ཨ་མའི་སེམས་ཁྲལ།

res01_attpic_brief.jpg

ངའི་ཕྱིར་དྲན་གྱི་ལྗོན་རྩེར་འཁྱུད་པའི་བྱམས་བརྩེའི་ཁུ་བྱུག་དེ་ཨ་མ་ཡིན་ལ། བཞོ་དབྱངས་དྲུག་འགྱུར་གྱི་སྙན་པ་འགུག་མཁས་དེ་ཡང་ཨ་མ་ཡིན། ཨ་མ་དེས་བུ་ཆུང་ཞེས་ནམ་རྒྱུན་འབོད་ལ། བུ་མོ་ཞེས་ཡང་ཡང་གཅེས་ཤིང་གླེང་གིན་འདུག

ནམ་མཁའི་མཐོངས་སུ་བསྲིངས་པའི་ས་འཛིན་གྱི་གཤོག་པ་དང་། གཡུ་འབྲུག་ཐང་ལ་ལྷུང་བའི་ཕ་ཡུལ་གྱི་མཛེས་སྡུག་དེ་དྲན་ཐེངས་རེར། ངའི་ཞེ་འདང་གི་སྣོད་དུ་འོ་མ་བཞིན་ལྟེམས་ཤིང་སྤྲི་དཀར་ལྟར་ཆགས་པ་ནི་ཨ་མས་ང་ལ་རྩྭ་ཐང་དང་སྦྲ་འདབས་ནས་བསླབས་པའི་འཚོ་བའི་གླུ་གཞས་དེ་ཡིན། གླུ་གཞས་དེ་ནི་འཚོ་བའི་ངོ་གདོང་ནས་བླངས་པའི་ཉམས་མྱོང་དང་སྐུལ་ལྕག་གི་འགྱུར་ཁུགས་རེ་རེ་ཡིན། རྒྱུད་སྐུད་རེ་རེ་ལ་སེམས་པ་འཁྱུད་དེ་དཀྲོལ་ན་དབྱངས་རྟ་སྙན་མོ་ཡོད། སྙན་མོ་སེམས་ནས་ཕུལ་ཞིང་ངག་ནས་བཞུར་བའི་མདུན་སྐྱོད་ཀྱི་གླུ་གཞས་ཤིག་ཡིན།

དབྱར་གྱི་ཞོགས་པར། ཤར་རིའི་ཉི་རྩེ་ས་ཆེན་རི་བོའི་ཕྲག་སྟེང་ལ་འཕྲོ་དུས། ནམ་རྒྱུན་བྱམས་བརྩེའི་འབྲི་རྡང་ནང་ན་བརྩོན་པའི་སླེ་བོ་འཁུར་བའི་ཨ་མ་ནི་སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་འཛད་མཐའ་མེད་པའི་ཉིན་རེའི་སྒོ་ཁྱིམ་གྱི་ལས་ཀར་སྔ་ས་ནས་འཇུག་འདོད་ཀྱིས་ཤིན་ཏུ་བྲེལ། ཨ་མའི་བྲེལ་འཚུབ་ཀྱི་ལོ་ཟླས་བསྐྱེད་པའི་རྗེས་ཤུལ་གྱི་རྐང་རྗེས་རེ་རེ་རུ་བསུབ་ཏུ་མེད་པའི་ཞབས་རྗེས་ཀྱི་རེ་ཁཱ་བཀད་ཡོད། སྟོད་ཀྱི་གཡང་དཀར་རི་ལ་བཀྲམ་པའི་ཡན་ཆད་ནས་སྨད་ཀྱི་ཐང་ཆེན་སྦྲ་ནག་ཕུབ་སའི་བར་ན། ཨ་མའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་ཕྲེང་འཐོར་སའི་རང་ཁྱིམ་དང་སྒོ་འདབས། ལྷས་རྡང་། སྨུག་ལོང་རྫ་ལ་འདྲེན་པའི་སང་ཞོགས་ཀྱི་གླུ་སྐད་དང་དགའ་སྐྱོ་ཡི་ཁྱིམ་གཞི་ཡོད། དཀར་གསུམ་གྱི་མཚོ་མོ་ཁྱིམ་ཕུགས་སུ་འདྲེན་མཁས་ཀྱི་ལག་པ་ཚི་དྲེགས་དགུ་ཆགས་དེ་ཡང་ཨ་མའི་ལག་པ་ཡིན། ལག་པས་བསྐྲུན་པའི་ངལ་རྩོལ་གྱི་ཉིང་བཅུད་ཡིན། དེའི་ཕྱིར་ཨ་མ་ནི་གཡང་གི་ཟོ་ཞབས་ཡིན། མེས་པོའི་སྦྲ་ནག་དང་དཔའ་བོའི་བློ་སྤོབས་ཀྱི་ངར་སྐད་ལ་ཡིད་ཆེས་ཀྱི་སྐྱོར་མ་བགྱིད་མཁན་དེ་ཡང་ཨ་མ་ཡིན། ཨ་མའི་སྤོབས་སེམས་ཡིན། ཨ་མའི་རྐང་པས་བཅགས་པའི་ཞབས་རྗེས་ཀྱི་གངས་རི་དེའི་ལྟོ་ན་ལྷད་མེད་ཀྱི་གངས་ཆུ་འབབ་ཀྱིན་ཡོད། ང་ཚོ་ནི་གངས་དཀར་གྱི་བདུད་རྩིས་བསྐྱེད་དེ་ཚེ་སྲོག་གི་འབྱུང་འགྱུར་གྲུབ། འདི་ལྟར་ང་ཚོའི་ནར་སོན་གྱི་ལོ་ཟླ་ག་ཚོད་ཅིག་ལ། ཨ་མའི་དཀའ་སྡུག་གི་སྐྲ་ལོ་རླུང་གིས་ཁུར་ཞིང་རྒས་ཉམས་ཀྱི་ལྷམ་མཐིལ་རྩྭ་ཐང་ནས་ཟད་དུས། ཕྱིར་འདང་གི་བང་རིམ་ནས་ནོགས་མི་ཐུབ་པའི་རི་མོའམ། ཡང་ན་བདག་སེམས་ལ་ན་ཟུག་བཟོད་མེད་ཅིག་སྐྱེས་ཡོང་བ་ནི། ཨ་མའི་ལང་ཚོ་འཁོར་བའི་འདམ་དུ་ཡལ་བའི་ཕང་སེམས་དང་ལ་མགོའི་ཉི་ནུབ་ལྟར་རྒས་ཉམས་ཀྱིས་ཁྱེར་བའི་འགྱོད་གདུང་གི་འཕར་སྒྲ་དེ་ཡིན། དེ་ལྟར་ཨ་མ་ནི་མཐོ་སྒང་གི་བཞོ་ཟེའུ་ཐོགས་པའི་མཛངས་མའི་ཡང་རྩེ་ཡིན་ལ། ཨ་མ་རྒས་ཀྱིས་མནར་བ་ནི་འབྲོག་གི་བཞོ་ཟེའུ་ལྷས་འདབས་ནས་ཆག་པ་དང་འདྲ་ལ་སྲོལ་རྒྱུན་གྱི་འོ་མ་ཐང་ལ་བཞུར་བ་དང་དབྱེར་མ་མཆིས།

ལོ་ཞིག་ལ་སྟོན་མཚེར་ཕ་རིའི་རི་ཆེན་དེའི་མདོར་སྤོར་སྐབས། ཨ་ཕ་གྲོང་ཁྱེར་གྱི་ཚོང་ལས་ལ་སོང་ནས་ལོ་རེར་ཕྱིར་ཡུལ་དུ་ཐེངས་གཉིས་ཙམ་ལས་མི་ཡོང་བས། ཡང་སྟོན་མཚེར་སྤོར་དུས་ཨ་མ་ཁོ་ན་ཡིན་པས་ཁྱིམ་མཚེས་གཞན་དག་སྔ་ས་ནས་སྤར་ཟིན། ངེད་ཚང་གཅིག་པུ་གཞུག་ལུས་གྱོལ་བོ་ཡིན་པས་ཉིན་གཉིས་གསུམ་ལ་ཅི་བྱ་འདི་བྱ་མེད་པར་སྔར་གྱི་དབྱར་མཚེར་ནས་ལུས། སྐབས་དེའི་ཕྱི་དྲོ་ཞིག་ལ་ཨ་མས་ནོར་ནག་ལྷས་སུ་བསྐྱིལ་ནས་མཛོད་དང་ཁལ་གཡག་དག་གི་སྣ་གཅུ་ཆག་ནས་གཅིག་ཀྱང་མེད་པ་དག་ལ་བསྐྱར་དུ་སྣ་གཅུ་འདྲེན་འདོད་ཀྱིས་ཞགས་ཐག་བཟུང་ནས་ལྷས་སུ་སོང་རུང་། དབྱར་ཁར་ནོར་ལ་ཤ་ཤེད་རྒྱས་ཤིང་ཡུན་རིང་ཞིག་ལ་གཡག་རྒན་ཚོའི་སྣ་རུར་ལག་པས་ཐུག་མཁན་མེད་པས་གཅིག་ཀྱང་མ་ཟིན། དེ་ནས་ཕྱིར་ཡོང་ནས་དགོང་ཇ་རོལ་བ་ལས་ཐབས་གཞན་མེད་པར་གྱུར། ཕྱི་ཉིན་གྱི་ཉིན་གུང་ལ་ཨ་ཕས་ནུབ་ལྭ་ནག་ཀྲིག་ཀྲིག་ཅིག་གོན་ནས་བུད་ཡོང་།ཁྱིམ་དུ་ཐོན་རྗེས་ཨ་མས་རི་སྤོར་སྐྱས་འགེལ་གྱི་གནས་ཚུལ་བཤད་པས། ཨ་ཕས་ད་ནས་ཕྱུགས་རིགས་བཙོངས་ནས་རྒྱ་གྲོང་དུ་གནས་སྤར་ན་སྐྱིད་རབས་དང་འབྲོག་ལས་བྱས་ན་སྡུག་རིག་དགོས་པས། ཆ་འཕྲིན་གྱི་ཕྱོགས་ནས་ཧ་ཅང་རྗེས་ལུས་ཡིན་པར་མ་ཟད། ཐ་ན་འུ་ཚང་གི་ལུང་པ་འདིའི་ནང་ནས་ཁ་པར་གྱི་བརྡ་རྟགས་ཀྱང་མི་འདུག་པས་གློ་བུར་དུ་གཞན་ལ་འབྲེལ་བ་ཞིག་ཀྱང་བྱེད་མི་ཐུབ། རྒྱ་གྲོང་ནས་ཚོང་ལས་ལ་གཞོལ་ན་རྗེས་ཕྱོགས་འགྲིག་ས་མང་། འཚོ་བ་བདེ་སྐྱིད་ངང་རོལ་ཐུབ་ཟེར། ཨ་མས་ཕ་ས་ཕ་ཡུལ་དང་རྟ་ནོར་ལུག་གསུམ་ལ་ཁ་འབྲལ་མ་འདོད་པས་དབང་མེད་དུ་ཡིད་སེམས་སྨྲེང་བར་གྱུར། ཡང་ཨ་ཕས་ད་ཐེངས་སྒོ་ཟོག་ཐམས་ཅད་བཙོང་རྒྱུ་ཡིན། སང་ཉིན་ཚེ་ཐར་ཁ་ཤས་ཡོད་པ་དེ་ཨ་ཁུ་བཀྲ་ཤིས་ཚང་ལ་བཅོལ་འཇོག་ཅེས་སྨྲས། ཨ་ཕས་ངོ་ཤེས་ཚོར་ཕྱུགས་ཟོག་གཞན་ལ་བཙོངས་ན་དགོས་མིན་འདྲི་རུ་བཅུག་པ་དང་རིན་ཅི་ཙམ་ལོན་ཐུབ་པར་སེམས་ཁྲལ་ཆེ།

ཨ་མ་ལྷས་རའི་རྡང་སྣེར་སོང་ནས་ཞོན་ཁལ་དང་འོ་ཞོ་འཐུང་བའི་གཡང་འབྲི་དྲིན་མོ་ཆེ་ཚོ་ཞེས་མིག་ཆུ་དབང་མེད་དུ་བཞུར་ལ། སྦྲ་སྒོའི་སྒོ་ཁྱི་རྒྱ་སྟག་གི་ལས་དབང་འདི་བསམ་ནས་སྨྲེང་བ་སྔར་ལས་སྐྱེས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།