ཀྲུང་གོ་བོད་ཀྱི་དྲ་བ།

ཟྭ་བརྒྱབ་མེད་པའི་སྒོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལའོ་པོ་ཐི་སི་ཐེན་ཏི་ལེས་བརྩམས།བསོད་ནམས་བཀྲ་ཤིས་ཀྱིས་བསྒྱུར།

སའོ་ཀི་ལེན་ལྷོ་ཕྱོགས་ཀྱི་ཀི་ལ་སི་ཀི་ཟེར་བའི་གྲོང་ཁྱེར་ཞིག་ཏུ་ལོ་ན་བཅུའི་ཡས་མས་ལ་སོན་པའི་བུ་མོ་ཞིག་ཡོད།མོ་ནི་ཕ་མའི་ཁ་ཏ་དང་བཀག་སྡོམ་ལ་ཧ་ཅང་སྡང་སེམས་སྐྱེས་ཤིང་།ཁྱིམ་ཚང་གི་ཆོས་ལུགས་ཀྱི་ཆོ་ག་ལའང་དད་མོས་མི་བྱེད་པར།མོས་རང་གི་ཕ་མར“ང་ལ་ལྷ་ཆོས་ཞེས་པ་དེ་མི་དགོས།ང་ཁྱེད་ཚོར་སུན་སྣང་སྐྱེས་འོངས།ངས་ཁེར་རྐྱང་གི་འཚོ་བ་རོལ་རྒྱུ་ཡིན”ཞེས་ཟེར་ནས་ཁ་རོག་གེར་ཕྱིར་བྲོས་སོང་།

མོས་རང་ཉིད་སྒེར་ཚུགས་ཅན་ཞིག་དང་།མི་གཞན་གྱི་དོ་དམ་བྱེད་མི་དགོས་པའི་བུད་མིད་ཅིག་བྱེད་རྒྱུའི་སེམས་ཐག་བཅད་མོད།འོན་ཀྱང་དུས་ཡུན་རིང་བོ་མ་འགོར་བར་རང་ཉིད་ཕམ་སོང་བ་ཤེས།མོར་ཁྱད་པར་ཅན་གྱི་འཇོན་ཐང་ཅི་ཡང་མིད་པས་ལས་ཀ་མ་རེག སྤྱིར་བཤད་ན་མོ་ཁྱིམ་ལ་ལོག་ནས་ཕ་མར་སྐྱོན་ངོས་ལེན་ཞིག་བྱས་པས་ཆོག་མོད།འོན་ཀྱང་མོ་ནི་ཨུ་ཚུགས་ཆེ་བའི་མི་ཞིག་ཡིན་ལ།ཤི་ཡང་ཕ་མར་མགོ་སྒུར་མི་འདོད་པས།ཅི་བྱ་གཏོལ་མིད་དུ་གྱུར་པའི་མོ་ཁེར་རྐྱང་གི་གྲོང་ཁྱེར་དུ་ལུས་ནས་མི་ངན་པ་ཞིག་ཏུ་གྱུར།

དུས་ཚོད་ནི་སྐད་ཅིག་ཉིད་ལ་འདས་ཤིང་།བགྲང་བྱ་བཅུ་འགོར་སོང་།མོའི་ཨ་ཕ་སེམས་སྡུག་གི་ཁྲོད་ནས་ཚེ་ལས་འདས།ཨ་མས་ཉིན་མཚན་ཀུན་ཏུ་བུ་མོ་དྲན་པས་མགོ་སྐྲ་ཡང་དཀར་པོར་གྱུར།འོན་ཀྱང་བུ་མོ་དེ་འབག་བཙོག་གི་ཁོར་ཡུག་དེར་ཟུག་ནས་ཉི་མ་འཁྱོལ།

ཁྱིམ་དུ་བུ་མོའི་གནས་ཚུལ་ཅི་ཡང་ཐོས་རྒྱུ་མིད་མོད།འོན་ཀྱང་ཨ་མས་དུས་རྟག་ཏུ་བུ་མོར་རེ་སྒུག་བྱས།ཉིན་ཞིག་ལ།ཨ་མས་ད་གཟོད་བུ་མོའི་གནས་ཚུལ་ཞིག་རྣ་ལམ་དུ་ཐོས་པས་གྲོང་ཁྱེར་གྱི་རོགས་སྐྱོར་ལྟེ་གནས་སུ་སོང་ནས་བུ་མོ་བཙལ་མོད།འོན་ཀྱང་འབྲས་བུ་ཅི་ཡང་མ་ཐོབ།མཐའ་མར་འུ་ཐུག་ཐབས་ཟད་པའི་ཨ་མས་ཁོ་ཚོར་རེ་བ་ཆུང་ཆུང་ཞིག་བཏོན་ནས་འདྲ་པར་ཞིག་གསལ་བསྒྲགས་ཤོག་བུའི་སྟེང་ལ་སྦྱར།དེ་ནི་ཨ་མ་དེའི་འདྲ་པར་ཡིན།ཨ་མའི་གདོང་ལ་བྱམས་བརྩེ་ཡི་འཛུམ་མདངས་ཤར་འདུག་ལ།མགོ་སྐྲ་དཀར་པོར་གྱུར་འདུགའདྲ་པར་གྱི་ཞབས་སུ“ང་ནི་སྔོན་དང་འདྲ་བར་ཁྱོད་ལ་དགའ།ཡུལ་ལ་ཤོག”ཅེས་ཡིག་འབྲུ་འགའ་བྲིས་འདུག

ཡང་ཟླ་བ་འགའ་འདས་སོང་ལ།གནས་ཚུལ་ཅི་ཡང་ཐོས་རྒྱུ་མ་བྱུང་།

མཐའ་མར་ཉིན་ཞིག་ལ།བུ་མོར་སྒོར་མོ་སྐར་གང་ཡང་མིད་པས་ཐབས་ཟད་ནས་རོགས་སྐྱོར་ལྟེ་གནས་སུ་ཟ་མ་སློང་དུ་སོང་།མོས་རྐང་བ་གཅིག་ཐོག་གཅིག་ལ་བཞག་ཅིང་ཁང་པའི་ཕྱོགས་སོ་སོར་ཡང་ཡང་བལྟས།གློ་བུར་དུ་མོའི་མིག་ཟུང་གསལ་བསྒྲགས་ཤོག་བུའི་སྟེང་འཁོར་ལ།མོས་དེའི་སྟེང་གི་འདྲ་པར་ལ་ལྟ་བཞིན་སེམས་སུ་དེ་ནི་ངའི་ཨ་མ་མིན་ནམ་སྙམ།སྐད་ཅིག་དེ་ལ་བུ་མོ་ཡར་ལངས་ཤིང་མདུན་ཅོག་སྟེང་གི་ཟ་མར་མིག་གིས་ཀྱང་མི་ལྟ་བར་གསལ་བསྒྲགས་ཤོག་བུའི་མདུན་དུ་སོང་ནས་བལྟས་པ་ན།མོ་ཧ་ལས་སོང་།དངོས་གནས་རང་གི་ཨ་མ་རེད།ཨ་མའི་སྐྲ་ཡང་དཀར་པོར་གྱུར་འདུགབུ་མོས་འདྲ་པར་ཞབས་ཀྱི་ཡིག་ཕྲེང་དེ་མཐོང་དུས།མིག་མཐར་མཆི་མ་དབང་མིད་དུ་འཁོར་སོང་།

ད་ནི་ཡུལ་ལ་ལོག་པ་ལས་ཐབས་གང་ཡང་མིད།ཡུལ་ལ་འགྲོ་བར་བྲེལ་བའི་བུ་མོར་རླངས་འཁོར་ལ་འདུག་པའི་སྒོར་མོའང་མིད་པས་ལེ་བར་སུམ་ཅུའི་ལམ་དེར་རྐང་ཐང་ལ་སོང་།

ལྷིང་འཇགས་ཀྱི་མཚན་མོ་དེར།བུ་མོ་སྐད་ཅིག་ཀྱང་མ་བསྡད་པར་ལམ་དུ་ཆས།མོའི་མིག་མདུན་དུ་ཕ་མ་དང་ལྷན་འཛོམས་བྱེད་པའི་སྐབས་ཀྱི་བདེ་སྐྱིད་ཀྱི་སྣང་བཪྙན་དེ་མཚམས་མིད་པར་ཤར་ཡོང་བས།མོ་ཅུང་ཙམ་ཡང་མ་སྐྲགསྐབས་དེར་སེམས་སུ་དགའ་སྤྲོའི་ཚོར་བ་ཞིག་དྲག་ཏུ་སྐྱེས་བྱུང་།

སྐྱ་རེངས་སླེབས་ལ་ཉེ་བའི་སྐབས་དེར།མོ་ཁྱིམ་གྱི་སྒོ་ཁར་སླེབས་ལ།གློ་བུར་དུ་སེམས་སུ་སྐྲག་སྣང་ཞིག་སྐྱེས་བྱུང་།སྒོ་ཁ་ནས་ཡུན་རིང་ཞིག་ལ་བསམ་བློ་བཏང་རྗེས།ད་གཟོད་ལག་པས་སྒོ་བརྡུངས།འོན་ཀྱང་ལག་པས་སྒོ་ལ་ཐུག་མ་ཐགསྒོ་ཕྱེས་སོང་།མོས་ཅི་ཞིག་བྱུང་སོང་སྙམ་ནས་སེམས་ཁྲལ་བྱེད་བཞིན་ཁྱིམ་ལ་བརྒྱུགས་ནས་སོང་བ་ན།ཨ་མ་མལ་ཁྲིའི་སྟེང་ཉལ་འདུགམོས་སྐད་གསེང་མཐོན་པོས“ཨ་མ།ཨ་མ།ང་ཡིན་ཡ།ང་བུད་ཡོང་བ་ཡིན”ཞེས་བོས་པ་ན།ཨ་མ་སད་བྱུང་ལ་བུ་མོ་མཐོང་རྗེས་ཕན་ཚུན་འཐམས་ནས་ཡུན་རིང་ཞིག་ལ་ངུས།དེ་ནས་བུ་མོས་མགྲིན་པ་རྣོང་བཞིན་ཨ་མ་ལ“སྒོ་ཕྱེས་ཡོད་པས……ངས……དོན་དག་འདྲ་བྱུང་སོང་སྙམ”ཞེས་བཤད།

ཨ་མས་མིག་ཆུ་ཕྱིས་ཤིང་།གདོང་ལ་འཛུམ་ཞིག་ལངས་ནས“དོན་དག་ཅི་ཡང་མ་བྱུང་།ཁྱོད་ཡུལ་ནས་སོང་བའི་ཉིན་དེ་ནས་བཟུང་། སྒོ་འདིར……ཟྭ་བརྒྱབ་མ་མྱོང”ཞེས་ཟེར།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།