ཀྲུང་གོ་བོད་ཀྱི་དྲ་བ།

བདེ་བ་ཅན་དང་དམྱལ་བའི་ཁམས་གཉིས་ཉེ་མཚེས་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རོ་ཁི་ཧྥེ་ལིར་གྱིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།       སྤེལ་དུས། : 2017-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྙིང་ཉེ་བའི་རྗོན་ལགས།

གཏམ་རྒྱུད་ཅིག་ཡོད་པ་དེའི་མཚོན་དོན་གྱི་རོ་བྲོ་ཕུན་སུམ་ཚོགས་ཤིང་ང་ལའང་མྱོང་ཚོར་ཟབ་མོ་བྱུང་།གཏམ་རྒྱུད་ནི་འདི་ལྟ་སྟེ།

གནའ་བོའི་ཡོ་རོབ་ཀྱི་མི་ཞིག ཚེ་ཡི་འཕེན་པ་རྫོགས་ལ་ཡོད་དུས་རང་ཉིད་ནི་ཡིད་སེམས་འགུགས་ཤིང་ཡོད་ཚད་ལོངས་སུ་སྤྱོད་ནུས་པའི་ཡུལ་གྲུ་ཞིག་ལ་འབྱོར་སོང་བ་རྟོགས། ཁོ་རང་བདེ་བ་ཅན་གྱི་གནས་དེར་ཐོན་མ་ཐག་བལྟས་ཚོད་ཀྱིས་ཞབས་གཡོག་པའི་བཟོ་ལྟ་ཅན་གྱི་མི་ཞིག་འབྱོར་ཏེ་ཁོ་ལ་འདི་སྐད་དུ་དྲིས་བྱུང་།“སྐུ་ཞབས།ཁྱེད་ལ་གང་ཞིག་དགོས་འདོད་དམ།གནས་འདི་ནས་ཞིམ་མངར་གྱི་ཁ་ཟས་ཡོད་ཚད་དང་ཁྱད་མཚར་གྱི་རོལ་རྩེད་མཐའ་དག དེ་བཞིན་རིགས་འདྲ་མིན་གྱི་སྐྱོ་སངས་བྱེད་ས་སོགས་ཁྱེད་ལ་དགོས་འདོད་མཐའ་དག་འཐོབ་ཐུབ་པས་སྐུ་ཉིད་ཀྱིས་ཐུགས་དལ་མོས་ལོངས་སུ་སྤྱད་ཆོག”

མི་དེས་གཏམ་འདི་སྐད་དུ་ཐོས་རྗེས་ཧ་ལས་པའི་ཚོར་བ་ཞིག་སྐྱེས།འོན་ཀྱང་རབ་ཏུ་དགའ་སྟེ་ཁོང་འཛུམ་གཏིང་ནས་སྐྱེས་ཤིང“འདི་ནི་ངའི་མི་ཡུལ་གྱི་འདོད་འདུན་མ་ཡིན་ནམ”སྙམ་བྱུང་།

གནས་དེ་ནས། ཁོས་ཉིན་རྒྱུན་དུ་རོ་བཅུད་ཕུན་སུམ་ཚོགས་པའི་མངར་ཟས་ལ་རོལ་ཞིང་རོལ་རྩེད་སྣ་ཚོགས་ཉམས་སུ་མྱངས། ཡིན་ཡང་ཉིན་ཞིག་ཁོ་རང་དེ་དག་ཡོད་ཚད་ལ་སྤྲོ་བ་སྤུ་ཙམ་མེད་པར་གྱུར་སོང་།དེ་བས་ཞབས་གཡོག་པའི་བཟོ་ལྟ་ཅན་གྱི་མི་དེར་འདི་ལྟར་ལབ།“ངས་དོན་དག་ཅིག་བསྒྲུབ་དགོས་འདུག ཁྱོད་ཀྱིས་ང་ལ་བྱ་བ་ཞིག་བཀོད་སྒྲིག་བྱས་ན་ཆོག་གམ།”

བློ་ཡིད་ལའང་མ་ཤར་བ་ཞིག་ནི་ཁོ་ལ་ཐོབ་པའི་དྲིས་ལན་ནི“དངོས་གནས་དགོངས་པ་མ་ཚོམ།སྐུ་ཞབས་ལགས། ཁྱོད་ཀྱི་རེ་བ་དེ་ནི་ང་ཚོའི་གནས་འདིར་ཁྱེད་ལ་སྒྲུབ་ཐབས་མེད་པའི་དོན་དག་ཉག་ཅིག་རེད།འདི་ནས་ཁྱེད་ལ་བྱ་བ་ཞིག་སྤྲོད་རྒྱུ་མེད་འདུག”ཅེས་པ་དེའོ།  །

མི་དེ་བློ་ཕམ་ཡིད་ཐང་ཆད་དེ་ཁོང་ཁྲོ་དྲག་པོས“འདི་ནི་དངོས་གནས་ཐབས་རྡུགས་ཤིག་རེད།ང་ནི་དམྱལ་ཁམས་ན་ཡོད་པ་དང་ཁྱད་ཅི་ཡོད་དམ”ཟེར།

“ཁྱེད་ཀྱི་བསམ་པར་གནས་འདི་ནི་གང་ཞིག་རེད་འདོད་ཡོད་དམ།”ཞབས་གཡོག་པའི་བཟོ་ལྟ་ཅན་གྱི་མི་དེས་ཞི་འཇམ་ངང་བཤད།

རྗོན་ལགས།ཁ་མཚར་གྱིས་ཕྱུག་པའི་གཏམ་རྒྱུད་འདི་ལས་ཧ་ལམ་ང་ལ་བྱ་བ་ཤོར་ཚེ་སྤྲོ་སྣང་ཤོར་བ་ཡིན་ཞེས་བསྟན་འདུག འོན་ཀྱང་ཡིད་ཕངས་པ་ཞིག་ནི་མི་ལ་ཤས་ཀྱིས་བྱ་བ་ཤོར་རྗེས་ད་གཟོད་དོན་འདི་རྟོགས་ངེས་པས་སྟབས་ཉེས་པ་ཞིག་རེད་ཨང་།

ཁེངས་ཉམས་དང་བཅས་ཏེ་བཤད་ཆོག་པ་ཞིག་ནི་ངས་རྩ་བ་ནས་བྱ་བ་ཤོར་བའི་བྲོ་བ་མྱངས་མ་མྱོང་།འདི་ནི་ངའི་ལས་འགྲོ་དར་བས་མིན་པར་ང་རང་རྩ་བ་ནས་བྱ་བ་དེར་སྤྲོ་སྣང་སྤུ་ཙམ་ཡང་མེད་པའི་སྡུག་ལས་ཤིག་ཏུ་མི་བསམ་པར་མ་ཟད། བྱ་བའི་ཁྲོད་ནས་ནམ་ཡང་དགའ་སྣང་ཚད་མེད་དེ་རྙེད་ཐུབ་པ་ཡིན།

ངའི་བསམ་པར།བྱ་བ་ནི་ཁྱད་དབང་རིགས་ཤིག་རེད།དེས་འཚོ་བའི་རྒྱུན་སྐྱོང་བ་ལས་ཀྱང་མང་བའི་ནང་དོན་བསྩལ་ཐུབ། བྱ་བ་ནི་ཚོང་ལས་ཡོད་ཚད་ཀྱི་རྨང་གཞི་དང་དར་རྒུད་མཐའ་དག་གི་འབྱུང་རྩ།མཁས་པ་དང་འཇོན་ཐང་ཅན་གསོ་སྐྱོང་བྱེད་མཁན་ཡང་ཡིན།

བྱ་བས་དངུལ་སྒོར་ལྡན་མིན་གྱི་ལོ་གཞོན་རྣམས་བརྩོན་ལྡན་མདུན་ལམ་ཅན་དུ་བཏང་ནས་རང་གི་ཕ་མ་ལས་ཀྱང་བྱ་བ་བསྒྲུབས་པ་མང་ཞིང་ལེགས་པོ་ཅན་ཞིག་ཏུ་གཏོང་ནུས། བྱ་བས“ཆུ་ཕྲན་རྒྱ་མཚོ་རུ་བསགས་པ”ཡི་ཚུལ་གྱིས་གསོག་འཇོག་བྱས་ནས་རང་ཉིད་ཀྱི་རིན་ཐང་མངོན་དུ་འཇུག་ཅིང་མི་རྣམས་ཀྱི་མི་ཚེའི་བདེ་སྐྱིད་ལ་རྨང་གཞི་འདིང་ངེས། བྱ་བ་ནི་ཚེ་སྲོག་ལ་བྲོ་བ་སྣོན་བྱེད་ཀྱི་ཚྭ་ལྟ་བུ་ཡིན།འོན་ཀྱང་ང་ཚོ་ཐོག་མར་བྱ་བར་དགའ་ན་ད་གཟོད་བྱ་བས་ཁྱོད་ལ་ཕན་འབྲས་དང་ཁྱོད་ལ་ཐོབ་ཆ་གང་མང་བསྩལ་ངེས།

ང་རང་དང་ཐོག་ཚོང་ལས་ལ་འཇུག་དུས་རྟག་པར་འདི་ལྟར་ཐོས་ཡོང་།མི་ཞིག་རི་ཡི་རྩེ་མོར་འཛེག་འདོད་ཚེ་གང་མང་ཞིག་བློས་གཏོང་དགོས་པ་ཡིན།ཡིན་ཡང་།དུས་ཀྱི་བཞུར་འགྲོས་དང་བསྟུན་ནས་ངས་རྩེ་རུ་སྙེག་མཁན་གྱི་མི་གང་མང་ཞིག་གིས་རིན་དོད་གཏོང་ཆེད་མིན་པར།ཁོ་རང་ཚོ་ནན་ཏན་ངང་བྱ་བར་འཇུག་པ་ནི་ངེས་པ་དོན་གྱི་བྱ་བར་དགའ་བོ་ཡོད་པས་ཡིན་པ་རྟོགས་མགོ་ཚུགས།  ལས་རིགས་གང་མང་ཞིག་གི་ཁྲོད་རྩེ་རུ་སྙེག་མཁན་གྱི་མི་མཐའ་དག་གིས་རང་གིས་ཏག་ཏག་སྒྲུབ་བཞིན་པའི་བྱ་བར་ཡོངས་སུ་ཞུགས་ཡོད་པར་མ་ཟད་སེམས་རྩ་གཅིག་ཏུ་གཞོལ་འདུག གལ་ཏེ་ཁྱོད་རང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རང་གིས་སྒྲུབ་བཞིན་པའི་བྱ་བར་ཞུགས་ན་རྒྱལ་ཁའང་ཁྱོད་དང་རྒྱང་ཐག་རིང་རྒྱུ་མི་འདུག

བྱ་བར་དགའ་ཞེན་བྱེད་པ་ནི་དད་སེམས་རིགས་ཤིག་ཡིན།དད་སེམས་དེ་ཉིད་བཅངས་ན་ང་ཚོས་རེ་ཆད་ཀྱི་རི་བོ་ཆེན་པོ་དེ་རེ་བ་ཡི་ཕ་བོང་དུ་བསྒྱུར་ནུས།རླབས་ཆེན་གྱི་རི་མོ་བ་ཞིག་གིས་གསུངས་པ་ཤིན་ཏུ་མད་དེ།“སྡུག་བསྔལ་བརྗེད་སྲིད་ཀྱང་མཛེས་སྡུག་ནི་གཏན་དུ་གནས་ངེས་ཡིན།”

མི་ལ་ཤས་རིག་པ་རྒོད་དྲགས་ཡོད། ཁོ་ཚོར་ཧམ་སེམས་ཆེ་བས་བྱ་བའི་སྟེང་གི་སྐྱོན་བཙལ་ཏེ་ཐོག་མཐའ་བར་གསུམ་དུ“འཐུས་ཚང”གི་ལས་དཔོན་དང་ལས་གནས་ཤིག་འཚོལ་བཞིན་ཡོད།དོན་དངོས་སུ།ལས་དཔོན་གྱིས་ཕོགས་སྣོན་དང་ལས་གནས་སྤར་བའི་གོ་སྐབས་དེ་འབད་བརྩོན་འཕར་མ་དང་བློ་རྩ་དཀར་བ།ལྷག་བསམ་རྣམ་པར་དག་པ། དུས་ཚོད་གང་ལྷག་སྤྱད་དེ་རིན་ཐང་བཟོ་ནུས་པའི་མི་དག་ལ་སྤྲོད་ཀྱིན་འདུག

མི་ཞིག་ལ་ཧམ་སེམས་གང་འདྲ་ཞིག་ལྡན་ཡང་རུང་།ཁོས་མ་མཐའ་ཡང་གཞན་ལས་གོམ་པ་སྔ་ཙམ་གྱིས་སྤོས་ན་རི་བོའི་ཡང་རྩེར་སོན་ཐུབ།གོམ་པ་སྤོ་མགོ་ཚུགས་ན་མུ་མཐུད་དུ་མདུན་སྐྱོད་བྱེད་པར་དཀའ་ཁག་མི་འདུག བྱ་བར་དཀའ་ཁག་ཅི་འདྲ་ཆེ་བ་དང་སྤྲོ་བ་ཇི་ལྟར་མེད་ན་དེ་ལྟར་འཕྲལ་དུ་བསྒྲུབ་དགོས་པ་ཡིན།སྒུག་པའི་དུས་ཚོད་ཇི་ལྟར་རིང་ན་བྱ་བའང་དེ་ལྟར་དཀའ་ཁག་དང་སྐྱི་གཡའ་བར་འགྱུར། གནད་འདི་མེ་མདས་བརྒྱག་པ་དང་འདྲ་བོར་འདུག ཁྱོད་ཀྱིས་གཟས་ཡུན་ཇི་ལྟར་རིང་ན་འཕོག་སྲིད་པའི་གོ་སྐབས་ཀྱང་དེ་ལྟར་ཉག་ཕྲ་བར་འགྱུར།

ངས་ནམ་ཡང་རང་ཉིད་ཀྱི་ལས་རྐང་དང་པོ་སྟེ་རྩིས་འགོད་པའི་བརྒྱུད་རིམ་དེ་བརྗེད་མི་སྲིད།  སྐབས་དེར་ང་རང་ཉིན་རྒྱུན་ནམ་གསལ་མ་ཐག་ལས་ཚོགས་སུ་འགྲོ་དགོས་ཤིང་གཞུང་ལས་ཁང་གི་སྣུམ་སྒྲོན་ཡང་མག་མོག་ཅིག་ཡིན་ཡང་ངའི་ཞེ་རྩ་འཁྱག་ཏུ་འཇུག་མ་ནུས་པར་དེ་ལས་ལྡོག་སྟེ་ཡིད་ཀྱི་དྭངས་མ་དྲངས་ཤིང་དགའ་བ་འཕེལ།ཐ་ན་གཞུང་ལས་ཁང་གི་བྱ་ལས་ཉག་ཉོག་དེ་དག་གིས་ཀྱང་རང་གི་བྱ་བར་བཅངས་པའི་ཆོད་སེམས་ཡལ་མ་མྱོང་།མཇུག་མཐར་ལས་དཔོན་གྱིས་ཆགས་མེད་དུ་ང་ལ་ཕོགས་སྣོན་བྱས།

ཡོང་འབབ་ནི་ཁྱོད་ཀྱི་བྱ་བའི་ཞོར་གྱི་ཐོན་རྫས་ཙམ་ཡིན།བསྒྲུབ་འོས་པའི་རང་གི་དོན་དག་བསྒྲུབས་ཤིང་འགྲུབ་འོས་པའི་རང་གི་བྱ་བ་གྲུབ་ན་ཕུགས་འདོད་ཀྱི་ཕོགས་དངུལ་ནི་འཐོབ་ངེས་ཅན་ཡིན།  དེ་ལས་ཀྱང་གལ་འགངས་ཆེ་བ་ནི་ང་ཚོའི་ངལ་རྩོལ་གྱི་ཆེས་ལེགས་པའི་གླ་ཕོགས་ནི་ཁེ་གྲགས་ཀྱི་སྟེང་དུ་མེད་པར་འདི་ཉིད་རྐྱེན་བྱས་ཏེ་གང་ཞིག་ཏུ་འགྱུར་བ་དེ་ཡིན།ཀླད་པ་ཧུར་པོ་ཡོད་པའི་མི་དེ་དག་གིས་ཧུར་ཐག་ངང་ངལ་རྩོལ་བྱེད་པ་ནི་སྒོར་མོ་བཙལ་བ་ཁོ་ནའི་ཆེད་མིན་པར།ཁོ་ཚོ་རང་ཉིད་ཀྱི་བྱ་བའི་སྤྲོ་སྣང་གི་རྒྱུན་བསྐྱངས་པའི་ཐོབ་འབྲས་དེ་རྒྱུ་ནོར་བསྡུ་ལེན་ཁོ་ན་ཤེས་པའི་ཧམ་འདོད་ལས་བླ་ན་འཕགས་པ་སྟེ།ཁོ་ཚོ་ནི་ཡིད་སེམས་འདྲེན་པའི་ལས་དོན་ཞིག་ལ་འཇུས་ཡོད།

སྐད་ཆ་དྲང་མོར་བཤད་ན་ང་ནི་ཧམ་སེམས་ཅན་ཞིག་ཡིན།ཆུང་དུས་ནས་རྒྱུ་སྟོབས་ཅན་ཞིག་ཏུ་འགྱུར་འདོད་ཀྱི་བསམ་པ་ཡོད།ང་ལ་མཚོན་ནས་བཤད་ན།རང་ཉིད་ཀྱི་བྱ་བ་ལས་སའི་ཞོ་ཡེ་ཐུ་དང་ཐཱ་ཐར་གྱི་ཀུང་སི་ནི་ངའི་ནུས་པ་སྦྱོང་བརྡར་དང་རྩལ་དགུ་སྟོབས་སུ་སྤྲུགས་སའི་གནས་བཟང་པོ་ཞིག་ཡིན། ཀུང་སི་དེས་ཚོང་རྫས་སྣ་ཚོགས་འགྲེམ་ཚོང་ཚབ་གཉེར་བྱེད་བཞིན་ཡོད་ལ་ལྕགས་གཏེར་ཞིག་ཀྱང་ཡོད།དེ་མིན་གཞན་ཀུང་སིའི་རྟེན་གཞི་རུ་གྱུར་པའི་ལག་རྩལ་གཉིས་ཏེ།ཨ་རིའི་དཔལ་འབྱོར་ལ་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་བཅུག་པའི་ལྕགས་ལམ་དང་གློག་འཕྲིན་ཡང་གཉེར་བཞིན་ཡོད།དེས་ང་རང་ངོ་མཚར་སྟོང་གིས་ཕྱུག་ཅིང་ཁོད་རྒྱ་ཡངས་པའི་ཚོང་ལས་ཀྱི་འཇིག་རྟེན་དུ་དྲངས་ཤིང་ཨང་ཀི་དང་དོན་དངོས་ལ་བརྩི་མཐོང་བྱེད་དགོས་པ་ཤེས་སུ་བཅུག་ལ།སྐྱེལ་འདྲེན་ལས་རིགས་ཀྱི་ཟིལ་ཤུགས་མཐོང་དུ་བཅུག དེ་ལས་ཀྱང་ཁེ་ལས་པ་ཞིག་ཏུ་འགྱུར་བར་ཚང་དགོས་པའི་ནུས་པ་དང་བྱང་ཚད་གསོ་སྐྱོང་བྱས། དེ་དག་ཡོད་ཚད་ཀྱིས་ངའི་རྗེས་ཕྱོགས་ཀྱི་ཚོང་གཉེར་ཁྲོད་དུ་ཕན་འབྲས་བླ་ལྷག་ཐོན།ཞོ་ཡེ་ཐུ་དང་ཐཱ་ཐར་གྱི་ཀུང་སིའི་གོམས་སྦྱོང་བརྡར་གསུམ་མེད་ན།ལས་དོན་སྟེང་ནས་ང་རང་གོལ་ལམ་གང་མང་ཞིག་ལ་འགྲོ་དགོས་ཀྱང་སྲིད་ཅེས་བཤད་ཆོག

ད་ལྟ།སྐུ་ཞབས་ཞོ་ཡེ་ཐུ་དང་ཐཱ་ཐར་རྣམ་གཉིས་དྲན་ཐེངས་རེར་ངའི་སེམས་སུ་འགོག་མེད་དུ་ཐུགས་བརྩེ་ཞིག་འཕྱུར་འོངས།ལས་རིགས་དོན་གཉེར་གྱི་དུས་སྐབས་དེ་ནི་ངའི་ཚེ་གང་གི་འབད་བརྩོན་གྱི་མགོ་རྩོམ་ས་ཡིན་ཞིང་རང་ཉིད་ལ་འབད་བརྩོན་གྱི་རྨང་གཞི་བཏིང་བས་ལོ་ངོ་གསུམ་དང་ཕྱེད་ཀའི་བརྒྱུད་རིམ་དེར་དུས་གཏན་དུ་ཐུགས་རྗེ་བསམ་གྱིས་མི་ཁྱབ།

བྱ་བ་ནི་རྣམ་འགྱུར་རིགས་ཤིག་ཡིན།དེས་ང་ཚོ་དགའ་བ་དང་སྤྲོ་བ་གང་ཡིན་ཐག་གིས་གཅོད།ལས་ཀ་གཅིག་མཚུངས་བྱེད་པའི་རྡོ་བཟོ་བ་འགའ་ལ“ཁྱོད་ཀྱིས་ཅི་ཞིག་ལས་བཞིན་ཡོད”ཅེས་དྲིས་ན།ཁོ་ཚོའི་ཁྲོད་ཀྱི་གཅིག་གིས་འདི་ལྟར་བཤད་སྲིད།“ཁྱོད་ཀྱིས་ཀྱང་མཐོང་བ་འདི་རེད།ངས་རྡོ་ལ་རི་མོ་རྐོ་བཞིན་ཡོད།རྡོ་ལེབ་འདི་བརྐོས་ཚར་ན་ཡུལ་ལ་ལོག་ཆོག” མི་དེ་རིགས་ཀྱིས་དུས་གཏན་དུ་བྱ་བ་དེ་ཆད་གཅོད་ཅིག་ཏུ་བསམ་ཡོད།ཁོའི་ངག་ལས་བརྡོལ་སྲིད་པ་ནི“ཐང་ཆད”ཅེས་པའི་ཐ་སྙད་གཅིག་ཡིན།

མི་གཞན་ཞིག་གིས་འདི་ལྟར་བཤད་སྲིད།“ཁྱོད་ཀྱིས་ཀྱང་མཐོང་བ་འདི་རེད།ངས་རྡོ་ལ་རི་མོ་རྐོ་བཞིན་ཡོད།འདི་ནི་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན་ཡང་གླ་ཕོགས་ཧ་ཅང་དམའ།ཅིས་ཀྱང་ང་ལ་ལྕམ་ཞིག་དང་བུ་ཕྲུག་བཞི་ཡོད་པས་ཁོ་ཚོའི་ལྟོ་རྒྱབ་གསོ་དགོས་པ་ཡིན།”མི་དེ་རིགས་ཀྱིས་དུས་གཏན་དུ་བྱ་བ་དེ་ཁུར་པོ་ཞིག་ཏུ་བསམ་ཡོད། ཁོའི་ངག་ལས་བརྡོལ་སྲིད་པ་ནི“ཁྱིམ་མིའི་ལྟོ་རྒྱབ་གསོ་དགོས”ཞེས་པ་དེ་ཡིན།

མི་གསུམ་པ་དེས་ཐོ་བ་ས་ལ་བཞག་ཅིང་ང་རྒྱལ་དང་ བཅས་རྡོ་བརྐོས་སྟོན་བཞིན“ཁྱོད་ཀྱིས་ཀྱང་མཐོང་བ་འདི་རེད།ངས་སྒྱུ་རྩལ་ཐོན་རྫས་ཤིག་བཟོ་བཞིན་ཡོད”ཟེར་ངེས། མི་དེ་རིགས་ཀྱིས་དུས་གཏན་དུ་བྱ་བ་དེ་གཟི་བརྗིད་དང་དགའ་སྣང་དུ་བསམ་པ་ཡིན།ཁོའི་ངག་ལས་བརྡོལ་སྲིད་པ་ནི“བྱ་བ་འདིར་དོན་སྙིང་ཞེ་དྲག་ལྡན”ཞེས་པ་དེ་ཡིན།

བདེ་བ་ཅན་དང་དམྱལ་བའི་ཁམས་ནི་རང་ཉིད་ཀྱིས་བཞེངས་སྐྲུན་བྱས་པ་ཡིན།གལ་སྲིད་ཁྱོད་ཀྱིས་བྱ་བར་དོན་སྙིང་སྤྲད་ན་བྱ་བ་དཀའ་སླ་གང་ཡིན་ཡང་སྤྲོ་སྐྱིད་ལྡན་པ་ཡིན།བྱས་འབྲས་མཐོ་དམའ་གང་ཡིན་ཡང་སྤྲོ་བ་འཕེལ་སྲིད།གལ་སྲིད་ཁྱོད་ཀྱིས་བསྒྲུབ་མ་འདོད་པའི་བྱ་བ་ཞིག་ཡིན་ཚེ་ཅི་འདྲའི་སླ་བའི་དོན་དག་ཅིག་ཡིན་ཡང་དཀའ་ཁག་དང་ཆོ་མེད་ཅན་དུ་འགྱུར་སྲིད།ཁྱོད་ཀྱིས་བྱ་བ་འདི་ལས་ན་ཐང་ཆད་ཅེས་ཉིན་རྒྱུན་བཤད་ན་ཤུགས་མ་བཏོན་ཀྱང་ཁྱོད་རང་ཨ་ཐང་ཆད་པར་འགྱུར།དོན་དག་ནི་འདི་ལྟར་རེད།

རྗོན་ལགས།  གལ་སྲིད་ཁྱོད་ཀྱིས་བྱ་བ་ནི་སྤྲོ་སྣང་རིགས་ཤིག་ཏུ་མཐོང་ན་མི་ཚེ་ནི་བདེ་བ་ཅན་རེད།གལ་སྲིད་ཁྱོད་ཀྱིས་བྱ་བ་ནི་ཁུར་པོ་རིགས་ཤིག་ཏུ་མཐོང་ན་མི་ཚེ་ནི་དམྱལ་བའི་ཁམས་རེད། ཁྱོད་ཀྱི་བྱ་བའི་རྣམ་འགྱུར་ལ་ཞིབ་ལྟ་ཞིག་བྱས་ན་ང་ཚོ་ཐམས་ཅད་ལ་སྤྲོ་དགའི་སྣང་བ་འབྱུང་ངོ་། །

ཁྱོད་རང་སྙིང་ནས་གཅེས་པའི་ཡབ་ཆེན་གྱིས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།