ། ནད་པས་ཀྱང་མགོ་བོ་ལྡེམ་ལྡེམ་བྱེད་བཞིན་འཐད་པའི་བརྡ་ཡང་དང་ཡང་དུ་བསྟན། ཁོ་ཚོ་འབྲོག་པ་ཡིན་པས་ཤ་མར་ལ་ཧ་ཅང་དགའ་ཟེར། ཁྱོད་ཀྱིས་ཀྱང་ཅིག་ཟོ་དང་ཕ་ཡུལ་གྱི་ཤ་ངོ་མ་ཡིན་ཟེར། འོ་མ་ཡང་ཕ་ཡུལ་ནས་ཁྱེར་ཡོང་བ་ཡིན་ཟེར།

ངས་ཀྱང་ཤ་དང་འོ་མ་ཁོག་པར་མི་འཇུ་ཚུལ་བཤད་ཀྱིན་ཕ་ཡུལ་གྱི་ཤ་དང་ཕ་ཡུལ་གྱི་འོ་མ་འཐུང་། ད་དུང་ནད་པ་དང་འབྲེལ་བ་ཅི་ཡང་མེད་པའི་རོང་འབྲོག་གི་གནས་ཚུལ་སྐོར་ནས་ཁ་བརྡ་མང་པོ་བྱས།

ནད་པ་ནི་ཨ་ཅེའི་སྒྱུག་མོའི་ཤ་ཉེ་ཞིག་ཡིན་པས། ནད་པས་ང་ལ་ཡང་དང་ཡང་དུ“ངེད་ཀི་ཞི་ལི། རང་གིས་ཟོ་དགོ། ངེད་ཀི་ཞི་ལི། རང་གིས་འཐུང་དགོ”ཟེར།

ངེད་ཀི་ཞི་ལི་ཟེར་བ་འདི་ཡུལ་མི་རྣམས་ཀྱི་ངག་ནས་ཐོན་ན་དངོས་གནས་ངེད་ཀི་ཞི་ལི་དང་འདྲ་བ་ཞིག་རེད་འདུག

“ད་ཐེངས་སྨན་ཁང་ལ་བསྡད་ནས་དྲག་སོང་ན། དབྱར་ཁར་ཚང་མ་ངེད་ཚང་ལ་ཤོག ཉི་མ་འགའ་ལ་རྩྭ་ཐང་དུ་ལུག་བཤས་ནས་སྐྱིད་པོ་ཞིག་འདུག”ཟེར།

ངས་ཀྱང་ཡོང་ཁོ་ཐག་ཡིན་པའི་ལན་འདེབས་ཞོར། དོན་དེ་ཧ་ཅང་བཟང་རབས་བཤད།

ཁ་བརྡའི་མགོ་ནས་མཇུག་བར་ནད་པའི་ཆུང་མས་ང་ཚོར་ཇ་བསྐོལ་བ་དང་ཇ་ལྡུག་པ་སོགས་བྱེད་པ་ལས་སྐད་ཆ་མང་པོ་ཞིག་བཤད་མ་སོང་།

ནད་པར་བྱིས་པ་འགའ་ཡོད་ཟེར། ཁྱིམ་དུ་རྩྭ་ས་དང་ཕྱུགས་ཟོག་མང་པོ་ཞིག་ཡོད་ཚོད་གདའ། ཁོ་རང་ཁྱིམ་དེའི་བུ་གཅིག་པུ་ཡིན་ཟེར།

ནད་པ་ཉལ་ཁྲིའི་སྟེང་ཁེན་ནས་འབྲོག་སྐད་ཀྱི་གདངས་ལ་བརྒྱུས་པའི་རྒྱ་སྐད་ཀྱིས་ཚོང་གི་སྐོར་བཤད་ཀྱིན་འདུག

ཁོས་ཟོག་ལུག་ཉོ་བའི་ཚོང་བ་དག་རེད་ཟེར། པེ་ཅིན་དུ་ཡོང་ཚུལ་ཐོས་པས་ཁ་པར་གཏོང་མཁན་ཡང་མང་པོ་འདུག་ཟེར།

ཁོ་ཚོ་གནམ་བདེ་སྒོ་མོ་ཆེའི་མདུན་དུ་ཐེངས་གཅིག་འགྲོ་བསམས་ཟེར། ངས་ཀྱང་དེ་བཞིན་ཁོ་ཚོ་གནམ་བདེ་སྒོ་མོ་ཆེའི་མདུན་དུ་ཁྲིད་པ་ཡིན། ནད་པ་དང་རོགས་པ་གསུམ་གྱིས་བསྟུད་མར་བརྙན་ཐུང་བླངས་ནས་གྲོགས་ཚོམས་སུ་བསྐུར་སོང་། “འདི་ད་གནམ་བདེ་སྒོ་མོ་ཆེ་རེད། གྲོགས་པོ་ཚང་མས་ཅིག་ལྟོས་དང”ཞེས་བརྙན་ཐུང་ལེན་ཞོར་འགྲེལ་བའང་བྱེད་ཀྱིན་འདུག

ངས་ཆེད་དུ་ནད་པ་དང་ཁོའི་ཆུང་མ་གཉིས་ལ་པར་ཞིག་བརྒྱབ་པ་ཡིན། གན་གྱི་རོགས་པ་ཚོས་ཀྱང་དེ་ཧ་ཅང་བཟང་ཚུལ་ལབ། ཆུང་མས་ཀྱང་སྐྱིད་ལ་སྨྲེང་བའི་ཉམས་ཤིག་འདོན་གྱིན་ཁོ་དང་མཉམ་དུ་པར་བླངས། ཆུང་མའི་ཉམས་དེ་ཁོས་ཅི་ཡང་ཚོར་མ་བྱུང་།

ཁོ་ཚོ་ཕྱིར་ཕ་ཡུལ་དུ་ལོག་རྗེས། ནད་པས་ང་ལ་སྐད་འཕྲིན་ནས་རྒྱུན་པར་ཁ་བརྡ་བྱེད་ལ། ཁོའི་ནད་ཇེ་བཟང་དུ་སོང་ཡོད་ཚུལ་ལབ་བྱུང་།

དེའི་རྗེས་ཀྱི་ཉི་མ་འགའི་རྗེས་ནས། ཁོར་གྲགས་འགུལ་ཅི་ཡང་མ་བྱུང་ལ། རྗེས་ནས་རོགས་པས་ང་ལ་སྐད་འཕྲིན་ལས“ ཁོ་གློ་བུར་དུ་ལྷ་སར་མཇལ་འདོད་ཅིག་བྱུང་བས། ཕྱི་ཉིན་ལམ་སེང་ལམ་ལ་ཆས་ཏེ་ལྷ་སར་ཕྱིན་པ་དང་། མཆོད་མཇལ་ཚར་རྗེས་ལྷ་ས་ནས་མ་བདེ་ནི་རེད”ཟེར།

རོགས་པ་དེས་ཁོས་དངོས་གནས་ཅི་ཞིག་ཤེས་འདུག་ཟེར།

ངས་ཀྱང་སྐད་འཕྲིན་ལས་ཁོ་པ་བསུབས་རྗེས། ཁོའི་ཆུང་མ་དང་བྱིས་ཕྲུག་དག ད་དུང་ཨ་མ་བགྲེས་མོ་སོགས་ཡིད་ལ་འཁོར་ཙམ་འཁོར་ཙམ་བྱུང་།

རྒད་པོ།

ལོ་འདིའི་ཟླ་བ་ཞིག་ལ། ང་ཟི་ལིང་དུ་ཐོན་ནས་ཕུ་བོའི་རྩར་སོང་།

ཕུ་བོས“ཁྱེད་རང་ཡོང་བ་འགྲིག་འདུག ཟ་མ་ཟོས་རྗེས་སྨན་ཁང་ནང་དུ་རྒད་པོ་ལ་བལྟ་རུ་འགྲོ”ཟེར།

“རྒད་པོའི་རྐང་པ་ད་དུང་མ་དྲག་ནི་རེད། ”

“མ་རེད། མགོ་ན་གིན་འདུག་ཟེར། ཕལ་ཆེར་རླངས་འཁོར་དོན་རྐྱེན་དེས་མགོ་ལ་གནོད་ཀྱིན་པ་འདྲ། ”

“ཨ། རུས་པ་འབྱར་སོང་ནི་མ་རེད་དམ།”

“རེད། ད་དུང་སང་དྲག་ཅིག་མ་རེད།”

ཕྱི་དྲོ་ཟ་མ་ཟོས་རྗེས། སྨན་ཁང་དུ་རྒད་པོར་བལྟ་རུ་ཕྱིན། རྒད་པོ་མ་གཞི་ནས་ཆང་ལ་དགའ་ཞིང་གཏམ་ཀུ་རེ་ལ་མཁས་པ་ཞིག་ཡིན།

“རྒད་པོ་ང་དཔའ་ཡ་མེད་ཨ་སྟག་སེང་དོམ་ཡིན་ནི་རེད། འདི་མོ་འདི་སྐྱོན་ཅི་ཡང་ཡོད་ནི་མ་རེད”ཟེར།

“རྒད་པོ་རྒྱུ་ཐོག་ལ་བརྒྱབ་ནས་སྒོར་མོ་མང་པོ་ཡོད”ཟེར། ངས་ཀྱང་རྒད་པོའི་ཚུགས་ཀར་བལྟས་ནས་ནད་ལྕི་མོ་ཞིག་མ་རེད་ཨང་སྙམ།

ཕྱིར་ལོག་ཁར་ཨ་ཅེས“སང་ཉིན་རྒད་པོའི་མགོ་ན་བ་དེར་བརྟག་དཔྱད་གཏོང་དགོས་པས། ཁོམ་ན་ཁྱོད་ཡོང་ནས་རོགས་བྱེད་དགོས་རྒྱུ་རེད”ཟེར། ངས་ཀྱང་དེ་བཞིན་ཁས་བླངས།

བརྟག་དཔྱད་ཚར་བའི་ཕྱི་ཉིན་ང་རང་ཕ་ཡུལ་དུ་ལོག ནས་ཉི་མ་ཅང་མ་འགོར་བར། ཕུ་བོས་ཁ་པར་བཏང་ནས“ཡུལ་གྱི་ཕུ་བོ་དང་ཨ་ཅེ་ཚང་མ་རྒད་པོར་བལྟ་ཀི་སོང”ཟེར། དེ་དུས། མུན་རུབ་ལ་ཁད་ཅིག་ཡིན་པས་མཚན་མོ་ནད་པའི་ཁྱིམ་ལ་འགྲོ་བར་ནད་པའི་ཁྱིམ་མིས་འཛེམ་པར་དོགས་ཏེ་བསྡད།

ཕུ་བོས་ཁ་པར་ལས“མུན་རུབ་ཀྱང་ཐབས་ཡོད་རྒྱུ་མ་རེད། ད་ལྟ་ཉིད་དུ་འགྲོ་དགོས་འདུག”ཟེར། དེ་དུས་གཞི་ནས་ཅུང་རྟོགས་སོང་།

རྒད་པོ་མ་གཞི་ནས་རྩེད་དགའ་ཅན་དང་ཆུང་འཐུང་རྒྱུར་དགའ་བ་ཞིག་ཡིན།

“ཁོས་ཅི་ཡང་དྲན་གྱིན་མི་འདུག་ཟེར། མཚམས་མཚམས་སུ་དྲན་གྱིན་ཡོད་པ་འདྲ་ཟེར། ཟུག་གཟེར་ལངས་ནས་གསོད་ཀྱིན་འདུག”ཟེར།

ན་ཟུག་གནོན་ཐབས་སུ་ཟུག་གཟེར་འཇོམ་པར་ནུས་ཤུགས་ཆེས་ཆེ་བའི་སྨན་ཁུ་དེ་རྒྱག་གིན་འདུག

རྒད་པོས“ཨ་ཡོ་དང་ཨ་ཚ་ཟེར། ང་ཅིག་སྐྱོབས་དང”ཟེར།

ཡང་རྒད་པོས“ཨ་ཡོ་དང་ཨ་ཚ་ཟེར། ང་ཅིག་སྐྱོབས་དང”ཟེར།

ངས་རྒད་པོའི་རུས་པར་ཐུག་པའི་ལུས་པོ་དེར་ཅེར་བཞིན། ཉི་མ་འགའི་སྔོན་གྱི་དཔའ་ཡ་མེད་ཨ་སྟག་སེང་དོམ་ཡིན་ཟེར་བཞིན་པའི་རྒད་པོ་དེ་དྲན་བྱུང་།

“ཁོར་ཅི་ཡང་བྱུང་མྱོང་མེད། ཐ་ན་དྲོས་འཁྱག་ཅིག་ཀྱང་མི་འབྱུང་ཟེར། མགོ་ན་བ་དེ་ངས་ད་དུང་ཁོའི་རྐང་པ་བཅག་པའི་དོན་དེ་ཡིན་རྒྱུ་རེད་བསམས་པ་ཡིན། མ་བསམས་ས་ནས……”

“བརྟག་དཔྱད་མཇུག་འབྲས་ཐོན་དུས་འཕྱིས་འདུག་ཟེར། ཟླ་བ་འགས་འཕྱིས་སོང”ཟེར།

“ལོ་གསར་སྐབས་སུ་ཁོས་མཚམས་མཚམས་སུ་མགོ་ན་གིན་འདུག”ཟེར།

“ཡིན་ཡང་རྒད་པོ་ན་བསྲན་ཆེ་བས་བསྲན་ནས་བསྡད་པ་རེད”ཟེར།

“འོ་ལེ། རྒད་པོ……”

རྒད་པོར་ཆུ་མགོ་ལོ་མ་ཞེས་པའི་སྡོང་ར་ཞིག་ཡོད། དེ་ཁོའི་སྲོག་ཡིན་ཟེར། དབྱར་ཁར་ཆུ་མགོ་ལོ་མ་ནས་བསྡད་དེ་ཆང་འཐུངས་ན་ཧ་ཅང་སྐྱིད་ཟེར། རྒད་པོ་རྒད་པོ་ཞིག་ཡིན་ལ་རྒད་པོ་ཞིག་ཀྱང་མ་ཡིན། རྒད་པོ་ལོ་དྲུག་ཅུ་ཡས་མས་ཙམ་ཡིན།

སྨན་ཁང་དུ་ཡོད་དུས། ཁོས“ད་ལོ་ཅི་ཞིག་ཡིན་ནམ། དབྱར་ཁ་གང་བོར་རྐང་པའི་ཆེད་དུ་སྨན་ཁང་དུ་བརྒྱུགས་བརྒྱུགས་ནས་ཡུལ་གྱི་དབྱར་ཁ་ཡང་མཐོང་མ་ཐུབ”ཟེར། རྒན་མོས་ཚིག་དེ་ཡང་དང་ཡང་དུ་བཤད་སོང་།

རྒད་པོར་ཆུ་མགོ་ལོ་མ་ཞེས་པའི་སྡོང་ར་ཞིག་ཡོད། སྡོང་ར་དེ་ཁོའི་སྲོག་ཡིན་ཟེར། སྔོན་དུས་རྒད་པོས་ཡང་དང་ཡང་དུ་དེ་ལྟར་བཤད་མྱོང་།

རྒན་མོས“ཁེ་སྔོན་ཞིག་ལ། ཁོས་མདང་དགོང་ངས་རྨི་ལམ་ཞིག་རྨིས་སོང་ཟེར། ཁྱོད་ཀྱིས་བོད་ལྭ་ཡག་པ་ཞིག་གྱོན་ནས་མི་ཚོགས་ཀྱི་གྲལ་ན་འགྲོ་གིན་འདུག་ཀྱང་། ངས་ཁྱོད་རྙེད་ཀིན་མི་འདུག”ཟེར། རྒན་མོས་ནངས་མོ་ཞིག་ལ་རྒད་པོས་མོར་བཤད་པའི་སྐད་ཆ་དེ་ཡང་དང་ཡང་དུ་བཤད་སོང་།

ནངས་མོ་དེར། ཆར་བ་ཟམ་ཟིམ་ཞིག་གི་ཁྲོད་ནས་རྒད་པོ་ལམ་ལ་བསྐྱེལ། རྒད་པོའི་ན་ཟླ་དང་སྡེ་མི་ཚང་མ་གདུང་མཐར་ཐོན་འདུག

“རྒད་པོ་ཁོ་ཆང་ལ་དགའ་མཁན་ཞིག་ཡིན”ཟེར།

“ན་ནིང་ལོ་གསར་སྐབས་ཀྱི་དགོང་མོ་ཞིག་ལ་ངེད་ཚང་དུ་ཡོང་ནས་ངེད་གཉིས་ཀྱིས་ཁ་བརྡ་བྱས་པ་ཡིན”ཟེར།

སྡེ་མི་རྣམས་ཕྱིར་ལོག་ཤུལ་དུ། གནམ་གཤིས་ཀྱང་ཅུང་འཁྱག་པོ་འདུག་པས། དེ་གའི་གཏུན་ཤིང་དག་མེ་རུ་བསྒོས། ཆར་བ་ད་དུང་ཟམ་ཟིམ་དུ་འབབ་ཀྱིན་འདུག

རྒད་པོའི་སྡེ་བའི་ཁ་གཏད་ཀྱི་སྤང་ཁུག་ཅིག་ནས། ཆུ་མགོ་ལོ་མ་ཟེར་བའི་སྡོང་ར་དེ་ངའི་མིག་ལམ་དུ་ཡང་ཡང་ཐོགས་ཤིང་། ཆར་ཟིམ་ཁྲོད་འཕྱུར་གྱིན་པའི་མེ་ལྕེ་དེར་ཡང་ཡང་འབུར་ཚུགས་སུ་ཅེར་ནས་བསྡད།

ང་།

པེ་ཅིན་སྔར་བཞིན་གྲང་ངར་ཤིན་ཏུ་ཆེ། 2018ལོའི་ཆེས་མཇུག་མཐའི་ཉིན་མོ་འདིར། ངས་སྔར་ཞིག་ནས་སེམས་ལ་བསྒོམས་ཡོད་པའི་དོན་ཕྲན་ཚེགས་འདི་རྣམས་ཡི་གེར་ཕབ་འདོད་ཅིག་སྐྱེས་པ་དང་མཉམ་དུ། 2018ཅེས་པའི་ལོ་འདིར་འཕྲད་པའི་མོ་དང་ཁོ། ད་དུང་ང་ལ་བྱམས་པོ་གནང་བའི་རྒད་པོ་དེ་དག་རང་དབང་མེད་པར་ཡིད་ལ་འཁོར་ཞིང་། ལས་དབང་ཞེས་པའི་སྒྱུ་མ་མཁན་དེས་གནང་བའི་མངར་ལ་སྐྱུར་བའི་ཚོར་བ་དག་གློ་སྙིང་གི་བར་ནས་ཡང་ཡང་ཤེད་ཀྱིས་འཚང་།

ལོ་འདིའི་ཆེས་མཐའ་མཇུག་གི་ཉིན་མོ་འདིར། ཚོད་ཚོད་དུ་སྒེའུ་ཁང་ནང་ནས“ཀི ཨ་བ་ཨ་མ”ཞེས་སྐད་ཅིག་ཀྱང་བརྒྱག་འདོད་སྐྱེས་སོང་། དེ་ལྟར་དྲན་པའི་མོད་ལ། ཁ་པར་ཞིག་སླེབས་སོང་ལ། ཨ་ནེའི་ཚ་མོ་རེད་འདུག ཚ་མོ་ད་ལོ་གཉེན་སྒྲིག་བྱས་པ་ཡིན། བྱིས་པའི་ཀླད་པར་སྐྱོན་ཞིག་འདུག་པས་པེ་ཅིན་དུ་སྨན་ཁང་ལ་ཡོང་དགོས་ཟེར།

2018ལོའི་ལོ་འདི། ཨ་བ་ཨ་མ།

2019ལོ་ནས་བཟུང་། ང་ལ་འབྲེལ་བ་བྱས་ཏེ་པེ་ཅིན་དུ་འོང་མཁན་དག་ཆང་གྲོགས་ཤིག་ཡིན་པར་སྨོན། དེ་མིན་ན་རྐུན་མ་ཁྲམ་པ་ཞིག་ཡིན་ཡང་ཆོག གང་ལྟར་འདང་རྒྱག་མེད་པའི་མི་ཞིག་ཡིན་ན་ཆོག་ཅེས། 2018ལོའི་ཉིན་མཐའ་མ་འདིར་རེ་སྨོན་དེ་ལྟར་ཞུས་པ་ཡིན།

2018ལོའི་ཟླ12པའི་ཚེས31ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།