ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་དྲན་ཀློང་གི་འདས་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཏིང་འཛིན་རྒྱལ།   སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ནི་གཡང་དཀར་ལུ་གུའི་འབའ་སྒྲར་ཉན་བཞིན་འདོ་རིགས་རྟ་ཕོའི་གོམ་ལག་བར་ནས་འཚར་ལོངས་བྱུང་བའི་རྩྭ་ཐང་གི་འབྲོག་ཕྲུག་ཅིག་མིན་ལ།ཞིང་ཐང་ཡངས་པའི་མཛེས་ཆོས་ཁྲོད་འབྲུ་དྲུག་སྙེ་མའི་མགོ་ལྕོག་དང་ཆུ་རྐའི་བར་གྱི་རྩེད་འཇོར་བསྡོངས་ནས་རིམ་བཞིན་གཉོམ་ལག་རྒྱས་ཤིང་ན་ཚོད་སྨིན་པའི་རོང་ཕྲུག་དཀྱུས་མ་ཤ་སྟག་ཅིག་ཡིན། ང་ཚོ་རོང་པ་རྣམས་ཀྱི་ཕྱོགས་ནས་བཤད་ན། ཞིང་ལས་ཀྱི་བྱ་བ་གཉེར་རྒྱུ་ནི་སོ་ནམ་པའི་ལས་ཀ་གཙོ་བོ་དེ་ཡིན་ཞིང་། ཞོར་དུ་སྒོའི་ཕྱི་རོལ་ཏུ་ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བའི་ཁ་གསབ་ཀྱི་མ་དངུལ་འཚོལ་རྒྱུ་དེའང་ཐོན་སྐྱེད་ཀྱི་ཡོང་སྒོ་གཙོ་བོའི་གྲས་སུ་གཏོགས།

ངེད་ཚང་ལ་མཚོན་ནའང་དེ་དག་ལས་མ་འདས་ཏེ། དེ་ཡང་ལས་སླ་བ་ཞིག་ག་ནས་ཡིན། ལས་ན་ཚར་རྒྱུ་མེད་ལ་བསམས་ན་རྫོགས་རྒྱུ་མེད་པའི་ལོ་གཅིག་གི་ཞིང་ལས་ཀྱི་བྱ་བ་ཙག་ཙིག་དེ་ཡོངས་སུ་མཇུག་རྫོགས་དུས་དུས་ཚོད་ནི་ཐག་པས་འདྲུད་པ་བཞིན་སྟོན་མཇུག་ཏུ་སླེབས་ཡོད། དུས་དེར་ཨ་ཕའི་བཀའ་བཀོད་བཞིན་ཕུ་བོས་ངལ་གསོ་ཁོམ་ལོང་མེད་པར་དཀའ་བ་གདོང་གིས་བསུས་ཏེ་ཁྱིམ་མིའི་སླད་དུ་གསར་དུ་ཉོས་པའི་རྐང་གསུམ་འཁོར་ལོ་དེ་བསྐོར་ནས་མྱུར་དུ་ཞོར་ལས་ལ་འགྲོ་དགོས། ཡང་གཅིག་བཤད་ན། རྐང་གསུམ་འཁོར་ལོ་དེ་ནི་ངེད་ཚང་གི་ཡོང་སྒོ་འཚོལ་བྱེད་ཀྱི་ལག་ཆ་གཅིག་པུ་དེ་ཡིན་ལ། བཟའ་མི་ཡོངས་དེ་ལ་རྩིས་འདང་ཆེ་ཞིང་། ཁྱིམ་ནོར་ཞིག་ཏུའང་སྒོམ་བཞིན་ཡོད་པའི་ཁར་ལྷག་པར་དུ་ཕུ་བོ་ལགས་དེ་ལ་དུངས་པ་བླ་ལྷག་ཏུ་ཆེ། དེ་ནི་རྐང་གསུམ་འཁོར་ལོས་ལོ་མང་རིང་ཁོ་དང་ལས་ཀ་ཅི་ཡོད་དཔུང་བ་མཉམ་གཤིབ་ཀྱིས་ཁུར་ཡོང་བ་དང་། ཁོས་མཚན་ལམ་རིང་མོར་རྨི་ལམ་རྨིས་ཤིང་ཡུན་རིང་པོར་དཀའ་ལས་བརྒྱབ་སྟེ་འབད་པས་བསགས་པའི་རྒྱུ་ནོར་གྱིས་ཉོས་པས་ཀྱང་ཡིན་ཞེས་བཤད་ཆོག དྲང་མོར་བཤད་ན་སྐབས་དེར་རྐང་གསུམ་འཁོར་ལོ་དེ་ལྟ་བུ་ནི་ང་ཚོའི་ཡུལ་དུ་མང་པོ་ཞིག་མེད་པར་མ་ཟད། རང་སྡེ་བའི་ནང་དུའང་ཐོག་མ་ཡིན། རྐང་གསུམ་འཁོར་ལོ་ཉོས་ཡོང་བའི་ཉིན་དེར། ངེད་ཚང་གི་བཟའ་མི་ཡོངས་སྡེ་འདབས་ཀྱི་གཞུང་ལམ་སྟེང་ཕུ་བོའི་མདུན་བསུ་རུ་སོང་ཞིང་། གྱ་གྱུའི་འགྲོས་ཀྱིས་ཁེངས་པའི་གཞུང་ལམ་རིང་མོ་དེ་ནི་གཡུ་འབྲུག་ཟོལ་མ་ཞིག་ང་རྒྱལ་གྱིས་མ་བཟོད་པར་ས་ལ་བབས་པ་དང་འདྲ་བར་རྒྱང་ནས་རྒྱང་རིང་དུ་འཐེན་ཡོད་ལ། སོལ་སྙིགས་བཏིང་བའི་ལམ་ཕྲན་དེའི་གཡས་གཡོན་ན་བསྟར་ཕྲེང་བསྒྲིགས་ཤིང་ཡལ་ག་སྟུག་པོར་རྒྱས་པའི་རྒྱ་ལྕང་གི་སྡོང་པོ་དག་ནི་ཧྲག་དམག་ཅིག་དང་འདྲ་བར་ངེད་ཅག་ལ་དགའ་བ་འབུམ་གྱིས་བསུ་མ་བྱེད་པ་དང་མཚུངས། མགོ་ཐོག་ན་སྤྲིན་མགོ་མཐེ་བོང་ཙམ་ཡང་མེད་པས་ནམ་མཁའ་སྒོར་མོ་ཤིན་ཏུ་གསལ་ཞིང་།རྟ་བདུན་དབང་པོ་ནི་མཐོན་མཐིང་གི་མཁའ་དབྱིངས་སུ་ཚ་ཟེར་འབུམ་གྱིས་བཏེགས་པའི་མེའི་གོང་བུ་ཞིག་དང་འདྲ་བར་ཚ་ལམ་ལམ་བྱེད། ཡིན་ནའང་ངེད་ཚང་གི་བཟའ་མི་ཡོངས་ཀྱིས་ཚ་གདུང་ལ་ཅི་མི་སྙམ་པར་རེ་སྒུག་གི་མིག་ཟུང་ཡོད་ཚད་རེ་ཞིག་ལ་གྱ་གྱུའི་འགྲོས་ཀྱིས་རྒྱུ་བའི་རྒྱང་རིང་གི་ལམ་ཕྲན་དེར་ཅེར་ནས་བསྡད། དེ་ནས་ཅུང་མ་འགོར་བར་རྒྱང་རིང་གི་ལམ་སྣེ་ནས་གསལ་ལ་མི་གསལ་བའི་དུང་བརྡ་ཞིག་རྣ་ལམ་དུ་གསལ་ལྷང་ངེར་གྲགས་བྱུང་ལ། དེར་མཐུད་ནས་གསར་དུ་ཉོས་པའི་རྐང་གསུམ་འཁོར་ལོ་དེ་ཕུ་བོས་བསྐོར་ནས་མགྱོགས་པོར་ང་ཚོའི་མིག་མདུན་དུ་སླེབས་བྱུང་། ང་ཚོ་དེའི་གམ་དུ་བཅར་བ་ན་ངའི་སེམས་ལ་དགའ་སྤྲོ་ཚད་མེད་ཅིག་སྐྱེས་པ་དང་། ཨ་ཕས་མྱུར་དུ་རུམ་ནས་ཁ་བའི་རང་མདངས་ལྟ་བུའི་དྲི་མེད་དར་དཀར་གྱི་ཁ་བཏགས་ཡུག་གཅིག་བླངས་ཏེ་རྐང་གསུམ་འཁོར་ལོའི་ཐོག་ཏུ་བསྒྲོན་ཅིང་།ངས་ཁྲ་ཆུང་མིག་གི་ཟུར་མདའ་ཕྲ་མོའི་སྒོ་ནས་རྐང་གསུམ་འཁོར་ལོའི་ཐོག་ཏུ་ཞིབ་ཏུ་བལྟས་པ་ན། དེ་ནི་གླང་མགོ་རྟགས་ཅན་གྱི་རླངས་འཁོར་ལྟར་ཆེ་ཞིང་མཐོ་ལ་བརྗིད་ཉམས་ཅན་ཞིག་མིན་ནའང་ཆེ་ཆུང་འབྲིང་ཙམ་ཡིན་པའི་འཁོར་ལོའི་རིགས་ཤིག་ཡིན་ལ། གཙོ་བོ་ཁ་དོག་སྔོན་པོས་རྒྱུ་བྱས་ཏེ་གྲུབ་ཡོད་ཅིང་། ཟུར་བཞིར་ཁ་དོག་དཀར་པོས་མཐའ་རྒྱན་སྤྲས་ཡོད་པས་མིག་ལམ་ལ་ཤིན་ཏུ་མཛེས་པོ་ཞིག་ཏུ་སྣང་། ཉིན་དེར་ཕུ་བོས་ལྭ་བ་སྐྱ་མདོག་ཅིག་མནབས་ཡོད་པ་དང་། ཕར་ལ་བལྟས་ཚོད་ཀྱིས་ཡང་དང་ཡང་དུ་བཀྲུས་ཏེ་ཟད་ནས་རྙིང་ཧྲུལ་དུ་གྱུར་ཡོད་པ་ཤེས་ཐུབ། ཤར་ཤུར་དུ་བབས་པའི་གདོང་གི་གཉེར་མའི་ཁྲོད་ན་ལོ་ཟླའི་རླུང་འཚུབ་ཀྱི་འགྱུར་བག་ཇི་ལྟར་རྒོད་ནའང་དཀའ་སྡུག་གི་བྱ་བ་མང་པོ་ཞིག་འགན་དུ་གཙང་བཞེས་གནང་ཡོད་པ་དེ་ཁྱོན་ནས་རྟོགས་ཐུབ། འོན་ཀྱང་དེ་དག་གིས་ཁོང་གི་འཛེམ་དོགས་ཀྱི་བ་སྤུ་ཉག་ཙམ་ཡང་སྒུལ་ཐུབ་ཀྱིན་མེད་པར། ད་དུང་ཁོང་གི་ངོ་གདོང་ལ་ལྷད་མེད་དྭངས་གཙང་གི་འཛུམ་མདངས་ཤིག་གིས་ཀུན་ནས་ཁེངས་ཡོད། ཉིན་དེའི་དགོང་མོའང་ང་དང་ཕུ་བོ་གཉིས་མཉམ་དུ་རྐང་གསུམ་འཁོར་ལོ་དེའི་ནང་དུ་ཉལ་ནས་བསྡད་པ་ཡིན། འཇིག་རྟེན་ཁ་དཔེར“སེམས་དྲོ་ན་ལུས་བདེ”ཟེར་བ་ཅིས་མ་བདེན། མཚན་གུང་གི་བུ་ཡུག་དེ་འདྲས་རྩུབ་ན་ཡང་ལུས་ལ་འཁྱགས་པའི་སྣང་བ་ཏོག་ཙམ་ཡང་མ་ཤར་ལ་མཚན་དེར་གཞན་དང་མི་འདྲ་བར་གཉིད་བྲོ་ཞིང་དར་ཅིག་ལ་ནམ་ལངས་པ་ལྟ་བུའི་ཚོར་བ་ཤུགས་དྲག་བྱུང་། ལོ་རེར་ཕུ་བོས་སྟོན་སྡུད་གཡུལ་གཅོག་གི་བྱ་བ་ཐམས་ཅད་ཚགས་དམ་པོས་མཇུག་བསྡུས་ཏེ་བྱ་འཕུར་བ་བཞིན་རྐང་གསུམ་འཁོར་ལོ་དེ་བསྐོར་ནས་ཁྱིམ་གྱི་སྒོ་ཁ་ནས་འགྲོ་ཐེངས་རེ་རེར་ངའི་སེམས་ལ་དགའ་བ་གྲངས་མེད་ཅིག་སྐྱེས་པ་དང་ལྷན་དུ་བཅོས་མིན་གྱི་སྐྲག་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་། དེ་ནི་ཕུ་བོས་ཁྱིམ་ཚང་གང་པོའི་དོན་དུ་བསམ་པ་ཡིན་ནའང་ཐང་མོད། རང་སྟེང་ལ་དཔེ་བཞག་ན་ནར་སོན་གྱི་གོ་རིམ་ལས་འབུས་ཤིང་ཡིད་ཀྱི་སྣང་ངོར་འཁྲུངས་པའི་བདེ་འཇགས་ཀྱི་འདུ་ཤེས་ཤིག་རྒྱུད་ལ་བསྐྱེད་པ་ཡིན་ནམ་སྙམ། དུས་རྒྱུན་ཡིན་ན་རང་ཡུལ་དང་ཐག་མི་རིང་བའི་སྤྱི་ལེ་བཅོ་ལྔ་ཡོད་པའི་རྫོང་ཐོག་གི་ས་ནས་ཞོར་ལས་རྒྱག་རྒྱུ་རེག་འགྲོ་ལ། ཡང་མཚམས་རེར་སྟབས་མ་འགྲིག་ཚེ་རང་ཡུལ་དང་ཁ་ཐག་ཅུང་རིང་བའི་ཡུལ་ལ་སོང་སྟེ་ཟླ་བ་གཉིས་གསུམ་ཙམ་གྱི་རྗེས་ནས་ད་གཟོད་ཡུལ་ལ་ཐེངས་གཅིག་ལོག་ཐུབ། ལོ་དེར་ཕུ་བོ་སྔར་ལོ་བཞིན་གླ་རྒྱག་ཏུ་བུད་སོང་ལ། ང་ལ་ཡང་སློབ་ཆུང་ལོ་རིམ་ཆ་ཚང་གི་སྦྱང་བྱའི་རིམ་པ་ཡོངས་སུ་རྫོགས་ནས་དམའ་འབྲིང་གི་སྒོ་གླེགས་འགྲིམས་པའི་བསོད་ནམས་ཀྱི་སྐལ་བ་ཐོག་མ་ཐོབ།

གྲང་རླུང་འུར་འུར་དུ་ལྡང་བའི་ཉིན་ཞིག་ལ། ང་རང་ཆབ་གསང་ལ་སོང་སྟེ་ཕྱིར་སློབ་གྲྭའི་ར་བ་ནས་སློབ་ཁང་གི་ཕྱོགས་སུ་སྐྱོད་དུས། ང་ཚོའི་འཛིན་བདག་དགེ་རྒན་གྱིས་གཞུང་ལས་ཁང་གི་སྒེའུ་ཁུང་ལས་ང་རང་བོས་བྱུང་ལ།ངས་གོམ་པའི་འདེགས་འཇོག་ཤུགས་ཀྱིས་བསྒྱུར་ཏེ་མྱུར་དུ་ཕར་སོང་བ་ན། བཤད་རྒྱུར“ད་ནངས་ཁྱེད་ཚང་གི་ཁྱིམ་མིས་ཁ་པར་ཡོང་སྟེ་ཁྱེད་རང་མགྱོགས་པོར་ཁྱིམ་ལ་ཤོག་ཟེར”ཞེས་བཤད་བྱུང་། དེ་ནས་ངས་སྐད་མགོ་ཅུང་དམའ་མོས“ངེད་ཚང་གི་ཁྱིམ་ལ་དོན་ཅི་ཞིག་བྱུང་སོང་བ་རེད”ཅེས་ཡང་བསྐྱར་གཏིང་འདྲི་ཞིག་བྱས་པ་ན་ཁོང་གིས“ཁྱེད་ཚང་གི་ཕུ་བོ་སྨན་ཁང་དུ་བསྡད་ཡོད་འདུག་ཟེར་བ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་ངས་ཀྱང་ཤེས་མ་བྱུང”ཞེས་གསུངས་བྱུང་བས། ངའི་སེམས་ནས་གློ་བུར་དུ་རང་དབང་མེད་པར་ཕ་ཡུལ་དྲན་བྱུང་བའི་མོད་ལ་ཕུ་བོའི་གདོང་གི་རྣམ་པ་དང་རྐང་གསུམ་འཁོར་ལོ་གཉིས་འཁོར་བྱུང་ལ། སྐད་ཅིག་ཙམ་གྱི་རིང་རྒན་ལགས་ཀྱི་ཚིག་དེ་གཉིས་ཀྱིས་ངའི་ལུས་ཡོངས་ཀྱི་ཤ་གསེང་རུས་གསེང་སྦྲིད་པར་བྱས་ཤིང་།དེར་མཐུད་ནས་ལུས་ཡོངས་ལ་ཙག་ཤེད་ཅིག་བརྒྱུགས་པ་ནང་བཞིན་ཚ་ལམ་མེར་བཏང་བྱུང་། ངས་མིག་ཀོང་མཆི་མ་འཁྱིལ་བཞིན་ལམ་སེང་གོམ་པའི་འདེགས་འཇོག་ཤུགས་ཀྱིས་སློབ་གྲྭའི་སྒོ་ཁའི་ཕྱོགས་སུ་བསྒྱུར་ཙ་ན། རྐང་བ་གཡོན་པ་དེ་ས་ལ་འདྲུད་པ་བཞིན་ལུས་ཡོངས་ལ་ཤུགས་མེད་པར་གྱུར་ཏེ་མུ་མཐུད་དུ་འགྲོ་མ་ཐུབ་པར་ཁ་མལ་ནས་ཨེན་ཙམ་ལ་བསྡད་དེ་ངལ་གསོ་དགོས་པ་བྱུང་། བྱུང་ཡིན་ན་ཐོག་མར་ཉལ་ཁང་དུ་སོང་ནས་ཅ་ལག་བསྡུ་གསོག་རྒྱག་དགོས་མོད། འོན་ཀྱང་ངའི་བློ་ངོར་དེ་ལྟ་བུའི་འཆར་གཞི་ཞིག་དྲན་རྒྱུ་ཡེ་ནས་མ་བྱུང་། ང་རང་ཙོག་པུར་སྡོད་པའི་སྐབས་སུ་སློབ་མ་རེ་གཉིས་ཀྱིས་སློབ་ཁང་གི་སྒེའུ་ཁུང་ལས་ངའི་ཚུགས་ཀར་བལྟས་ཏེ་དགོད་བཞིན་མཆིས། ཞོར་ནས་སློབ་མ་མང་པོ་ཞིག་གཅིག་འཕྲོར་གཅིག་མཐུད་དེ་སློབ་ཁང་གི་སྒོ་ཁར་བརྒྱུགས་འོངས་ཏེ་བྱ་གག་པ་བཞིན་སྐེ་བསྲིངས་ནས་ཚུར་བལྟས་བྱུང་བས།ངས་ཀྱང་མ་མགལ་སོ་ཡིས་བཏབ་སྟེ་ཤུགས་ཡོད་ཚད་ཀྱིས་ཡར་ལངས་ནས་གོམ་པ་འཁྱར་འཁྱོར་ངང་སློབ་གྲྭའི་སྒོ་ཁའི་ཕྱོགས་སུ་ག་ལེར་སོང་བ་ཡིན། སྤྱིར་སློབ་གྲྭའི་སྒོ་ཁའི་ལམ་དེ་ནི་ཨར་འདམ་གསར་པ་བླུགས་པའི་ལམ་བདེ་མོ་ཞིག་ཡིན་ཡང་། ཉིན་དེར་ང་ལ་དེ་ལྟ་བུའི་འཆར་སྣང་ཞིག་གཞི་ནས་སྐྱེས་མ་བྱུང་བ་དང་། དེ་ལས་ལྡོག་སྟེ་རྡོ་ཧྲུག་གིས་ཁེངས་པ་དང་བགྲོད་དཀའ་ཞིང་ཐོན་རྒྱུ་མེད་པའི་ཚོར་བ་ཞིག་གིས་ཀུན་ནས་བརྟས་སོང་།ཕ་ཡུལ་གྱི་གཞུང་ལམ་དེའང་སྔོན་གྱི་སྣུམ་ཤིག་ཤིག་གི་བཀྲག་མདངས་ལྡན་པ་དེ་དང་རྩ་བ་ནས་མི་འདྲ་བར་སྐྱ་ཐིང་ངེར་གནས་ཡོད་ལ། རྒྱུན་པར་གཡས་གཡོན་ན་ཚང་ཚིང་གིས་སྐྱེས་པའི་རྒྱ་ལྕང་གི་གྲིབ་བསིལ་སྡོང་པོ་དག་ཀྱང་མཛེས་སྡུག་གི་སྒེག་ཉམས་ཡལ་ཏེ་ལོ་འདབ་ཟད་ནས་སྒྲེན་མོ་ལྟར་གྱུར་ཅིང་། ལྷགས་རླུང་གིས་བདས་པའི་གར་འགྲོ་རང་དབང་ཤོར་བའི་ལོ་མ་ཁ་ཤས་ཙམ་ལས་མཐོང་ལམ་དུ་ཅི་ཡང་ལྷག་མི་འདུག སྐབས་སྐབས་སུ་གྲང་རླུང་གི་རྒྱུ་བ་རྩུབ་མོས་རླུང་བུའི་ཤུ་སྒྲ་རྣ་ལ་གཟན་པ་ཞིག་ཕྱོགས་བཞི་ནས་ཁྱེར་ཡོང་དུས་དེ་ནི་མྱ་ངན་གྱི་འོ་དོད་དྲག་པོ་ཞིག་དང་འདྲ་བར་མཚམས་མི་ཆད་ལ་དེ་དང་སྦྲགས་ནས་བཅོས་མིན་དུ་ཤ་ཁྲག་རུས་རྐང་ལ་གྲིས་བསྣུན་པ་ལྟར་སྐྱོ་སྣང་གི་ཟུག་གཟེར་ཞིག་ཀྱང་རང་ཤུགས་ཀྱིས་ཐིམ་འོངས། ང་རང་ཁྱིམ་གྱི་སྒོ་ཁར་སླེབས་དུས་ཕལ་ཆེར་དགོང་ཁའི་ས་སྲོད་ཀྱི་མཚམས་ལ་སླེབས་འདུག་ཅིང་། སྒོའང་སྔ་མོ་ནས་གཏན་ཟིན་ལ། ནམ་རྒྱུན་སྒོ་ཁ་ནས་སྐད་ཆེན་པོས་བོས་མ་ཐག་ཕ་མ་གཉིས་ཀྱིས་ཨ་ལན་སྟེར་ཞོར་མཉམ་དུ་བསུ་མ་བྱེད་དུ་སླེབས་ཡོང་།ཏག་ཏག་དགོང་མོ་དེར་ཨ་མ་གཅིག་པུ་ལས་སླེབ་མ་བྱུང་བའི་ཁར་མོའི་གདོང་ན་སྔོན་དང་འདྲ་བའི་འཛུམ་མདངས་མེད་ཅིང་སྐད་མགོའང་དམའ་དྲག་པས་ངའི་སེམས་ལ་འདྲ་མིན་གྱི་དོགས་པ་སྣ་ཚོགས་རིམ་ཅན་དུ་སྐྱེས་ཤིང་། མྱུར་དུ་གོ་ཁར་སོང་བ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་ཁྱིམ་ན་མོ་རང་ཁོ་ན་ལས་མེད་ལ། མོས་འཕྲལ་དུ་ང་ལ་ཇ་བླུགས་རྗེས། སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པས་ངས་ཀྱང་དོན་དེ་ཇི་ལྟར་འདྲི་དགོས་མ་ཤེས་པར་ཡུན་རིང་ཞིག་ཏུ་ཁ་རོག་གེར་བསྡད་པ་ཡིན། དེ་ནས་ཅུང་ཙམ་འགོར་རྗེས། ཨ་མས་ངུ་སྔགས་དང་བཅས་དོན་དག་གི་མགོ་རྔ་ཚང་མ་ང་ལ་ཞིབ་པར་བཤད་ཅིང་། ཨ་ཕ་དང་ནུ་མོ་གཉིས་ཁུལ་སྨན་ཁང་དུ་ཕུ་བོར་ལྟ་རུ་སོང་ཚུལ་དང་། ཕུ་བོས་བསྐོར་བའི་རྐང་གསུམ་འཁོར་ལོ་དེ་རྟ་འགྱིང་རི་བོའི་སྐེད་ནས་གློ་བུར་དུ་འཁོར་སྒག་གི་ནུས་པ་ཤོར་ཏེ་མདུན་ངོས་ཀྱི་གྲོག་རོང་ནང་ལྷུང་ཚུལ།ཡིན་ཡང་སྟབས་ལེགས་པ་ཞིག་ལ་ཕུ་བོ་ལྡིང་ཐུབ་པ་བྱུང་སྟེ་ལག་གཡོན་པར་ཆག་སྐྱོན་བཟོས་པ་ཙམ་ལས་ཚེ་སྲོག་ལ་སྐྱོན་མེད་ཚུལ་སོགས་དོན་གྱི་བརྒྱུད་རིམ་རྣམས་ལབ་བྱུང་བས། ངའི་སེམས་ཀྱི་འཚུབ་ཆ་དེ་རེ་ཞིག་བདེ་ལ་འབབ་ཐུབ་པ་བྱུང་ཞིང་། ཐབ་ཁུང་གི་མེ་དྲོད་དེས་ངའི་ལུས་ཡོངས་ཀྱི་རྩ་ལམ་སོ་སོར་ཁྱབ་པའི་གྲང་ངར་གྱི་ན་ཟུག་དེ་སྐད་ཅིག་ཉིད་ལ་འཇོམས་པར་བྱས། ཨ་མས་བླུགས་པའི་དྲོད་ཇ་མངར་མོ་དེ་གཞན་དང་མི་འདྲ་བར་ཞིམ་མངར་གྱི་ནུས་པ་ཆེན་པོ་ཞིག་ལྡན་པའང་ཤེས་སོང་། སྤྱིར་ཡིན་ན་དལ་འབྱོར་གྱི་མི་ལུས་རིན་ཆེན་རྙེད་དཀའ་བ་ཞིག་ཡིན་ལ། ཚེ་སྲོག་ལ་གནོད་པ་ཆེར་མེད་ན་རྐང་གསུམ་འཁོར་ལོར་ཆག་སྒོ་ཅི་བྱུང་བར་མི་སྐྱོན་མོད། ཡིན་ནའང་དེས་ངེད་ཚང་ལ་བཞག་པའི་བཀའ་དྲིན་ནི་ཇི་སྲིད་བར་དུ་རྫོགས་མཐའ་མེད་ཅིང་། དེའི་ཡོང་སྒོ་ལས་ངས་ད་གཟོད་ཀ་ཁའི་ཡིག་ངོ་ཤེས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་སྐལ་བ་བཟང་པོ་བྱུང་། འདི་དག་ཡོད་ཚད་དེ་ལས་བྱུང་ཞིང་དེ་ལས་རྙེད་པའི་ནོམ་པ་ཡིན།དུས་ད་ལྟ་ང་རང་གཞི་རིམ་གྱི་སློབ་ཁུལ་ཞིག་ན་རང་གི་ཕ་མེས་ཀྱིས་ཤུལ་དུ་བཞག་པའི་ཁྱིམ་རྒྱུད་ཀྱི་རིན་ནོར་ཏེ་བོད་ཡིག་གི་ལས་གནས་ཤིག་བཟུང་སྟེ་བསྡད་ཡོད་ལ། འདས་དོན་དེ་བྱུང་དུ་ཕལ་ཆེར་མི་ལོ་བཅུ་གསུམ་འགོར་ཟིན་ནའང་། ངས་ད་བར་དུ་ངེད་ཚང་དུ་དངོས་སུ་བྱུང་བའི་རྐང་གསུམ་འཁོར་ལོས་བསླངས་པའི་ཆག་སྒོ་དེ་བརྗེད་མེད་ལ་ཕྱིས་སུ་ཡང་བརྗེད་ག་ལ་སྲིད། མཚམས་རེར་གཞུང་ལས་ཁང་གི་སྒེའུ་ཁུང་ལས་ཕ་གིའི་སྲང་མདོར་རྒྱུ་བའི་རྐང་གསུམ་འཁོར་ལོའི་རིགས་འགྲོ་བ་མཐོང་བ་དང་དེ་དག་གིས་དུང་བརྡ་བར་མེད་དུ་སྒྲོག་པ་ཐོས་ཚེ་ངས་ངེས་པར་དུ་མགོ་བོ་ཕར་བསྲིངས་ནས་ཐེངས་གཅིག་བལྟ་དགོས་ལ། དེ་ནི་གོམས་ལོབས་ཤིག་གིས་ཁྱེར་བ་ཡིན་ནམ། ཡང་ན་རྐང་གསུམ་འཁོར་ལོ་དེས་ངེད་ཚང་ལ་བཞག་པའི་བག་ཆགས་ཟབ་དྲགས་པ་གང་ཡིན་ཆ་མ་འཚལ་མོད།དུས་ད་ལྟའང་དེ་བཞིན་ཡིན།ཕྱིར་དྲན་གྱི་གཞུ་མོ་ཤུགས་ཀྱིས་བརྡུངས་ཏེ། འདས་སོང་གི་ཀློང་ནས་བསམ་གཞིག་གི་ཤོག་བྱ་རྒྱང་རིང་ལ་སྤུར་ཐེངས་རེར་སྔར་བྱུང་གི་དོན་དག་དེས་ངའི་བློ་ངོར་དགའ་སྐྱོ་འདྲེས་མའི་ཟློས་གར་གང་མང་འཁྲབ་ཅིང་། དེ་ནི་ངའི་རིང་ལ་ཐུང་བའི་མི་ཚེ་འདིའི་ཆེས་དྲན་སླ་ལ་བརྗེད་དཀའ་བའི་གཏམ་རྒྱུད་རིན་ཐང་ཅན་ཞིག་ཏུ་ནམ་ཡང་སྒོམ་བཞིན་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།