ཀྲུང་གོ་བོད་ཀྱི་དྲ་བ།

ཞུས་མའོ་རོང་གི་བོད་འགྱུར་སྙན་ངག་ཚན་པ་བརྒྱད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཞུས་མའོ་རོང་གིས་བརྩམས།སྒང་ལམ་བནྡེ་མཁར་གྱིས་བསྒྱུར།   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོག་མའི་མཇལ་འཕྲད།                   

མཛེས་བའི་རྨི་ལམ་དང་མཛེས་བའི་སྙན་ངག་ནི་གཅིག་འདྲ་ཡིན་ཏེ།

དེ་དག་ནི་འཕྲད་ངེས་པ་ལས་རེ་ལྟོས་བྱེད་མི་ཐུབ་པ་ཞིག

རྟག་ཏུ་བསམ་ཡུལ་ལས་འདས་བའི་དུས་སུ་མིག་མདུན་ནས་བྱུང་སྲིད།

ང་རང་དེ་འདྲའི་རྨི་ལམ་ལ་དགའ་བོ་ཡོད།

རྨི་ལམ་ནས། ཡོད་ཚད་བསྐྱར་དུ་འགོ་ཚུགས་སྲིད།

ཡོད་ཚད་དལ་གྱིས་འགྲེལ་བཤད་བྱ་ཐུབ།

ཐ་ན་སེམས་ནས་ཀྱང་ཆུད་ཟོས་སུ་གཏོང་ཟིན་པའི་ལོ་ཟླ་ཐམས་ཅད་ལ།

ཕྱིར་ཟློག་བྱེད་ཐུབ་པའི་སྤྲོ་སྣང་དང་བཀའ་དྲིན་ཡོད་པ་ཚོར་བྱུང་།

སེམས་ཁོང་ན་བདེ་སྐྱིད་ཀྱིས་ཕྱུག་ཅིང་།

ཁྱེད་རང་ངའི་མིག་མདུན་དུ་འགྲེང་སྟེ་མཛུམ་མདངས་མངོན་པ་ནི་སྔོན་ཆད་ཇི་བཞིན་ནོ།

ང་རང་དེ་འདྲའི་རྨི་ལམ་ལ་དངོས་ནས་དགའ་བོ་ཡོད།

ཁྱེད་རང་ངའི་དོན་དུ་རི་ལུང་སྟོང་ཕྲག་བརྒལ་ཟིན་པ་ཤེས་ཡོད་མོད།

འོན་ཀྱང་མེ་ཏོག་ནི་མཛེས་སྡུག་ལྡན་ལ་ཡུན་ཀྱིས་འདབ་བརྒྱ་གྲོལ་ཡོད་པར་སྙམ།

ཁྱེད་དང་ངེད་གཉིས་ནི་ཐོག་མའི་མཇལ་འཕྲད་ཡིན་པའི་མྱོང་པ་བྱུང་སོང་།

                ༢༠༡༦ལོའི་ཟླ༢ཚེས༢༦ཉིན་བསྒྱུར།


ཡབ་ཆེན་གྱི་རྩྭ་ཐང་དང་ཡུམ་ཆེན་གྱི་གཙང་པོ།

                                       

སྔོན་ཆད་ཡབ་ཆེན་གྱིས་རྩྭ་ཐང་གི་དྲི་བསུང་དེ

ཁོ་བོ་ཡུལ་ཕྱོགས་གང་དུ་འགྲིམས་རུང་བརྗེད་མི་སྲིད་པར་གསུངས་ལ།

ཡུམ་ཆེན་གྱིས་རྟག་པར་གཙང་བོའི་ཟིལ་རྔམ་དེ

རྒྱང་རིང་བའི་སོག་པོའི་མཐོ་སྒང་གི་ཕ་ཡུལ་ཕྱོགས་ན་རྒྱུ་བཞིན་ཡོད་པར་བརྗོད།

ད་ནི་གཞི་ནས་མུ་མཐའ་བྲལ་བའི་ས་གཞི་འདི་མཐོང་ཐུབ་བྱུང་།

དྲི་བསུང་འཐུལ་བའི་རྩྭ་ཐང་ནས་འགྲེང་བའི་ཚེ་ན་ངའི་མིག་ཆུ་ཆར་བའི་རྒྱུན་བཞིན་བབས་བྱུང་།

གཙང་བོས་ཡབ་མེས་ཚོའི་སྨོན་པ་གླུ་རུ་ལེན་བཞིན།

ཡུལ་གྱར་བུ་ཕྲུག་ཚོར་ཡུལ་ལ་ལོག་པའི་ལམ་བུ་རྙེད་པར་མགོན་སྐྱོབ་གནང་།

ཀྱེ་་ཡབ་ཆེན་གྱི་རྩྭ་ཐང་།

ཀྱེ་་ཡུམ་ཆེན་གྱི་གཙང་བོ།

ངས་ཕ་སྐད་ཀྱི་ལམ་ནས་སེམས་འདུན་མཚོན་པར་བྱེད་མི་ནུས་མོད།

ངའི་སྐྱོ་ཡུས་དང་སྤྲོ་དགའ་དང་ལེན་གནང་བར་ཞུ་རོགས།

ང་ཡང་མཐོ་སྒང་གི་བུ་ཕྲུག་ཞིག་ཡིན།

སེམས་གཏིང་ན་གླུ་གཞས་ཤིག་ཉར་ཡོད།

གླུ་གཞས་དེའི་ཁྲོད་ན་ཡབ་ཆེན་གྱི་རྩྭ་ཐང་ཡོད་ལ།

གླུ་གཞས་དེའི་ནང་ན་ཡུམ་ཆེན་གྱི་གཙང་བོའང་འདུས་ཡོད།

                      ༢༠༡༦ལོའི་ཟླ༡ཚེས༩ཉིན་བསྒྱུར།

བདེ་སྐྱིད།

                         

བདེ་སྐྱིད་ཀྱི་བརྩེ་དུང་ཐམས་ཅད་ནི་རྣམ་པ་གཅིག་ཏུ་ངེས་ཤིང་།

འོན་ཀྱང་བདེ་སྐྱིད་མི་ལྡན་པའི་བརྩེ་དུང་ལ་རང་སོ་སོའི་རྒྱུ་རྐྱེན་ལྡན།

ཆེས་རྒྱུན་མཐོང་གྱི་རྒྱུ་རྐྱེན་ནི་གཉིས་ཏེ།

སྔ་དྲགས་པའམ་ཡང་ན་འཕྱི་དྲགས་པ་དེ་ཡིན།

ན་གཞོན་ཁྱོད་ཀྱིས། རྒྱུ་མཚན་ཕུན་སུམ་ཚོགས་པའི་སྒོ་ནས།

མ་འོངས་པར་འཇིག་རྟེན་འདིའི་སྟེང་གི

ཆེས་བདེ་སྐྱིད་ལྡན་པའི་བརྩེ་བ་དེ་ཐོབ་ཐུབ་པར་ཡིད་ཆེས་བྱས་ཆོག

དེའི་རྐྱེན་ཀྱིས།

ངས་ཀྱང་ཁྱོད་ལ་གནས་ལུགས་དང་ལྡན་པའི་རེ་བ་ཞིག་བརྗོད་འདོད།

སེམས་པ་ལྷོད་ལ་བབས་ནས་སྒུག་དང་།

སྔ་མོ་ནས་གཞན་གྱི་ཁ་ཡག་ངོ་དགའི་སྐད་ཆར་མགོ་མ་འཁོར་རོགས།

གང་ལྟར་སྐད་ཆ་དེ་དག་ནི་ལྷག་བསམ་རྣམ་དག་དང་གནོད་སེམས་གང་ཡིན་རུང་། ཁྱོད་ལ་དགེ་མཚན་སྤུ་ཙམ་ཡང་མི་འདུག

སིལ་ཏོག་ནི་སྨིན་ཐག་ཆོད་རྗེས་ད་གཟོད་མངར་ཆ་ལྡན་ལ།

བདེ་སྐྱིད་ཡང་དེ་ལྟར་ཡིན་ནོ།

                ༢༠༡༦ལོའི་ཟླ༣ཚེས༡༦ཉིན་བསྒྱུར།


མེ་ཏོག་བཞད་པའི་ལྗོན་ཤིང་ཞིག  

བདག་གི་ཆེས་མཛེས་པའི་ལང་ཚོའི་དུས་སྒང་ལ།

ཁྱེད་དང་མཇལ་བའི་སླད་དུ།

བདག་གི་སངས་རྒྱས་ཀྱི་སྐུ་དྲུང་དུ།

བགྲང་བྱ་དུ་མར་ངེད་གཉིས་ལ།

འཇིག་རྟེན་པའི་ལས་འབྲེལ་ཞིག་ཐོབ་པར་གསོལ་བ་བཏབ།

སངས་རྒྱས་ཀྱི་བྱིན་རླབས་ལས།

ང་ནི་ལྗོན་ཤིང་ཞིག་ཏུ་སྤྲུལ་ནས།

ཁྱེད་རང་བརྒྱུད་སའི་ལམ་ངོགས་སུ་འགྲེང་།

 

ཉི་ཟེར་འོག་ན་གཉོམ་ཆུང་གིས་རྒྱས་པའི་མེ་ཏོག་གི་གོང་བུ་རེ་རེ་ནི།

བདག་གི་ཚེ་སྔོན་གྱི་འདུན་མ་རེ་རེ་ཡིན།

 

ཁྱེད་རང་ཉེ་བར་བཅར་དུས།

རྣ་བ་གཏད་ནས་ལེགས་པར་གསོན་ཅིག

ལྡེམ་ལྡེམ་ཚུལ་གྱིས་གཡོ་བའི་ལོ་འདབ་དེ།

བདག་གི་མོས་སྒུག་གི་འདུན་མ་དྲག་པོ་ཡིན།

 

ཁྱེད་རང་ཅི་མི་སྙམ་པར་གནས་དེ་ལས་བདའ་དུས།

ཤུལ་ན་ལུས་ཡོད་པ་ནི།

མེ་ཏོག་གི་འདབ་མ་མིན་ལ།

ངའི་རེ་ཐག་ཆད་པའི་སེམས་པ་དེའོ།

  ༢༠༡༦ལོའི་ཟླ༡༠ཚེས༢༦ཉིན་བསྒྱུར།

 

ནོར་འཁྲུལ།  

གལ་སྲིད།

བརྩེ་དུང་ལ་འགྲེལ་བཤད་དང་།

མནའ་ཚིག་ལ་བཟོ་བཅོས་རྒྱག་ཆོག་པར་བཏང་ན།

གལ་སྲིད།

འུ་གཉིས་ཀྱི་ཐུག་འཕྲད་ཀྱང་བསྐྱར་དུ་བཀོད་སྒྲིག་བྱེད་ཆོག་ན།

འཚོ་བ་དེ་ཅུང་ཙམ་བདེ་བླག་ཡོང་ངེས་ཡིན།

 

གལ་སྲིད།

ནམ་ཞིག་གི་ཚེ་ན། བདག་གིས་ཁྱེད་རང་གཞི་ནས་བརྗེད་པར་བྱས་ཆོག

 

ཡིན་ནའང་། འདི་ནི་གང་བྱུང་དུ་བསྒྲགས་པའི་གཏམ་རྒྱུད་མིན་ལ།

དེའང་སང་ཉིན་གྱི་འཁྲབ་བྱའི་ཟློས་གར་ཡང་མིན་པས།

བདག་གིས་མ་ཕྱི་དེ་རྙེད་ཐབས་མ་བྱུང་ལ།

རྗེས་སུ་ཁྱེད་རང་ཡང་ཤུལ་མེད་དུ་བསུབས་འགྲོ།

         ༢༠༡༦ལོའི་ཟླ༡༢ཚེས༡ཉིན་བསྒྱུར།

  ཕ་ཡུལ་དྲན་པའི་གདུང་བ།                   

 

ཕ་ཡུལ་གྱི་གླུ་གཞས་ནི། 

དྭངས་ཞིང་གསལ་བའི་དིང་གླིང་ཁེར་འབུད་ཞིག་སྟེ། 

དུང་ཟླ་འཆར་བའི་མཚན་མོ་རེ་རེར་གྲག་ནས་འོང་ལ། 

ཕ་ཡུལ་གྱི་ངོ་གདོང་ནི། 

རབ་རིབ་དང་ཡིད་སྐྱོ་བའི་རྒྱང་ལྟ་ཞིག་སྟེ། 

སྨུག་པའི་ཀློང་ནས་གྱེས་ཕྱག་ཕུལ་བ་དང་གཉིས་སུ་མེད། 

ཁ་གྱེས་པའི་རྗེས་སུ། 

ཕ་ཡུལ་དྲན་པའི་གདུང་བ་ནི། 

ལོ་རིས་མི་འདུག་པའི་ལྗོན་པ་ཞིག་དང་འདྲ་པར། 

ནམ་ཡང་རྒས་རྒྱུ་མི་འདུག 

            ༢༠༡༦ལོའི་ཟླ༡༢ཚེས༡༤ཉིན་བསྒྱུར།

ཡིད་འོང་གི་བསམ་ཚུལ།       

གལ་ཏེ་ཚེ་སྲོག་ནི།

འགྲོས་མྱུར་རླུང་ལྟར་བགྲོད་པའི་མེ་འཁོར་ཞིག་ཡིན་ཚེ།

དགའ་སྣང་དང་སྡུག་ཡུས་ནི།

ངའི་རྒྱབ་ཕྱོགས་སུ།   དུས་ནམ་ཡང་རྗེས་སྙེག་པའི།

ལྕགས་ལམ་དེ་གཉིས་པོ་ཡིན།

ཁྱེད་ཀྱིས་གོམ་མཚམས་བཞག་ཅིང་།  རྒྱང་ནས་ཕྱིར་མིག་འཕངས་ཚེ།

ད་གཟོད་དུས་ཚོད་ཡོད་ཚད་ཧ་ཅང་དངངས་འཚབ་དང་།

རབ་རིབ་ཏུ་ལུས་ཡོད་པ་མཐོང་ངེས།

ཕྱིར་མིག་འཕེན་པའི་སྐད་ཅིག་ཉིད་ལ།

གཞི་ནས་དྭངས་གསལ་དང་སེམས་སྡུག་ཅིག་དབང་ངེས།

དེ་བས།  

ཕྱི་དྲག་པའི་ཚེ་ན།

ད་གཟོད་ནོངས་འགྱོད་བྲལ་ཅིང་།

ཡིད་དུ་འོང་བའི་བསམ་ཚུལ་ཞིག་ཤར་འོང་།

        ༢༠༡༧ལོའི་ཟླ༤ཚེས༤ཚེས༩ཉིན་བསྒྱུར།

ལྷ་བྱ་དཀར་པོའི་འདས་རྐྱེན།             

གལ་སྲིད། ཁྱེད་ནི་མིག་ཟུང་མཆི་མས་སྦགས་པའི་མདའ་བ་དེ་ཡིན་ཚེ།

ང་ནི་བློ་སེམས་གཅིག་ཆོད་ངང་གཡོལ་གཟུར་མི་བྱེད་པའི་ལྷ་བྱ་དཀར་པོ་སྟེ།

བར་སྣང་ཤུགས་ཀྱིས་གཅོད་པའི་མདའ་སྒྲོ་ཡིས།

ཆག་གྲུམ་ཤོར་བའི་བདག་གི་སྙིང་ཁ་བརྟོལ་བར་སྒུག་ནས་ཡོད།

གལ་སྲིད། ཁྱེད་ནི་འཇིག་རྟེན་འདིའི།

ང་ལ་རྨས་སྐྱོན་གཏོང་ནུས་པའི་མདའ་བ་གཅིག་པུ་དེ་ཡིན་ཚེ།

ང་ནི་ཁྱེད་ཀྱི་མཚར་སྡུག་ལང་ཚོའི་ལོ་ཟླ་ཧྲིལ་བོ་ཡིན་སྲིད་ལ།

བརྗེད་ཐབས་བྲལ་བའི་དགའ་སྤྲོ་དང་སྐྱོ་གདུང་ཐམས་ཅད་ཀྱང་ཡིན།

ཆེས་མཐའ་མཇུག་གི་མཚམས་སྤྲིན་ལེབ་མོ་ཞིག

ཕ་མཐའ་བྲལ་བའི་མཐོན་མཐིང་མཁའ་དབྱིངས་ནས་ཡལ་བ་ཇི་བཞིན།

ང་རང་ཁྱེད་ཀྱི་ཕྱག་སྣེ་ནས་ཚེ་སྲོག་རྫོགས་པར་གྱིས།

ནམ་ཡང་རེ་ཞིང་འཁྲེང་བའི་རུམ་ཁོང་ནས།

གཞི་ནས་བླ་སྲོག་འཕོ་བ་བཞིན་ནོ།

         ༢༠༡༧ལོའི་ཟླ༤ཚེས༡༩ཉིན་བསྒྱུར།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།