ཀྲུང་གོ་བོད་ཀྱི་དྲ་བ།

སེ་ལིན་གྷིར་དང《གཏམ་རྒྱུད་དགུ》

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྡོང་བུ།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res04_attpic_brief (2).jpg

ཨ་མེ་རི་ཁའི་སྒྲུང་ཐུང་ལ་སྤྱིར་ན་གྲུབ་འབྲས་ཆེ། དམིགས་ཀྱིས་དེང་རབས་སྒྲུང་ཐུང་ལ་དེ་བས་གྲགས་སྐད་ལྡིར།

ན་བྷོ་ཁོབ་དང་། ཧྥོལ་ཁྀ་ནར། ཧེ་མིང་ཝེ། ཁར་ཝྀར་སོགས་དཔེ་མཚོན་དུ་འོས་པ་མང་མོད། འདིར་ནི་རྩོམ་མཁན་དེ་དག་དང་ཡང་སྐད་གྲགས་མཉམ་པ་ཞིག་ངོ་སྤྲོད་པར་བྱ། ཁོང་མི་ཡུལ་དུ་སྐུ་བཞུགས་རིང་སྒྲུང་རིང་གཅིག་དང་སྒྲུང་ཐུང་འབྲིང་གི་ཕྱོགས་བསྒྲིགས་དེབ་གསུམ་ཙམ་ལས་པར་དུ་བསྐྲུན་མེད་ནའང་། རྩོམ་པའི་གྲགས་པ་ནི་རླུང་གིས་ཁུར་བ་ལྟར་ཕྱོགས་བཞིར་ཁྱབ་ཡོད། ཁོང་ནི་གཞོན་ནུའི་ཁམས་དང་མོས་པ་དང་། ན་ཚོད་སྨིན་ལ་མ་སྨིན་པ་དག་གི་ཚོར་བ་དང་གོ་རྟོགས། ཤེས་པ་རྣལ་དུ་མི་གནས་པའམ་དབང་པོ་རྒྱུན་ལྡན་མ་ཡིན་པ་དག་གི་མཐོང་སྣང་དང་ལྟ་ཕྱོགས། རང་སྲོག་གཅོད་ལ་ཉེ་བ་དག་གི་རིག་ཚུལ་དང་སྐད་ཆ་འབྲི་བ་ལ་ཀུན་ཏུ་མཁས་པ་ཞིག་སྟེ། ཁོང་གི་མཚན་ལ་སེ་ལིན་གྷིར(J. D. Salinger, 1919-2010)ཞེས་བྱ། ཁོང་གི་གྲགས་པ་ཆེས་ཆེ་བའི་སྒྲུང་དེབ་ནི《གྲོ་ཞིང་ནང་གི་བྱ་ར་བ》(The Catcher in the Rye, 1951)ཞེས་བྱ་བ་ཡིན་ནའང་། འདིར་ནི་ཁོང་གི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ《གཏམ་རྒྱུད་དགུ》(Nine Stories, 1953)ཞེས་བྱ་བ་རང་རེའི་ཀློག་མཁན་དག་ལ་མཚམས་སྦྱོར་བར་བྱ།

ཁ་བྱང་དུ་མཐོང་ཐུབ་པ་བཞིན་དེབ་དེ་རུ་སྒྲུང་ཐུང་དགུ་བཏུས་ཡོད་པའི་ནང་། ཁོང་གི་སྒྲུང་ཐུང་གྲགས་ཅན《ཉ་ངང་ལག་འཛིན་པའི་ཉིན་མོ་དཔེ་མེད་ཅིག》(“A Perfect Day for Bananafish”)དང་།《ཨེ་སི་མེ་ལ་བྲིས་པ། — བརྩེ་བ་དང་བཙོག་གཏམ་ཉིས་འདྲེས་ཀྱིས》(“For Esmé—with Love and Squalor”)ཞེས་པ་གཉིས་ཀྱང་ཡོད། ཁོང་གི་སྒྲུང་ཐུང་དག་གིས་གཏམ་རྒྱུད་ཀྱི་བྱུང་རིམ་གྱ་གྱུ་སོགས་གཙོར་མི་འཛིན་པར། འཁྲབ་ཚན(scene)རེ་གཉིས་བཟོས་པ་ལ་བརྟེན་ཅིང་མི་སྣ་ཕན་ཚུན་བར་གྱི་སྐད་ཆ་དང་ཁ་བརྡ་ཡིས་སེམས་ཀྱི་འགྱུར་བ་སྣ་ཚོགས་པ་སྟོན་པ་ཞིག་ཡིན། མི་སྣའི་རིགས་ལས་ཀྱང་ན་སོ་གཞོན་པ་དག་དང་། དབང་པོ་རྒྱུན་ལྡན་མ་ཡིན་པ་དག བས་མཐར་གནས་པ་དག་གི་སྐད་ཆ་དང་ཁམས་མོས་པ་འབྲི་བར་མཁས།

《གཏམ་རྒྱུད་དགུ》ཡི་ནང་གི་མི་སྣ་དག་ཀྱང་གཡུལ་ལས་ལོག་མ་ཐག་པའམ། རང་སྲོག་གཅོད་ཁ་མ་སོགས་གནས་སྟངས་ཁྱད་པར་བ་རེ་ཡོད་པ་ཡིན་མོད། གཏམ་རྒྱུད་ཀྱི་བྱུང་རིམ་ནང་དོན་མཐའ་དག་ལྷག་མེད་གཅལ་དུ་བཀྲམ་པ་འདི་ནི་དེང་དུས་ཀྱི་བརྩམས་སྒྲུང་ཀློག་མཁན་དང་གློག་བརྙན་ལྟ་མཁན་དག་གི་གྲལ་དུ“ཉེས་མིང”ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་ན། འདིར་ཡང་གསལ་བཤད་འདི་ཙམ་གྱིས་འཐུས་པར་བྱ་སྟེ། 《གཏམ་རྒྱུད་དགུ》ནི་ཁ་མཚར་དང་བདེན་གཏམ་བསྲེས་མ། ཀུ་རེ་དང་གཟབ་བཤད་འདྲེས་མ། ཚིག་ཐུང་ལ་གནད་དུ་ཁེལ་བ། སྒྲུང་ཐུང་ལ་ཀློག་བདེ་བ་ཞིག་ཏུ་ཁོ་བོས་སེམས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།