ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཀློག་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཝོར་རྗི་ནེ་ཡ་ཝོབ་ཧྥུས་བརྩམས།བྱང་གྲོལ་གྱིས་བསྒྱུར།   སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་དེབ་ལ་དབྱེ་ན་སྒྲུང་གཏམ་དང་རྣམ་ཐར། སྙན་ངག་སོགས་ཡོད་པས་དཔེ་ཀློག་གི་སྐབས་སུ་ཡང་ཁྱད་པར་དང་དབྱེ་བ་ལ་བལྟས་ནས་དཔེ་དེབ་སྣ་མང་ལས་ང་ཚོར་ཐོབ་འོས་པའི་ཤེས་བྱ་སྡུད་ལེན་བྱེད་དགོས། སྐད་ཆ་འདི་བཤད་སླ་ཡང་དཔེ་དེབ་ལས་ང་ཚོར་མཁོ་བའི་ཤེས་བྱ་སྡུད་ལེན་བྱེད་ཐུབ་མཁན་ཧ་ཅང་ཉུང་། ང་ཚོས་དཔེ་དེབ་གང་རུང་ཞིག་ལག་ཏུ་འཛིན་ཐེངས་རེ་རེར་དྲན་ཚུལ་རབ་རིབ་ཅིག་དང་རྙོག་འཛིང་ཞིག་ངང་གིས་སྐྱེས་ཏེ། ང་ཚོས་ནམ་རྒྱུན་སྒྲུང་གཏམ་ནི་དངོས་ཡོད་ཡིན་པ་དང་སྙན་ངག་ནི་རྫུན་གྱིས་བསླད་པ་ཞིག རྣམ་ཐར་ནི་འུད་བསྟོད་བྱེད་དགོས་པ། ལོ་རྒྱུས་ཀྱི་དཔེ་དེབ་ཀྱིས་རང་རང་གི་ཕྱོགས་ཞེན་དེ་ཤུགས་དྲག་ཏུ་གཏོང་ཐུབ་པར་རེ་བ་བཅངས་ཀྱིན་འདུག དཔེ་ཀློག་གི་སྐབས་སུ་ང་ཚོ་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་ན་དེ་ནི་མགོ་རྩོམ་ཚུལ་ཡག་པོ་ཞིག་ཡིན། ང་ཚོས་རྩོམ་པ་པོར་གང་འདོད་དུ་སྐྱོན་བརྗོད་མི་བྱེད་པར་གང་ནུས་ཀྱིས་རྩོམ་པ་པོའི་བསམ་བློ་དང་གཅིག་ཏུ་འདྲེས་པར་བྱས་ཏེ། རྩོམ་པ་པོ་དང་མཉམ་དུ་གསར་རྩོམ་དང་། རྩོམ་པ་པོ་དང་མཉམ་དུ་བློས་བསླངས་བྱེད་དགོས། གལ་ཏེ་ཁྱེད་རང་དེའི་ནང་དུ་མི་ཞུགས་པ་དང་བསམ་བློ་མི་གཏོང་བར་ཐོག་མ་ནས་སྐྱོན་འཚོལ་བ་ཡིན་ན་དཔེ་དེབ་དེ་ལས་རང་ཉིད་ལ་མཁོ་བའི་ཤེས་བྱ་ལེན་རྒྱུའི་སྐལ་བ་ནམ་ཡང་ཕྲ། དེ་ལས་ལྡོག་སྟེ་གལ་ཏེ་ཁྱེད་ཀྱིས་དཀྱེལ་ཡངས་དང་ཞི་དུལ་གྱི་ངང་ནས་དཔེ་ཀློག་བྱས་པ་ཡིན་ན། དཔེ་དེབ་ནང་གི་ཞིབ་ཅིང་ཕྲ་བའི་བརྗོད་བྱའི་སྙིང་པོ་དང་བསྟན་དོན་གྱིས་ཁྱོད་རང་ཆེས་ཐོག་མར་འཕྲད་པའི་ཚིག་གི་ཚོགས་ལས་དྲངས་ཏེ་ཐུན་མིན་གྱི་མི་སྣ་རླབས་པོ་ཆེ་ཞིག་གི་མདུན་དུ་ཁྲིད་ངེས། ཁྱེད་རང་གང་ཐུབ་ཀྱིས་དཔེ་དེབ་གང་དེའི་ནང་དུ་འཛུལ་ནས་བཀླགས་ན་ཁྱེད་ཀྱིས་རྩོམ་པ་པོས་ཁྱེད་ལ་བསྟན་པ་དང་སྟོན་དགོས་པའི་ཡང་དག་གི་ཤེས་བྱ་སྣ་མང་ཞིག་ཡོད་པའང་གཞི་ནས་རྟོགས་འོང་།

དེས་ན་ཐོག་མར་སྒྲུང་གཏམ་གྱི་དཔེ་དེབ་ཇི་ལྟར་ཀློག་དགོས་པ་གླེང་བར་བྱ། སྒྲུང་གཏམ་རིང་གྲས་ཤིག་ལ་ལེའུ་སོ་གཉིས་སུ་བཀར་བ་ནི་རྩོམ་པ་པོས་དཀའ་སྤྱད་དོན་གཉེར་གྱིས་སྒྲིག་བཀོད་ལེགས་ཤིང་ཞིབ་ཚགས་ཡིན་པའི་ཁང་བརྩེགས་མཐོན་པོ་ཞིག་བཞེང་སྐྲུན་བྱས་པ་དང་ཀུན་ནས་མཚུངས་ཀྱང་། དེའི་ནང་གི་ཐ་སྙད་སོ་སོ་ནི་ཁང་པ་གྲུབ་བྱེད་ཀྱི་ཀ་གདུང་ལས་རྩིས་དཔོག་པར་དཀའ་ལ། ཀློག་འདོན་བྱེད་པ་ནི་གཟིགས་ཞིབ་བྱེད་པ་ལས་ཀྱང་དུས་ཚོད་རིང་བ་དང་རྙོག་འཛིང་ལྡན་པ་ཞིག་ཡིན། རྩོམ་པ་པོས་རྩོམ་ཡིག་འབྲི་བའི་གོ་རིམ་ཁྲོད་ཀྱི་དཀའ་ཁག་གི་ཚོར་བ་དག་ཉམས་སུ་མྱོང་ཐབས་ཆེས་ལེགས་པ་ནི་ཀློག་པ་མ་ཡིན་པར་འབྲི་བ་ཡིན་ཏེ། རང་ཉིད་དངོས་སུ་རྩོམ་འབྲིའི་ལས་སུ་ཞུགས་ཏེ་རྩོམ་འབྲིའི་ལས་རིགས་ཀྱི་དཀའ་ངལ་དང་འགལ་རྐྱེན་ཐེངས་གཅིག་ཉམས་སུ་མྱོང་རོགས། དྲན་སླ་བའི་དོན་དག་ཅིག་ལ་ཕྱིར་དྲན་བྱ་སྟེ། དཔེར་ན་སྲང་ལམ་གྱི་དཀྱོགས་མཚམས་སུ་མི་གཉིས་ཀྱིས་ཁ་བརྡ་བྱེད་པ་ལྟ་བུ། ལམ་འགྲམ་གྱི་སྡོང་པོའི་གྲིབ་གཟུགས་དལ་བུར་འགུལ་ཞིང་གློག་འོད་ཡམ་ཡོམ་བྱེད་པ། གླེང་མོལ་གྱི་ཁ་བརྡ་ནི་དགའ་སྐྱོ་འདྲེས་མར་སྣང་། སྐད་ཅིག་མ་དེར་འཐུས་ཚང་བའི་རྟོག་ཡུལ་དང་ཕྱོགས་ཡོངས་ཀྱི་བསམ་བཀོད་ཅིག་འདུས་པ་རེད།

འོན་ཀྱང་ཁྱེད་ཀྱིས་འབྲི་རྩལ་ལ་བརྟེན་ནས་སྣང་ཚུལ་འདི་ཡང་བསྐྱར་མངོན་པར་བྱེད་ན་དེ་ནི་དྲན་ཚུལ་སྣ་མང་ཕན་ཚུན་བརྡབ་གསིག་བྱེད་པའི་འཆར་སྣང་ཞིག་ཡིན་པས། ལ་ཤས་ཤིག་ཅུང་ལྷོད་ཆགས་དང་ལ་ཤས་ཤིག་འབུར་དུ་ཐོན་དགོས་པས་ཁྱེད་ཀྱིས་རྩོམ་འབྲིའི་སྐབས་སུ་འདི་དག་ཡོད་ཚད་ཐག་གཅོད་ལེགས་པོ་ཞིག་བྱེད་མི་ནུས། སྐབས་དེར་ཁྱེད་ཀྱིས་རང་གིས་བྲིས་པའི་རྙོག་དྲ་ཆེ་ཞིང་བརྗོད་དོན་རབ་རིབ་ཏུ་གྱུར་པའི་དཔེ་དེབ་དེ་རེ་ཞིག་ལོགས་སུ་བསྐྱུར་ནས་བརྩམས་སྒྲུང་རྩོམ་པ་པོ་ཆེ་གེ་མོ་ཞིག་སྟེ། དཔེར་ན་ཏི་ཧྥུའུ་དང་ཇེན་ཨོ་སི་ཏིན། ཡང་ན་ཧ་ཏེའི་བརྩམས་ཆོས་གང་རུང་ཞིག་གི་མགོ་ནས་བཀླགས་ན་རེད། སྐབས་དེར་ཁྱེད་ཀྱིས་རྩོམ་པ་པོ་གྲགས་ཆེན་དེ་དག་གི་ཕུལ་དུ་བྱུང་བའི་འབྲི་རྩལ་ཁྱད་མཚར་བ་དག་ཉམས་སུ་མྱོང་ཐུབ་སྟེ་ང་ཚོས་མི་སྣ་མི་འདྲ་བ་གཅིག་ལ་བལྟས་པ་མ་ཡིན་པར་འཚོ་ཡུལ་མི་མཚུངས་པའི་འཇིག་རྟེན་ཞིག་ལ་ལྟ་བཞིན་ཡོད་པས་ཡིན། 《ལོའུ་པུན་ཞོན་གྱིས་རྒྱལ་ཁམས་འགྲིམས་པའི་རྣམ་ཐར》ཀློག་དུས་སུ། ང་ཚོ་མུ་མཐའ་བྲལ་བའི་ཐང་ཆེན་དུ་ཡོད་པ་དང་འདྲ་བར། དོན་དག་གཅིག་རྗེས་གཉིས་མཐུད་དང་གཏམ་རྒྱུད་དང་གཏམ་རྒྱུད་མཐུད་པའི་བྱུང་རིམ་གྱི་བཀོད་སྒྲིག་ཡོད་པས་ཤིན་ཏུ་ཡིད་ཚིམས་པར་ངེས། གལ་ཏེ་ཐང་སྟོང་དང་ཉེན་ཁ་བརྒྱུད་པ་ནི་ཏི་ཧྥུའུ་ལ་མཚོན་ན་ཡོད་ཚད་མཚོན་ཡང་། ཇེན་ཨོ་སི་ཏིན་ལ་མཚོན་ན་སྙིང་པོ་ཅི་ཡང་མེད་པར། མོའི་འཇིག་རྟེན་ནི་ཁང་ཁྱིམ་དང་ཁང་ཁྱིམ་ནང་གི་མི་དག་ཡིན། མི་དེ་དག་གི་ཁ་བརྡ་ནི་མེ་ལོང་ཞིག་དང་འདྲ་བར་ཁོ་ཚོའི་གཤིས་ཀའི་ཁྱད་ཆོས་མངོན་ཡོད། ང་ཚོས་ཨོ་སི་ཏིན་གྱི་ཁང་ཁྱིམ་དང་དེ་ལས་མངོན་པའི་བྱ་དངོས་ལ་བྱང་ཆ་ཐོན་རྗེས་ཧ་ཏེའི་བརྩམས་ཆོས་བཀླགས་ན་ང་ཚོ་ཡང་འཇིག་རྟེན་གཞན་ཞིག་ལ་བསྙེག་ཐུབ། མཐའ་འཁོར་ནི་མི་མེད་ཐང་སྟོང་དང་མགོ་ན་ཐོགས་རེག་བཀག་གསུམ་བྲལ་བའི་བར་སྣང་གི་ཁམས་མ་གཏོགས་མེད་པའི་སྐབས་དེ་ནི་གྲོགས་འདུས་དགོད་སྒྲས་ཁྱབ་པའི་སྐབས་ཀྱི་དགའ་སྐྱིད་ཀྱི་སྣང་ཚུལ་དེ་མ་ཡིན་པར། ཁེར་རྐྱང་གི་སྐབས་སུ་འབྱུང་སླ་བའི་སྐྱོ་སྡུག་འདྲེས་མ་དེ་ཡིན་ལ། ང་ཚོར་འབྲེལ་འདྲིས་བྱེད་པ་ནི་འགྲོ་བ་མི་མ་ཡིན་པར་རང་བྱུང་གི་ཁམས་དང་ལས་དབང་ཡིན། འཇིག་རྟེན་དེ་དག་འདྲ་མཚུངས་གཏན་ནས་མིན་ཡང་། དེ་དག་རང་བཞིན་གྱིས་ཕུང་པོ་གཅིག་ཏུ་གྲུབ་ཡོད་པས། འཇིག་རྟེན་རེ་རེའི་བྱེད་པོ་ཀུན་གྱིས་སེམས་ཆུང་ངང་རང་གིས་བྱ་དངོས་ལ་བརྟག་དཔྱད་བྱས་པའི་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ཡོད། ཁོང་ཚོའི་བརྩམས་ཆོས་བཀླགས་ན་དཀའ་ཁག་ཅི་འདྲ་ཆེ་ཡང་། ཆེས་ཐབས་རྡུགས་པའི་རྩོམ་པ་པོ་དག་དང་འདྲ་བར། མཐུན་ཆོས་མེད་པའི་དངོས་ཡོད་སྣང་ཚུལ་རིགས་གཉིས་བརྩམས་ཆོས་གཅིག་ཏུ་བྲིས་ཏེ། ཀློག་པ་པོ་རྣམས་ཅི་བྱ་གཏོལ་བྲལ་དུ་གཏོང་མི་སྲིད། དེ་བས་རླབས་ཆེ་བའི་སྒྲུང་གཏམ་རྩོམ་པ་པོ་ཞིག་གི་སྒྲུང་གཏམ་ལ་བལྟས་ཚར་རྗེས། ཡང་བསྐྱར་རྩོམ་པ་པོ་གཞན་ཞིག་གི་དེ་ལ་བལྟ་བ་སྟེ། དཔེར་ན་ཇེན་ཨོ་སི་ཏིན་ནས་ཧ་ཏེའི་བར་དང་ཕི་ཁི་ཁི་ནས་ཐུག་ལའོ་ལོ་ཕུའུ། སི་ཀི་ཐུག་ནས་མའེ་རའེ་ཏི་སི་བར་དུ་བཀླགས་ན། ཤེད་ཀྱིས་གཅུས་ནས། རྩ་བ་དང་རྩད་པ་བསློགས་ཏེ། ཕར་གཡུག་ཚུར་གཡུག་བྱས་པ་དང་འདྲ་ངེས། དོན་དུ་སྒྲུང་གཏམ་ཀློག་པ་ནི་དཀའ་ངལ་ཆེ་ཞིང་རྙོག་འཛིང་ལྡན་པའི་སྒྱུ་རྩལ་ཞིག་ཡིན་པས། གལ་ཏེ་སྒྲུང་གཏམ་རྩོམ་པ་པོ་ཞིག་ལ་རོལ་མྱོང་བྱ་བའམ། ཡང་ན་རླབས་ཆེ་བའི་སྒྱུ་རྩལ་པ་ཞིག་གིས་ཁྱེད་ལ་སྦྱིན་པ་མཐའ་དག་ཉམས་སུ་མྱོང་འདོད་ན། ཁྱེད་ལ་ཚོར་བའི་མྱོང་སྟོབས་ཤུགས་དྲག་ཅིག་འཛོམས་དགོས་པར་མ་ཟད། ད་དུང་ཀུན་རྟོག་གི་འཆར་སྒོ་ཡངས་པོ་ཞིག་ཀྱང་ཚང་དགོས་པ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།